ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

མཛེས་སྡུག་བདེ་སྐྱིད་བོད་ལྗོངས་སྐྲུན། བསྐྱར་དར་རླབས་ཆེའི་ཕུགས་འདུན་གཏོད།

སྤེལ་དུས 2024-07-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་ནས་ལོ་གསུམ་འཁོར་བའི་མཚམས་སུ་བྲིས་པ།
  
འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་སྐྱིད་རྒུ་གྲོང་ཚོའི་ཡུལ་ལྗོངས་ཡིན་པ།
  སླར་ཡང་ལོ་གཅིག་ནང་གི་ཟླ་7པ་ཤར་སོང་། དབྱར་དུས་ཀྱི་དྲོད་འཇམ་རླུང་བུས་དྭངས་གཙང་གི་ཆུ་བོ་དང་རྩི་ཤིང་མང་བའི་ཉང་ཆུའི་འདམ་རར་བྱིལ་བྱིལ་བྱེད་ཅིང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམར་མདངས་བཀྲ་བའི་རྒྱལ་དར་ཡང་ལྷབ་ལྷུབ་ཏུ་གཡོ་བར་བྱེད། དེ་ཡང་ལོ་གསུམ་གྱི་གོང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་གནང་བ་མ་ཟད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ནས་འཚམས་འདྲི་གནང་བ་དང་དེ་བཞིན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་མཚོན་པར་གནང་བ་བཅས་སེམས་འགུལ་ཐེབས་པའི་དུས་སྐབས་དེ་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཡོད།
  སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སུ་འབྲངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། བློ་སྟོབས་ཆེར་སྐྱེད་དང་འབད་བརྩོན་ལྷོད་མེད་ཀྱིས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་མཆིས། 
  ཏང་གི་གཟི་འོད་འཕྲོས་ཏེ།
  མཐུན་སྒྲིལ་འབད་འཐབ་ཀྱི་བློ་སྟོབས་འཕེལ་བ།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བོད་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པ་དང་། བོད་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བརྩམས་པ་ཡིན་ལ། བོད་རིགས་དང་མི་རིགས་གཞན་དག་དབར་སྤེལ་རེས་བྱེད་པ་ནི་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད་ཅེས་གསུངས།
  བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ནི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད། འདི་ལོ་ནི་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་རེད། ལོ་30ཡི་རིང་ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་བའི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་ཡོང་བར་རོགས་རམ་བྱས་ཤིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་དབུལ་སྒྲོལ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་རྒྱང་ལམ་གསར་པར་སྐྱོད་བཞིན་ཡོད་པ་རེད།
  ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་གི་ཡོད་པ་དང་། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་གཏན་ལ་འཁེལ་བ་རེད། དུས་རབས་གསར་པ་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་གཙོ་སྐྱོང་གནང་ནས་འཚོགས་པ་དང་། སྐུ་ངོ་མ་བོད་དུ་ཕེབས་ནས་གཟིགས་ཞིབ་མཛུབ་ཁྲིད་གནང་བ་མ་ཟད། བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
  ད་ཆ་བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོའི་སེམས་སུ་གཞོམ་གཞིག་བྲལ་བའི་བདེན་དོན་ཞིག་གི་རྩ་བ་ཚུགས་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་གསར་པ་ཡང་མེད། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་དེ་རེད།
  དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་ལམ་བུར་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཐོག་མཐའ་བར་གསུམ་དུ་མདུན་སྐྱོད་ཀྱི་གདེང་ཚོད་ཆེ་ཤོས་ཡིན་པའི་ཏང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ཁོང་དུ་བརྟན་པོ་ཆུད་པ། ཐོག་མཐའ་བར་གསུམ་དུ་མདུན་སྐྱོད་ཀྱི་སྟོབས་ཤུགས་ཆེ་ཤོས་ཡིན་པའི་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ནུས་ཤུགས་ཡོད་རྒུའི་རོགས་རམ་ཁོང་དུ་བརྟན་པོ་ཆུད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡོད།
