ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གོང་དཀར་གནམ་ཐང་གི་རྒྱལ་སྤྱིའི་བབས་ཚུགས་དངོས་སུ་སྤྱོད་འགོ་ཚུགས་པ།

སྤེལ་དུས 2024-01-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2023ལོའི་ཟླ12པའི་ཚེས28ཉིན་གྱི་ཆུ་ཚོད12དང་སྐར་མ05ལ། ནེ་པ་ལའི་ཀ་ཏ་མན་རྡུ་ནས་འཕུར་ཡོང་བའི་ཧི་མ་ལ་ཡ་མཁའ་འགྲུལH9774རྟགས་ཅན་གྱི་གནམ་གྲུ་ལྷ་ས་གོང་དཀར་གནམ་ཐང་རྒྱལ་སྤྱིའི་མཁའ་འགྲུལ་བབས་ཚུགས་སུ་བབས་པ་དེས་ལྷ་ས་གོང་དཀར་གནམ་ཐང་རྒྱལ་སྤྱིའི་མཁའ་འགྲུལ་བབས་ཚུགས་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་པ་དང་། ལྷ་ས་ནས་ཀ་ཏ་མན་རྡུ་བར་ཕར་འགྲོ་ཚུར་འོང་བྱེད་པའི་རྒྱལ་སྤྱིའི་འགྲུལ་སྐྱེལ་གནམ་གྲུ་དངོས་སུ་སླར་གསོ་བྱུང་ནས་ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སི་དེ་ལྷ་སའི་དུས་གཏན་གནམ་གྲུ་འཕུར་སྐྱོད་བྱེད་པའི་ཕྱི་རྒྱལ་གྱི་མཁའ་འགྲུལ་ཀུང་སི་དང་པོར་གྱུར་པ་རེད།

