ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་གཞི་རིམ་གྱི་ཞིང་འབྲོག་པའི་འཁྲབ་སྟོན་ཆེན་མོ་ཞིག

སྤེལ་དུས 2023-12-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས20ཉིན་ནས21བར་དུ། “ང་ཚོའི་འཚོ་བར་དྲོ་སྐྱིད་ཀྱིས་ཁེངས”ཞེས་པའི་བོད་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་ཕུལ་བྱུང་ལེ་ཚན་འཁྲབ་སྟོན་ནི་བོད་ལྗོངས་ཟློས་གར་ཁང་ཆེན་ནས་ལེགས་གྲུབ་བྱུང་ཞིང་། ཐེངས་འདིའི་འཁྲབ་སྟོན་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་ཤིང་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་རྩལ་ཁང(ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས)དང་དེ་བཞིན་གྲོང་ཁྱེར(ས་ཁུལ)ཁག་གི་རིག་གནས(རིག་གནས་རླུང་འཕྲིན་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་དང་རིག་གནས་དང་ཡུལ་སྐོར་ཅུས)ཅུས་ཀྱིས་གཉེར་འགན་འཁུར་རོགས་བྱས་ཡོད་ལ། དེ་ནི་བོད་ལྗོངས་རིག་གནས་ཀྱི་མཚོན་བྱེད་གསར་པ་སྟེ། བོད་ལྗོངས་ཟློས་གར་ཁང་དངོས་སུ་འགོ་ཚུགས་རྗེས་ཀྱི་འཁྲབ་སྟོན་བྱེད་ཐེངས་གཉིས་པ་རེད།  
“ང་ཚོའི་འཚོ་བར་དྲོ་སྐྱིད་ཀྱིས་ཁེངས”ཞེས་པའི་བོད་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་ཕུལ་བྱུང་ལེ་ཚན་འཁྲབ་སྟོན་བྱེད་པའི་ཡུལ་དངོས།
       འཁྲབ་སྟོན་གྱི་བརྒྱུད་རིམ་ཧྲིལ་བོ་གླུ་གར་གྱི་མཚོ་མོ་བསྐྱིལ་ཡོད་དེ། འཁྲབ་སྟོན་རུ་ཁག་ཚང་མ་འཁྲབ་ཁྲིད་ཚོ་ཆུང་གིས་ཟླ་བ་གཅིག་ལྷག་གི་རིང་ལ་བོད་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ5000ལྷག་ཙམ་གྱི་ཁྲོད་ནས་བདམས་ཐོན་བྱུང་ཞིང་། འཁྲབ་སྟོན་བྱེད་མཁན་ཚང་མ་བོད་ལྗོངས་ཞིང་འབྲོག་མང་ཚོགས་དཀྱུས་མ་ཏག་ཏག་ཡིན། འཁྲབ་སྟོན་གྱི་ནང་དོན་སྣ་མང་ཕུན་སུམ་ཚོགས་པ་སྟེ། དེའི་ཁྲོད་དུ་རིག་གནས་ཀྱི་རྔམ་མཐུག་པའི་སྲོལ་རྒྱུན་ཞབས་བྲོ་ཡོད་ལ། དེང་རབས་སུ་དར་སྲོལ་ཆེ་བའི་གླུ་གཞས་ཀྱང་ཡོད་པས། ཀུན་ལ་རིག་གནས་ཀྱིས་ཞབས་འདེགས་ཞུ་བ་དང་། གྲོང་མི་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་ཚོ་ཁག་གི་རིག་གནས་བྱེད་སྒོ་དབྱར་མཚོ་ལྟར་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།  
“ང་ཚོའི་འཚོ་བར་དྲོ་སྐྱིད་ལྡན”ཞེས་པའི་བོད་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་ཕུལ་བྱུང་ལེ་ཚན་འཁྲབ་སྟོན་བྱེད་པའི་ཡུལ་དངོས།  
ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྟོང་རྭ་ཞང་ལྕེ་ཆུང་གྲོང་ཚོའི་རིག་རྩལ་རུ་ཁག་གིས་འཁྲབ་སྟོན་བྱེད་པའི་ཞབས་བྲོ《གནས་མཆོག་ནང་མ》ཞེས་པ།  
