བོད་ལྗོངས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཕུལ་བྱུང་གི་རྒྱུགས་ལན་གསར་པ་ཕུལ་བ།
སྤེལ་དུས 2023-11-28
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཟླ11པའི་ཚེས10ཉིན《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་ཤིང་། རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། བོད་ལྗོངས་ཀྱི་ཆབ་སྲིད་འཛུགས་སྐྱོང་ཐད་གོམ་སྟབས་གསར་པ་སྤོས་ནས། མི་རིགས་ཁག་གི་མི་དམངས་ལ་རང་ཁྱིམ་རང་བདག་གི་དབང་ཆ་འགན་ལེན་ནུས་ལྡན་བྱས་ཏེ་བྱ་གཞག་ཁག་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཁྲིམས་སྐྱོང་གནས་བབ་གཏན་འཁེལ་དང་། ཁྲིམས་སྐྱོང་བཀོད་སྒྲིག ཁྲིམས་སྐྱོང་ལག་ལེན་ནན་ཏན་བཅས་བྱས་ཏེ་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ཡོད། བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་དང་དོན་སྙིང་གལ་ཆེན་ལ་ངོས་འཛིན་དང་ཁོང་དུ་ཆུད་པར་བྱས་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བསྐྱོད་དེ་དུས་རབས་གསར་པའི་བོད་ལྗོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ཐད་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་སྐུལ་འདེད་བཏང་ཡོད།
ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་བྱ་རྒྱུ་ནི་སྐྱོང་མཁས་ཀྱི་རྨང་གཞི་ཡིན། བཅའ་ཁྲིམས་བཟང་པོ་ནི་སྐྱོང་མཁས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཁྲིམས་སྐྱོང་ལག་བསྟར་ནན་ཏན་བྱས་ནས་ཁྲིམས་འཛུགས་ཀྱི་ཁྲིད་སྟོན་དང་སྐུལ་འདེད་ཀྱི་ནུས་པ་གང་ལེགས་འདོན་དགོས། རྒྱབ་ཤ་དཀར་པོའི་དེབ་ནང་མངོན་པར་གཞིགས་ན། བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་བོད་སྐྱོང་བཅས་གཅིག་གྱུར་ནུས་ལྡན་མཐའ་འཁྱོངས་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་བོད་ལྗོངས་སུ་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་པ་སོགས་ཏན་ཏིག་ནུས་ལྡན་དང་དམིགས་སའི་རང་བཞིན་གྱི་ཁྲིམས་འཛུགས་བྱ་ཐབས་རབ་དང་རིམ་པ་ལས། གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་དུས་ཐོག་རང་བཞིན་ཆེ་རུ་ཕྱིན་ཏེ་ཁྲིམས་བཟང་གིས་འཕེལ་རྒྱས་ལ་སྐུལ་འདེད་དང་སྐྱོང་མཁས་འགན་ལེན་ཐུབ་ཡོད།
ཁྲིམས་ལྟར་བོད་སྐྱོང་ནི་འགན་ལེན་ནུས་ལྡན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་དུ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་ལག་ལེན་བསྟར་ནས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། སྲིད་གཞུང་གི་སྒྲིག་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་རབ་དང་རིམ་པ་གཏན་འབེབས་ལག་བསྟར་དང་། ཚན་རིག་དང་མཐུན་ལ་ཆ་ཚང་བའི་ཁྲིམས་སྲོལ་མ་ལག་བཙུགས་པ། ཁྲིམས་སྐྱོང་སྲིད་གཞུང་དང་ཁྲིམས་སྐྱོང་སྤྱི་ཚོགས་གཞི་གཅིག་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ལྗོངས་ཀྱི་ལས་དོན་ཁག་བཅོས་སྐྱོང་བྱ་རྒྱུ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་ཡོད། བོད་ལྗོངས་ཀྱི་ཆུས་བཙུགས་པའི་གྲོང་ཁྱེར་ཚང་མར་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་ཡོད་པ་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བའི་བར་ཁྲིམས་སྲོལ་བཟོས་པ་དང་། སྲིད་དོན་ཆ་འཕྲིན་ཁྲིམས་ལྟར་ཡོངས་བསྒྲགས་བྱས་ནས་མང་ཚོགས་ལ་བྱ་བ་སྒྲུབ་པར་སྟབས་བདེ་བསྐྲུན་པ་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་རིམ་བཞིན་སྡེ་ཁུལ་གྱི་གཞི་རིམ་དུ་སྣུར་སྲིང་བྱས་པ། ཆུས་འབྱེད་རིགས་དབྱེའི་ངང་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་བསྐྲུན་པ་ནས་གྲོང་མིའི་བཅའ་ཁྲིམས་བློ་འདྲི་བ་ཡོངས་ཁྱབ་ཐུབ་པར་བྱས་ཡོད། བོད་ལྗོངས་ཀྱིས་རང་ངོས་འཕེལ་རྒྱས་ཀྱི་ངེས་གནས་ལ་གཞི་ཚུགས་ནས་ཁྲིམས་ལྟར་བོད་སྐྱོང་བྱ་རྒྱུ་དེ་ཁྲིམས་སྐྱོང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་དང་ཁྲིམས་སྐྱོང་ལག་ལེན་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྣང་ཆེན་བྱེད་པ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་ལས་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་རེད།
བདེ་སྐྱིད་ལམ་བུར་སྐལ་བཟང་མེ་ཏོག་བརྒྱན། གངས་ལྗོངས་བུ་ཕྲུག་མདུན་སྐྱོད་དུས་ལ་བབ། 《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ལས་ང་ཚོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཆེ་ཤོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་སུ་སླེབས་ཡོད་པ་བསྟན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འབྱུང་འགྱུར་གྱི་བོད་ལྗོངས་འདི་ཉིད་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ངེས་ཡིན་ལ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཕུལ་བྱུང་གི་རྒྱུགས་ལན་གསར་པ་ཞིག་འབུལ་ངེས་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་ཡོད།
རྩོམ་སྒྲིག་པ། ལྷ་འབྲུག