ནེ་པ་ལའི་ཀ་ཏ་མན་རྡུ་ནས་འཕུར་ཡོང་བའི་ཧི་མ་ལ་ཡ་མཁའ་འགྲུལ་H9774རྟགས་ཅན་གྱི་དུས་གཏན་གནམ་གྲུ་ཡིན་པ།
             ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནི་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་འགག་རྩའི་གནམ་ཐང་གི་གྲས་ཤིག་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་དང“ཟམ་སྣེའི་མཁར་རྫོང”གི་ནུས་པ་འདོན་པའི་སྒོ་མོ་གལ་ཆེན་ཞིག་ཡིན་ལ་བོད་རང་སྐྱོང་ལྗོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་རྒྱབ་རྟེན་གལ་ཆེན་ཞིག་ཀྱང་རེད། 1988ལོ་ནས་བཟུང་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་ལྷ་ས་ནས་ཀ་ཏ་མན་རྡུ་བར་ཕར་འགྲོ་ཚུར་འོང་གི་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་ཤར་གཏོང་བྱས་ནས་རང་རྒྱལ་དང་ནེ་པ་ལའི་དབར་གྱི་མཉམ་ལས་སྤེལ་རེས་གཏིང་ཟབ་ཏུ་གཏོང་རྒྱུར་ནུས་པ་གལ་ཆེན་བཏོན་ཡོད། ལྷག་དོན་དུ2015ལོར་ནེ་པ་ལར་ས་ཡོམ་ཆེན་པོ་རྒྱག་སྐབས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དེ་རང་རྒྱལ་གྱིས་ནེ་པ་ལར་རོགས་སྐྱོབ་དངོས་ཟོག་དབོར་བའི་གནམ་ཐང་གལ་ཆེན་དང་མདུན་ཕྱོགས་ཀྱི་གནམ་ཐང་ཞིག་ཡིན་པའི་ངོས་ནས་ནེ་པ་ལའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཚེ་སྲོག་གི་ལམ་བུ་བཏོད་ཡོད། 2020ལོའི་ཟླ2པར་ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་ལྷ་ས་ནས་ཀ་ཏ་མན་རྡུ་བར་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་གནས་སྐབས་མཚམས་འཇོག་བྱས་མོད། འོན་ཀྱང་བོད་ལྗོངས་མཁའ་འགྲུལ་དོ་དམ་ལྟེ་གནས་ཀྱིས་སྔར་བཞིན་ནེ་པ་ལ་ནས་རང་རྒྱལ་གྱི་ས་ཁུལ་གཞན་དག་ཏུ་འཕུར་སྐྱོད་བྱེད་པའི་མཁའ་འགྲུལ་དོ་དམ་གྱི་ལས་འགན་འཁུར་ཡོད།
             ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་དེ་སྔའི་མཁའ་འགྲུལ་བབས་ཚུགསT1དངT2ནི་རྒྱལ་སྤྱིའི་མཁའ་འགྲུལ་བབས་ཚུགས་དང་རྒྱལ་ནང་གི་མཁའ་འགྲུལ་བབས་ཚུགས་ཡིན་ཞིང་། རྒྱལ་སྤྱི་དང་རྒྱལ་ནང་གི་འགྲུལ་པ་སྐྱེལ་འདྲེན་གྱི་ལས་འགན་སྒྲུབ་བཞིན་ཡོད་པ་དང་། 1993ལོ་དང2004ལོར་སྔ་རྗེས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད། 2021ལོའི་ཟླ8པར་གནམ་ཐང་བབས་ཚུགསT3བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་གནམ་ཐང་བབས་ཚུགསT1དངT2ཀྱི་དེ་སྔའི་སྒྲིག་ཆས་རྙིང་པ་ཡིན་པས་སྐྱེལ་འདྲེན་དང་མང་ཚོགས་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་གནམ་ཐང་བབས་ཚུགསT1དངT2ཁྱོན་ཡོངས་ནས་སྒྱུར་བཀོད་འཆར་འགོད་བྱེད་འགོ་བཙུགས་པ་དང་། “ལྷ་ས་གོང་དཀར་གནམ་ཐང་བབས་ཚུགས་ཀྱི་མཁའ་འགྲུལ་འགག་སྒོའི་ནུས་པ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གནམ་ཐང་གི་ཕྱོགས་བསྡུས་འགན་ལེན་ནུས་པ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་འགྲུལ་པ་འགྲོ་སྐྱོད་ཀྱི་ལས་འགན་དེ་བས་ཡག་པོ་འཁུར་བ། རྒྱལ་སྤྱིའི་འགྲུལ་པ་བབས་ཚུགས་ནས་ཐོན་པའི་སྐྱིད་སྣང་ལེགས་སུ་གཏོང་བ”བཅས་དམིགས་ཚད་དུ་བྱས་ནས་གནམ་ཐང་བབས་ཚུགསT1རྒྱལ་ནང་གི་སྐྱེལ་འདྲེན་དང་འགན་སྲུང་སྐྱེལ་འདྲེན་གལ་ཆེན་གཅིག་ལྕོགས་སུ་སྤྱོད་པ་དང་། མཁའ་འགྲུལ་བབས་ཚུགསT2ཆ་ཚང་རྒྱལ་སྤྱིའི་བྱེད་ནུས་ཁུལ་དུ་བསྒྱུར་པ་རེད། རྣམ་གྲངས་དེ་ནི2023ལོའི་ཟླ6པར་ལས་འགོ་ཚུགས་པ་དང་ཟླ12ཚེས15ཉིན་མཁའ་འགྲུལ་བབས་ཚུགསT2(རྒྱལ་སྤྱིའི་མཁའ་འགྲུལ་བབས་ཚུགས)ལས་མཇུག་འགྲིལ་བ་རེད།  
             དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་དོ་དམ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ལུའོ་ཞའོ་ཡིས། ལྷ་ས་གོང་དཀར་གནམ་ཐང་གི་མཁའ་འགྲུལ་བབས་ཚུགསT1དངT2ཆ་ཚང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་རྒྱལ་སྤྱིའི་འགག་སྒོའི་ནུས་པ་སྔར་བས་ལེགས་སུ་འགྲོ་རྒྱུ་དང་། འཁོར་སྐྱོད་འགན་ལེན་ནུས་པ་དང་ཞབས་ཞུའི་སྤུས་ཚད་ལེགས་སུ་ནུས་ལྡན་འགྲོ་རྒྱུ། རྒྱལ་སྤྱིའི་མཁའ་འགྲུལ་ལས་སྒོའི་འབོར་ཚད་འཕར་བའི་དགོས་མཁོ་སྐོང་རྒྱུ་བཅས་མ་ཟད། བོད་ལྗོངས་དང་མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་དབར་གྱི་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་ཕྱི་ཕྱོགས་མཛའ་གྲོགས་འགྲོ་འོང་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

ལྷ་ས་གོང་དཀར་གནམ་ཐང་རྒྱལ་སྤྱིའི་མཁའ་འགྲུལ་བབས་ཚུགས་སྤྱོད་འགོ་ཚུགས་རྗེས་བབས་པའི་ཕྱི་རྒྱལ་གྱི་མཁའ་འགྲུལ་ཀུང་སིའི(ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སི)དུས་གཏན་གནམ་གྲུ་དང་པོ།
             ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྤྱིའི་གནམ་ཐང་བབས་ཚུགས་སྤྱོད་འགོ་ཚུགས་པའི་ཉིན་དེར་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས147ཟིན་ཡོད་པ་རེད། འཆར་གཞི་ལྟར་ན2024ལོའི་ཟླ་དང་པོའི་ཚེས8ཉིན་ནས་བཟུང་ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སིས་གཟའ་འཁོར་རེའི་གཟའ་ཟླ་བར་ལྷ་ས་ནས་ཀ་ཏ་མན་རྡུ་བར་དུས་གཏན་གནམ་གྲུ་ཐེངས་རེ་འཕུར་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། དཔལ་གཡང་།