       “ད་ཐེངས་ཀྱི་འཁྲབ་སྟོན་ནང་ཁྱོན་ས་ཁུལ7(གྲོང་ཁྱེར)གྱི་སྲིད་འཛིན་གྲོང་ཚོ14ཡི་འཁྲབ་སྟོན་རུ་ཁག་ཡོད་ཅིང་། འཁྲབ་སྟོན་པ་ཚང་མ་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་དཀྱུས་མ་ཡིན། ལེ་ཚན་གྱི་ཁྱད་ཆོས་གཙོ་བོ་ནི་མངོན་མིན་རིག་གནས་ཤུལ་བཞག་ཏུ་ཚུད་པའི་ཞབས་བྲོ་དང་། གླུ་གཞས། རྒྱན་གོས་སོགས་རིག་གནས་ཁག་འཁྲབ་སྟོན་གྱི་ནང་དུ་མཉམ་བསྲེས་བྱས་ཡོད་ལ། དེའི་ནང་དུ་སྲོལ་རྒྱུན་གྱི་གླུ་གར་ཡོད་ལ་གསར་རྩོམ་གྱི་གླུ་གཞས་ཀྱང་ཡོད། དཔེར་ན། ནག་ཆུའི་སྒོར་གཞས་དང་སྟེང་ཆེན་གྱི་རལ་པ་སོགས་སྲོལ་རྒྱུན་གྱི་རྣམ་པའི་ཐོག་ནས་འཁྲབ་སྟོན་བྱས་ཡོད་པས། ལྟད་མོ་བ་ཚོར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། བརྗོད་དོན་མངོན་གསལ་དོད་པའི་འཁྲབ་སྟོན་བརྒྱུད། བོད་ལྗོངས་གསར་པའི་ཞི་མཐུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་མངོན་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་མེས་རྒྱལ་ལ་བསྟོད་གླུ་འབུལ་བ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་བར་སྐུལ་སློང་བྱས་ཡོད། སླད་ཕྱིན་ང་ཚོས་ས་ཚིགས་ཁག་དང་དུས་ཆེན་ཁག་ཏུ་མུ་མཐུད་དུ་འཁྲབ་སྟོན་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་དང་འཚོ་བ་རྒྱུན་ཆད་མེད་པར་སྣ་མང་ཕུན་སུམ་ཚོགས་སུ་གཏོང་བ་དང་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་རྒྱུ་ཡིན”ཞེས་ད་ཐེངས་བོད་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་ཕུལ་བྱུང་ལེ་ཚན་འཁྲབ་སྟོན་གྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་ཕུར་བུ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས།  
ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སྦྲ་ཆེན་ཤང་མཆོད་རྟེན་ཁ་གྲོང་ཚོའི་རིག་རྩལ་རུ་ཁག་གིས་འཁྲབ་སྟོན་བྱས་པའི་ཞབས་བྲོ《རྟ་ཐང་གི་ཉམས་འགྱུར》ཞེས་པ།  
       སྙན་འཇེབས་ཡིད་དུ་འོང་བའི་རྔ་སྒྲ་དང་སྤྲོ་སེམས་རབ་ཏུ་འཁོལ་བའི《གནའ་བོའི་མཛོ་པ་རལ་པ》ཞེས་པའི་ཞབས་བྲོ་དེ་ཐེངས་འདིའི་འཁྲབ་སྟོན་གྱི་མཐོ་རླབས་ཐེངས་ཤིག་ཡིན། ཞབས་བྲོ་དེ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་འུག་པ་གྲོང་ཚོའི་རིག་རྩལ་རུ་ཁག་གིས་འཁྲབ་སྟོན་བྱས་པ་དང་། བགྲེས་སོང་དེ་མཛོ་པ་རལ་པའི་རྒྱུན་འཛིན་པ་རབས་བདུན་པ་ཡིན་ཞིང་། ཁོང་ནི་གྲོང་ཚོའི་རིག་རྩལ་རུ་ཁག་གི་རུ་དཔོན་ཡིན་ལ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིའང་ཡིན།  “དེ་རིང་གི་འཁྲབ་སྟོན་ཧ་ཅང་ཡག་པོ་བྱུང་སོང་། ང་ཚོའི་འཁྲབ་སྟོན་པ34ཚང་མ་གྲོང་ཚོ་རང་གི་གྲོང་མི་ཡིན། ཞིང་བྲེལ་ཆེ་དུས་ཁོང་ཚོས་ཞིང་ལས་གཉེར་ཞིང་།  ཡང་ཁོམ་པ་བྱུང་དུས་ང་དང་མཉམ་དུ་རལ་པ་འཁྲབ་སྟངས་སྦྱོང་བཞིན་ཡོད། ད་བར་དུ་ངས་དགེ་ཕྲུག200ལྷག་ཙམ་གསོ་སྐྱོང་བྱས་ཡོད། ང་ལ་ནམ་ཡིན་ཡང་ཕུགས་འདུན་གཅིག་ཡོད་པ་ནི་དགེ་ཕྲུག100ཁྲིད་དེ་གར་སྟེགས་ཆེན་པོ་ཞིག་གི་ཐོག་ནས་ལྟད་མོར་བ་ཚོ་ལ་ངོ་མཚར་ཆེ་བའི་འཁྲབ་སྟོན་ཞིག་བྱེད་ཐུབ་རྒྱུ་དེ་ཡིན་ཞེས་བགྲེས་སོང་ཨ་ཉིས་བཤད། 2021ལོའི་ཟླ8པའི་ཚེས31ཉིན། བགྲེས་སོང་ཨ་ཉིས་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་སྐབས་དྲུག་པའི་གར་སྟེགས་སུ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མདུན་ནས་ངོ་མཚར་ཆེ་བའི་རལ་པའི་ཞབས་བྲོ་གཅིག་འཁྲབ་སྟོན་བྱས་མྱོང་། 
མཛོ་པ་རལ་པའི་མི་རབས་བདུན་པའི་རྒྱུན་འཛིན་པ་ཨ་ཉིས་རལ་པ་འཁྲབ་བཞིན་པ། 
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་འུག་པ་གྲོང་ཚོའི་རིག་རྩལ་རུ་ཁག་གིས《གནའ་བོའི་མཛོ་པ་རལ་པ》འཁྲབ་བཞིན་པ།  
       “ང་ཚོ་སྟེང་ཆེན་རྫོང་ལ‘ཀྲུང་གོའི་རལ་པའི་སྒྱུ་རྩལ་གྱི་འབྱུང་ཁུངས’ཞེས་པའི་མཚན་སྙན་གནའ་ནས་འདོགས་སྲོལ་ཡོད་ལ། མི་སེར་ཚོས་རལ་པར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེ་རིང་ང་ཚོའི་འདི་ན་ཡོད་པའི་མི་ཚང་མ་ཆེད་ལས་ཀྱི་འཁྲབ་སྟོན་པ་མིན་ལ། རལ་པས་ཁོང་ཚོར་ཡོང་འབབ་ཀྱང་རག་གི་མེད། འོན་ཀྱང་དགའ་མོས་ཆེན་པོ་ཡོད་པས་དུས་རྟག་ཏུ་རང་འགུལ་ངང་སློབ་སྦྱོང་དང་རྒྱུན་འཛིན་བྱེད་ཀྱི་ཡོད། 2006ལོར་རལ་པའི་བྲོ་གར་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ཁག་དང་པོའི་ནང་བཅུག་ཡོད་ལ། ང་ཚོའི་མཛོ་པ་རལ་པའང་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་རེ་ཞུ་བྱེད་བཞིན་ཡོད་པས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཟམ་མི་འཆད་པར་རྒྱུན་འཛིན་ཐུབ་པའི་རེ་བ་ཡོད་ལ། བབ་ཆགས་པའི་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོས་འཚོ་བར་བཅངས་པའི་དགའ་ཞེན་དང་། འཚོ་བར་བཅངས་པའི་དྲིན་ཚོར། འབྱུང་འགྱུར་འཚོ་བར་བཅངས་པའི་རེ་སྒུག་བཅས་ཀྱིས་མི་དེ་བས་མང་བར་ཤུགས་རྐྱེན་ཐེབས་ཏེ་གར་སྟེགས་ཆེན་པོའི་ཐོག་ཏུ་སྐྱོད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་སྟེང་ཆེན་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཚེ་དབང་བསོད་ནམས་ཀྱིས་བཤད།