  སྒུལ་ནུས་ཀྱི་ལེགས་ཆ་བཏོན་ཏེ།
  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདེང་ཚོད་འཕེལ་བ།
  བོད་ཀྱི་རི་ཀླུང་མཛེས་ལ་བརྗིད་ཆགས་ཤིང་། འདི་གར་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། 2023ལོར་བོད་ཀྱིས་ཡུལ་ཕྱོགས་གཞན་ལ་གློག་ཤུགས་ཆན་ཝ་ཆུ་ཚོད་དུང་ཕྱུར་25.7གཏོང་རྒྱུའི་དམིགས་ཚད་བདེ་བླག་ངང་གྲུབ་ཅིང་། དེའི་ནང་ཆུ་གློག་གིས་བསྡུར་ཚད་53.72%བཟུང་བ་དང་། འོད་ཤུགས་གློག་གིས་བསྡུར་ཚད་36.32%བཟུང་བ། རླུང་གློག་གིས་བསྡུར་ཚད་1.4%བཟུང་སྟེ། བོད་ཀྱི་ནུས་རྒྱུའི་གྲུབ་ཆའི་ཁྲོད་ནུས་རྒྱུ་གཙང་མའི་བསྡུར་ཚད་90%ལས་བརྒལ་ཡོད།
  2023ལོར་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཆུ་ཤུགས་དང་། འོད་ཤུགས། རླུང་ནུས། ཚ་ནུས་བཅས་ཕན་ཚུན་གསབ་རེས་དང་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་གསར་སྤེལ་མཐའ་འཁྱོངས་བྱས་ཏེ། ནུས་རྒྱུ་གཙང་མའི་ཐོན་ལས་ཀ་རྟེན་དུ་བྱས་ནས་ལྗང་མདོག་ཐཱན་ཉུང་གི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་དགོས་ཞེས་བསྟན་ཡོད། 2024ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་སླར་ཡང་བཀོད་སྒྲིག་བྱས་པ་དང་། བོད་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཧུར་ཐག་སྒྱུར་བཞིན་ཡོད།
  “ལེགས་སྤེལ་ཉེས་འགོག་དང་། ཡུལ་བབ་དང་བསྟུན་པ། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ། ལྕགས་ལམ་དང་གཞུང་ལམ་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གཞན་དག་གང་མགྱོགས་བསྐྲུན་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གང་མགྱོགས་བསྐྲུན་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བཅས་བྱས་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་ཟབ་མོ་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཡོད།
  རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་དངོས་ཚན་དཔལ་འབྱོར་ཐོག་འཇོག་དགོས་པ་དང་། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་མཐོར་འདེགས་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་། བོད་ཀྱི་ཁྱད་ཆོས་དང་ལེགས་ཆ་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་དགོས་ཞེས་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་སྣེ་འདྲེན་ཁེ་ལས་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། ཁྱད་ལྡན་ཐོན་ལས་ཀྱི་འཁོར་འབྲེལ་འཕེལ་རྒྱས་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། གསར་དར་ལེགས་ཆའི་ཐོན་ལས་སྔོག་འདོན་སོགས་ཀྱི་བྱ་ཐབས་ནུས་ལྡན་ལ་བརྟེན་ནས་སྲོལ་རྒྱུན་གྱི་ཁྱད་ལྡན་ཐོན་ལས་དང་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱས་པ་རེད།
  བོད་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་རང་རྒྱལ་གྱིས་ཕྱི་ཕྱོགས་དང་འབྲེལ་གཏུག་སྤེལ་རེས་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་པར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ས་བབ་ཀྱི་བཟང་ཆ་དང་སྲིད་ཇུས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་ཕྱི་ཕྱོགས་སྒོ་དབྱེའི་གཞི་ཁྱོན་དང་ཟབ་ཚད་ཆེ་རུ་གཏོང་བ་དང་། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་དང་མཉམ་འདྲེས་ཧུར་ཐག་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་གཏིང་ཟབ་ཞུགས་པ། ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། མིག་སྔར་བོད་ཀྱིས་རྒྱལ་ཁབ་དང་ས་ཁུལ་175དང་ཚོང་འབྲེལ་བཙུགས་ཏེ་2023ལོར་བོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བྱེད་ཚད་138%འཕར་བ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5500ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།
