ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རྡུང་རེས་རྒྱག་མཁན་གསུམ་བཀག་ཉར་བྱས་འདུག

སྤེལ་དུས 2023-12-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གྲ་བཞི་མངགས་གཏོང་ཁང་གིས་བསམ་བཞིན་དུ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི3སྲིད་འཛིན་བཀག་ཉར་བྱས་པ་དེས།  རྡུང་རེས་རྒྱག་པ་དང་མི་ལུས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་འཇིགས་སྐུལ་ཐེབས་ཏེ། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལ་འགན་ལེན་བྱས་ཡོད། 

            ཉེ་ཆར། གྲ་བཞི་མངགས་གཏོང་ཁང་གི་གྱོད་གཞི་ཞིབ་གཅོད་རུ་ཁག་ལ། ཁོངས་གཏོགས་ཁུལ་གྱི་ཇ་ཁང་ཞིག་ཏུ་མི་ཁ་ཤས་ཀྱིས་རྡུང་རེས་རྒྱག་བཞིན་ཡོད་པའི་སྙན་ཞུ་འབྱོར། ཞིབ་བཤེར་བྱས་པ་བརྒྱུད། ཐུང་ཆེ་གེ་མོ་དང་ཚེ་ཆེ་གེ་མོའི་དབར་དོན་དག་ཙག་ཙིག་གི་རྐྱེན་གྱིས་ཁ་རྩོད་བྱུང་ཞིང་། ཕན་ཚུན་ལག་འགུལ་བའི་གནས་ཚུལ་ཡང་བྱུང་བ་རེད། དེ་ནས་ཚེ་ཆེ་གེ་མོས་གནས་ཚུལ་དེ་རང་དང་ཕ་ཡུལ་གཅིག་པའི་སྐལ་ཆེ་གེ་མོ་དང་རྣམ་ཆེ་གེ་མོར་བཤད་རྗེས། ཁོ་ཚོ་མཉམ་དུ་ཇ་ཁང་དུ་ཐུང་ཆེ་གེ་མོ་དང་རྩོད་གླེང་བྱེད་པར་ཕྱིན། དེའི་རིང་སྐལ་ཆེ་གེ་མོ་དང་རྣམ་ཆེ་གེ་མོ་གཉིས་ཀྱིས་རུབ་བརྒྱབ་སྟེ་ཐུང་ཆེ་གེ་མོར་གྲི་བརྒྱབ་ནས་རྨས་སྐྱོན་བཟོས་རྗེས་བྲོས་བྱོལ་བྱས་པ་རེད། མི་དམངས་ཉེན་རྟོག་པས་འཕྲལ་མར་ཡུལ་དངོས་སུ་བརྟག་དཔྱད་བྱེད་པར་བསྐྱོད་དེ། ཐུང་ཆེ་གེ་མོ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་། ཟ་ཁང་དང་དེའི་ཉེ་འཁོར་གྱི་གློག་མིག་ལ་བལྟས་པ་བརྒྱུད། ཁྲིམས་འགལ་གྱི་དོགས་ཡོད་ཉེས་ཅན་གཏན་འཁེལ་བྱས་པ་དང་། མི་གསུམ་པོ་བདེ་བླག་ངང་འཛིན་བཟུང་བྱས་པ་རེད།
            འདྲི་རྩད་བྱས་པ་བརྒྱུད། ཚེ་ཆེ་གེ་མོ་དང་། སྐལ་ཆེ་གེ་མོ། རྣམ་ཆེ་གེ་མོས་མི་གཞན་ལ་གནོད་འཚེ་བཏང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ངོས་ལེན་ཞུས་པ་རེད། མིག་སྔར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཚེ་ཆེ་གེ་མོ་དང་། སྐལ་ཆེ་གེ་མོ། རྣམ་ཆེ་གེ་མོར་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་ཡོད་པ་དང་། གྱོད་དོན་སྔར་བཞིན་བརྟག་དཔྱད་བྱེད་བཞིན་ཡོད།
            ཁྲིམས་ལུགས་ཁྱབ་གདལ།    
            1.《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གསུམ་པ་ལྟར་ན། མི་གཞན་ལ་ཉེས་རྡུང་བཏང་བའམ་ཡང་ན་བསམ་བཞིན་དུ་གནོད་འཚེ་བཏང་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་ཆད་ཀྱི་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཅུང་ཆུང་བའི་རིགས་ལ་ཉིན་ལྔ་མན་ཆད་ཀྱི་བཀག་ཉརའམ་ཡང་ན་སྒོར་ལྔ་བརྒྱ་མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་ཡིན།
            གཤམ་གསལ་གྱི་གནས་ཚུལ་ཡོད་ན། ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན་པ་སྟེ།    
            (གཅིག)དཔུང་སྒྲིག་ནས་རྡུང་རེས་རྒྱག་པའམ་གཞན་ལ་ཉེས་རྡུང་གཏོང་བ་དང་།
            (གཉིས།)དབང་པོ་སྐྱོན་ཅན་དང་། སྦྲུམ་མ། ལོ་ན་བཅུ་བཞིར་མ་སོན་པའི་མིའམ་ཡང་ན་ལོ་ན་དྲུག་ཅུ་ཡན་གྱི་མི་ལ་ཉེས་རྡུང་གཏོང་བ།
            (གསུམ།)མི་གཞན་ལ་ཉེས་རྡུང་དང་གནོད་འཚེ་ཐེངས་མང་བཏང་བའམ་ཡང་ན་རྡུང་ཐེངས་གཅིག་ལ་མི་མང་པོར་གནོད་འཚེ་བཏང་བའི་རིགས་བཅས་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུ་ཡིན།    
            2.《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་སུམ་བཅུ་སོ་བཞི་པ་ལྟར་ན། བསམ་བཞིན་དུ་མི་གཞན་ལ་གནོད་འཚེ་བཏང་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ། གོང་གསལ་གྱི་བྱས་ཉེས་བསགས་ནས་མི་ལ་རྨས་སྐྱོན་ཚབས་ཆེན་བཏང་རིགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་ཡན་ནས་ལོ་བཅུ་མན་གྱི་ཉེས་ཆད་གཅོད་རྒྱུ་དང་། མི་ཤི་བའམ་ཡང་ན་གདུག་རྩུབ་ཧ་ཅང་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་རྨས་སྐྱོན་ཚབས་ཆེན་བཏང་སྟེ་དབང་པོ་སྐྱོན་ཅན་ཚབས་ཆེན་བཟོས་རིགས་ལ་དུས་བཀག་བཙོན་འཇུག་ལོ་བཅུ་ཡན་ནམ་ཡང་ན་ཚེ་བཙོན་ནམ་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་རྒྱུ་ཡིན།


རྩོམ་སྒྲིག་པ། རིག་གྲོལ།