ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

2023བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་བྲག་འཛེག་སྦྱོང་བརྡར་སྒར་ས་དུས་ཐེངས་བཞི་པ་འགོ་ཚུགས་པ།

སྤེལ་དུས 2023-12-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས26ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གིས་གཉེར་འགན་འཁུར་བའི2023ལོའི་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་གི་བྲག་འཛེག་སྦྱོང་བརྡར་སྒར་ས་དུས་ཐེངས་བཞི་པ་དེ་བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་བྲག་འཛེག་སྦྱོང་བརྡར་ཁང་དུ་གཉེར་བ། ནག་ཆུ་དང་ལྷ་ས།  གཞིས་རྩེ།  ལྷོ་ཁ་སོགས་ཀྱི་ལས་ཞོར་ལུས་རྩལ་སློབ་གྲྭའི་སློབ་མ26དང་དེ་བཞིན་སྤྱི་ཚོགས་ཐོག་བྲག་འཛེགས་ལ་དགའ་པོ་བྱེད་མཁན11སྦྱོང་བརྡར་ནང་ཞུགས་ནས་བྲག་འཛེགས་སྦྱོང་བརྡར་དུས་ཡུན་ཟླ་གཅིག་ཡིན།
        བྲག་འཛེག་ལུས་རྩལ་ནི་རི་འཛེག་ལུས་རྩལ་ལས་བྱུང་བའི་རྩལ་འགྲན་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་།“བྲག་ངོས་ཀྱི་པ་ལིའི་ཞབས་བྲོ”དང་།“གཡང་གཟར་ཐོག་གི་སྒྱུ་རྩལ་ལུས་སྦྱོང”སོགས་ཀྱི་མཚན་སྙན་ལྡན་ཡོད།  སྤྲོ་སྣང་རང་བཞིན་དང་འགྲན་སློང་རང་བཞིན་ལྡན་པ་མ་ཟད།  གསར་དར་གྱི་ལུས་རྩལ་རྣམ་གྲངས་ཤིག་ཀྱང་ཡིན་པས་མི་རྣམས་ཀྱི་དགའ་བསུ་ཐོབ་ནས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དང་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་སུ་གྱུར་ཡོད། བོད་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་རྣམ་གྲངས་ཕུན་སུམ་ཚོགས་སུ་གཏོང་བ་དང་རྩལ་འགྲན་ལུས་རྩལ་གྱི་བཀྲག་མདངས་འཚེར་ས་གསར་པ་གཏོད་ཆེད། 2006ལོར་བོད་ལྗོངས་ཀྱི་བྲག་འཛེག་རུ་ཁག་བཙུགས་པ་དང་འདས་ཟིན་པའི་ལོ17ནང་བོད་ལྗོངས་ཀྱི་བྲག་འཛེག་རུ་ཁག་ལ་རྒྱལ་སྤྱི་རྒྱལ་ནང་གི་འགྲན་བསྡུར་ཆེ་མོའི་ནང་གྲུབ་འབྲས་བཟང་པོ་ཐོབ་ནས་རིན་ཆེན་ལྷ་མོ་དང་པད་མ་སྒྲོལ་མ། སྤེན་པ་བཀྲ་ཤིས་སོགས་ཕུལ་བྱུང་ལུས་རྩལ་པ་གསོ་སྐྱོང་བྱས་ཡོད།
        “ད་ཆ་གྲོགས་པོ་ཆུང་ཆུང་ཚོ་བྲག་འཛེག་ལ་དགའ་པོ་བྱེད་ཀྱི་འདུག ལོ་ལྟར་བྲག་འཛེག་ཉམས་ལེན་ནང་གྲོགས་པོ་ཆུང་ཆུང་མང་པོ་ཞུགས་ཀྱི་ཡོད། ད་རེས་ཀྱི་བྲག་འཛེག་སྦྱོང་བརྡར་སྒར་སས་གྲོགས་པོ་ཆུང་ཆུང་ཚོར་ཧུར་བརྩོན་ཆེན་པོས་སློབ་སྦྱོང་བྱེད་པའི་རྣམ་འགྱུར་དང་འཚོ་བའི་རྣམ་འགྱུར་བསྟན་ནས་བྲག་འཛེག་ལུས་རྩལ་ཐད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱས་ཏེ་དུས་མཇུག་གི་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་གི་བྲག་འཛེག་སྦྱོང་བརྡར་སྒར་སར་མུ་མཐུད་ཟབ་སྦྱོང་བྱ་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་བཤད། ད་ཐེངས་ཀྱི་སྦྱོང་བརྡར་སྒར་སའི་རྩལ་ཁྲིད་པ་འཕྲིན་ལས་བསྟན་འཛིན་གྱིས་བཤད།
        ཤེས་རྟོགས་བྱུང་བར་གཞིགས་ན།  2023ལོའི་བོད་རང་སྐྱོང་ལྗོངས་བྲག་འཛེག་སྦྱོང་བརྡར་སྒར་ས་གཉེར་བ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་བྲག་འཛེག་ལུས་རྩལ་ནང་ཞུགས་སྐབས་ཀྱི་ལུས་རྩལ་གྱི་མི་མངོན་པའི་ནུས་པ་སྔོག་འདོན་དང་འབྱུང་འགྱུར་བྲག་འཛེག་ཕུལ་བྱུང་ལུས་རྩལ་པར་འགྱུར་བའི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་པའི་ཤེས་ལྡན་པ་ཞིག་ཡིན་ལ་བྲག་འཛེག་ལུས་རྩལ་ཁྱབ་གདལ་མགྱོགས་པོ་གཏོང་བ་དང་བྲག་འཛེག་རྗེས་གྲབས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་མ་ལག་ལ་ཤུགས་སྣོན་བརྒྱབ་ནས་བོད་རང་སྐྱོང་ལྗོངས་ཀྱི་བྲག་འཛེག་གཞོན་ནུ་ལོ་ཆུང་གི་བྲག་འཛེག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཀྱང་རེད། 
        “ང་ནི་ལོ་གཅིག་གོང་བྲག་འཛེག་སློབ་སྦྱོང་བྱས་པ་ཡིན། ང་བྲག་འཛེག་ལ་ཧ་ཅང་དགའ་པོ་ཡོད། དེར་བརྟེན་འདི་ལོ་གུང་གསེང་བཞག་མ་ཐག་སྦྱོང་བརྡར་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་ཡིན། ངས་སྦྱོང་བརྡར་ལ་འབད་བརྩོན་བྱས་ནས་བྲག་འཛེག་ཤེས་བྱ་སློབ་སྦྱོང་ནན་ཏན་བྱས་ནས་ང་ཚོར་སྤྲོ་སྣང་ལྡན་པའི་བྲག་འཛེག་སྦྱོང་བརྡར་སྒར་ས་ཞིག་བསྐྲུན་རྒྱུའི་རེ་བ་ཡོད”ཅེས་ཅེས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ནས་ཡིན་པའི་བློ་བཟང་འཇིགས་མེད་ཀྱིས་དགའ་སྤྲོའི་ངང་བཤད།