  དམངས་འཚོའི་བདེ་རྩ་ཆེ་རུ་བཏང་སྟེ།
  རྒྱང་ལམ་གསར་པར་འབད་འབུངས་བྱེད་པའི་དཔའ་ཉམས་གཅིག་ཏུ་འདུས་པ།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས“མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་དེ་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་སྔར་བས་དོ་ཁུར་བྱས་ཏེ་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བྱིས་སྐྱོང་། སྡོད་ཁང་སོགས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས་པ་དང་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
  རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ལག་ལེན་གཏིང་ཟབ་བསྟར་ནས་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མཐའ་འཁྱོངས་བྱས་ཏེ་ནོར་སྲིད་ཡོང་འབབ་ཀྱི་80%ཡན་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ནས་སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་ཁྱབ་ཁོངས་ལ་ཁྱབ་པའི་ཁྱོན་ཡོངས་ཀྱི་འགན་སྲུང་མ་ལག་ཅིག་བཙུགས་པས་མི་སེར་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།
  འདི་ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དམངས་འཚོའི་དོན་དངོས་ལ་དམ་འཛིན་ནན་པོ་བྱས་ཏེ“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་ལེན་གཏིང་ཟབ་བསྟར་བ་དང་། བོད་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་དམིགས་ནས་སྟོབས་ཤུགས་གཅིག་སྡུད་ངང་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་དོན་དངོས་ཁག་གཅིག་བསྒྲུབས་ཏེ། འཕེལ་རྒྱས་ཁྲོད་དམངས་འཚོ་ལེགས་སུ་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བའི་ཁྲོད་སྟོབས་ཤུགས་གཅིག་སྒྲིལ་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
  མིག་སྔར། ས་མཐོར་རྩྭ་རྩི་ཤིང་རབ་ཏུ་རྒྱས་ཤིང་། མགོ་བོ་བཏེགས་ནས་ལྷ་སའི་ལྷོ་རིའི་སྤྱི་གླིང་ལ་ལྟ་སྐབས“མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་ཡིག་འབྲུ་དག་བཀྲག་མདངས་རྣམ་པར་འཚེར།
  “རི་སྟེང་གི་ཤིང་སྡོང་ཚང་མ་ང་ཚོས་རེ་རེ་བཞིན་བཏབ་པ་རེད” ལས་མི་བཀྲ་ཤིས་ཆོས་འཕེལ་གྱིས་གླིང་ཁུལ་གྱི་ཆུ་གློག་ཉམས་བཟོ་དང་ནགས་སྲུང་ལས་དོན་གྱི་འགན་འཁུར་གྱི་ཡོད།
  “ང་ཚོ་བོད་ཀྱི་མི་དམངས་ལ་གནམ་སྒྱུར་ས་བརྗེས་ཀྱི་བློ་སྟོབས་ཆེན་པོ་ཡོད། ལོ་10ལྷག་ཙམ་གོང་འདི་གར་ཐང་རྒོད་ཡིན་པ་དང་རྡོ་ཧྲུག་གིས་ཁེངས་ཡོད། ཡིན་ནའང་ད་ཆ་ལྗོན་ཤིང་གིས་བརྒྱན་པ་ཚང་མས་མཐོང་ཐུབ”ཅེས་བཀྲ་ཤིས་ཆོས་འཕེལ་གྱིས་བཤད།
  ད་ཆ་བོད་ཀྱིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བཞིན་པ་དང་ཐང་རྒོད་དེ་བས་མང་བར་སྔོ་ལྗང་གོས་གསར་ཀླུབ་བཞིན་ཡོད།
  “རི་བོ་སྔོ་ལྗང་ཅན་དུ་གྱུར་ཡོད་ལ་འཚོ་བའང་དེ་བས་སྐྱིད་དུ་སོང་ཡོད”སྐྱིད་ཆུའི་འགྲམ་ངོགས་ཀྱི་གླིང་ཁའི་བསིལ་གྲིབ་འོག་ཏུ་གྲོང་མི་བསྟན་འཛིན་ཆོས་འཕེལ་གྱིས་ནང་མི་དང་མཉམ་དུ“གླིང་ཁ”གཏོང་བཞིན་ཡོད་ཅིང་། འགྲམ་དུ་ཤང་ཤང་དུ་རྒྱུག་པའི་སྐྱིད་ཆུ་དང་འཁྲིས་སུ་སྔོ་ཐིང་ཐིང་གི་ལྗོན་ཤིང་རེད། “ད་ཆ་འཚོ་བ་དངོས་གནས་ཡག་པོ་འདུག ཚང་མ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་རེད། ང་ཚོ་སོ་སོས་ཀྱང་ཤུགས་བརྒྱབ་སྟེ་ལག་ཟུང་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཀྱི་ཡིན”ཞེས་བསྟན་འཛིན་ཆོས་འཕེལ་གྱིས་བཤད།