ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དཀའ་བ་དང་དུ་བླངས། འབོད་སྐུལ་དང་ལེན་བྱས།

སྤེལ་དུས 2024-07-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
——— ཆབ་མདོ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པའི་སྐོར་བཀོད་པ།
  ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་སྟངས་ལ་གཞི་ཚུགས་ཏེ“3+4”ཡི་དེང་རབས་ཐོན་ལས་ཀྱི་མ་ལག་གཏོད་རྒྱུར་དམིགས་ཏེ་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་དུ་བཟུང་ནས། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་19“ཚོགས་པ་ཆེན་པོ་ལྔའི་ཀུང་སིར”སྒྲིལ་བཅོས་དང་བསྐྱར་སྒྲིག་བྱས་ཏེ“ཆུང་བ་དང་། ཉམས་ཞན། ཁ་ཐོར། ཟང་ཟིང་བཅས”ཀྱི་ཁེ་ལས་འཕེལ་རྒྱས་ཀྱི་གནས་སྟངས་ཐག་གཅོད་ཤུགས་ཆེན་བྱས་ནས་ཆབ་མདོ་གྲོང་ཁྱེར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
  2023ལོའི་ཟླ་བཅུ་པར་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཆབ་མདོ་གྲོང་ཁྱེར་གྱིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་འགག་སྒྲོལ་དམག་འཐབ་འགོ་ཚུགས་ཡོད། ཆབ་མདོ་གྲོང་ཁྱེར་སྒྲིལ་བཅོས་བསྐྱར་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཁྱོན་ཡོངས་ལ་སྤྱི་འདོམས་བྱས་པའི་ཐོག“ཐོན་ལས་འདྲ་པོ་དང་། ལས་རིགས་འབྲེལ་ཡོད། ལས་རིགས་གཙོ་བོ་གཅིག་མཚུངས། ལེགས་ཆ་ཕན་ཚུན་གསབ་རེས་བཅས་བྱ་རྒྱུའི”རྩ་དོན་ལ་གཞིགས་ནས“ཚོགས་པ་ཆེན་པོ་ལྔའི་ཀུང་སིར”སྒྲིལ་བཅོས་བསྐྱར་སྒྲིག་གིས་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་ལ་དོ་དམ་དང་། གྲོང་ཁྱེར་གྱི་ཐོན་ལས་སྐྱེད་སྲིང་བྱ་རྒྱུས་གཙོས་པའི་གྲོང་ཁྱེར་མ་འཇོག་ཚོགས་པ་དང་། ནུས་རྒྱུ་གསར་སྤེལ་འཛུགས་སྐྲུན་བྱ་རྒྱུས་གཙོས་པའི་གྲོང་ཁྱེར་ནུས་རྒྱུའི་ཚོགས་པ། གཏེར་རྫས་ཐོན་ཁུངས་གསར་སྤེལ་འཛུགས་སྐྲུན་དང་མ་རྐང་དབང་ཆའི་མ་འཇོག་གིས་གཙོས་པའི་གྲོང་ཁྱེར་གཏེར་ལས་ཚོགས་པ། དངོས་ཟོག་འགན་ལེན་མཁོ་སྤྲོད་དང་ཞིང་འབྲོག་ནགས་གསུམ་ཐོན་ལས་གསར་སྤེལ་གྱིས་གཙོས་པའི་གྲོང་ཁྱེར་ཞིང་ལས་འཕེལ་རྒྱས་ཚོགས་པ། རིག་གནས་ཡུལ་སྐོར་དང་གསོལ་མགྲོན་ཁང་གི་ཞབས་ཞུས་གཙོས་པའི་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཚོགས་པ་བཅས་གཙོ་བོར་བཏོད་དེ། གཞུང་ཁོངས་ཁེ་ལས་ཀྱི་གཅིག་སྡུད་ལེགས་ཆའི་ཐོན་ཁུངས་འཕེལ་རྒྱས་གཏོང་བའི་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་སྐུལ་འདེད་བཏང་ནས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་གྱི་འཕར་སྣེ་གསར་པ་བཏོད་ཡོད།
  “ཚོགས་པ་ཆེན་པོ་ལྔའི་ཀུང་སི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ཆབ་མདོ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་19བཏང་ནས“ཚོགས་པ་ཆེན་པོ་ལྔའི་ཀུང་སིའི”ཐོ་འགོད་མ་དངུལ་དུ་བརྩིས་ཏེ། གྲོང་ཁྱེར་ཡོངས་ནས་སྤྱོད་ཡོན་གཉིས་ལྡན་དང་གྲུབ་འབྲས་གཟེངས་སུ་ཐོན་པའི་རྫོང་རིམ་པའི་ལས་བྱེད་པ“ཚོགས་པ་ལྔའི་ཀུང་སི་ཆེན་པོའི”ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལིར་བདམས་པ་མ་ཟད། 《གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཚད་ལྡན་ཚོང་གཉེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་དང་། 《ཆབ་མདོ་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་བུན་ཟུག་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་དོ་དམ་གྱི་ལམ་ལུགས་20ལྷག་ཙམ་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས“ཚོགས་པ་ཆེན་པོ་ལྔའི་ཀུང་སིར”སྒྲིག་བཤེར་དང་། རྩིས་བཤེར། ཉེན་ཁ་ཚོད་འཛིན་སོགས་ཀྱི་སྡེ་ཚན་ལུགས་མཐུན་ངང་བཀོད་སྒྲིག་ཡོང་བར་མཛུབ་ཁྲིད་བྱས་ཏེ་བསྐྱར་སྒྲིག་ལས་དོན་ཕུན་སུམ་ཚོགས་པོའི་ངང་བསྒྲུབ་རྒྱུའི་འགན་ལེན་བྱས་ཡོད།
  ད་ཆ་བསྐྱར་སྒྲིག་བྱས་རྗེས་ཀྱི“ཚོགས་པ་ཆེན་པོ་ལྔའི་ཀུང་སི”ཚང་མ་ཆབ་མདོ་གྲོང་ཁྱེར་གྱི་ཁམས་པའི་ཐོག་བརྩེགས་ཁང་ཆེན་དུ་བཅའ་སྡོད་བྱས་ནས་འགྲན་རྩོད་ཆེ་བའི་ཁྲོམ་རའི་རླབས་རྒྱུན་ཁྲོད་འབད་འབུངས་མདུན་སྐྱོད་བྱེད་བཞིན་ཡོད།
  ཆབ་མདོའི་གྲོང་ཁྱེར་ཁོངས་གཏོགས་ཀྱི་རིམ་པ་དང་པོའི་གཞུང་ཁོངས་ཁེ་ལས་ཀྱི་མ་དངུལ་ཆ་ཚང་བཏང་བའི་ཁེ་ལས་ཆེ་ཤོས་ཤིག་ཡིན་པའི་ངོས་ནས། བསྐྱར་སྒྲིག་བྱས་རྗེས་ཀྱི་ཆབ་མདོ་གྲོང་ཁྱེར་མ་འཇོག་ཚོགས་པས་མ་འཇོག་གསར་སྤེལ་དང་། ཨར་ལས་རྒྱུ་ཆ། མ་རྩ་འཁོར་སྐྱོད། གྲོང་ཁྱེར་ཞབས་ཞུ་བཅས་ལྟེ་བར་བཟུང་བའི་ལས་སྒོ་གཉེར་སྟངས་མངོན་གསལ་དོད་དུ་བཏང་བ་མ་ཟད། སྤྱི་སྤྱོད་རླངས་འཁོར་དང་། ཆུ་དོན། ཇུས་འགོད་སོགས་བྱེད་ནུས་རིགས་ཀྱི་ཡན་ལག་ཀུང་སི་16བདེ་བླག་ངང་སྒྲིལ་བཅོས་བྱས་ཏེ་ཚོགས་པ་ཅན་གྱི་དོ་དམ་དང་དངོས་ཚན་གཉེར་སྐྱོང་གི་ལེའུ་གསར་པ་ཞིག་གཏོད་འགོ་ཚུགས་ཤིང་། མིག་སྔར་ཆབ་མདོ་གྲོང་ཁྱེར་མ་འཇོག་ཚོགས་པས་ཆབ་མདོ་གྲོང་ཁྱེར་གྱི་ཁ་ལོ་བའི་རྒྱུགས་ལེན་ལྟེ་གནས་སོགས་རྣམ་གྲངས་གཙོ་བོའི་རྒྱུན་མཐུད་ནས་ཨར་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད།
  “ཆབ་མདོ་གྲོང་ཁྱེར་མ་འཇོག་ཚོགས་པས་འདི་ལོར་རྣམ་གྲངས་22གསར་སྐྲུན་དང་ཚབ་སྐྲུན་བྱེད་བཞིན་ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་15.9བཏང་ཡོད། ཁ་ལོ་བའི་རྒྱུགས་ལེན་ལྟེ་གནས་དང་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་སོགས་ཀྱི་རྣམ་གྲངས་དག་ལོ་འདིའི་ནང་ལེགས་སྒྲུབ་བྱས་ནས་སྤྱོད་རྒྱུ་དང་། གསར་དུ་ནང་འདྲེན་བྱས་པའི་ལྗོངས་གཟིགས་བདལ་གཏོང་རླངས་འཁོར་ཡང་ཉེ་དུས་ཁྲོམ་རར་སྤྱོད་འགོ་ཚུགས་རྒྱུ་རེད”ཅེས་ཆབ་མདོ་གྲོང་ཁྱེར་མ་འཇོག་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་དབྱང་ཞའོ་པིན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།
  ཉེ་བའི་ལོ་ཤས་རིང་། ནུས་རྒྱུ་གསར་སྤེལ་འཛུགས་སྐྲུན་དང་། གཉེར་སྐྱོང་ཞབས་ཞུ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་ལ་དོ་དམ་བྱེད་པ་བཅས་ཀྱི་ཕྱོགས་གསུམ་ལ་དམིགས་ནས་ཆབ་མདོ་གྲོང་ཁྱེར་ནུས་རྒྱུ་ཚོགས་པས་སྒུལ་ནུས་གསར་པ་བཏོད་དེ་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་འགོ་ཚུགས་པ་དང་། ཆབ་མདོ་གྲོང་ཁྱེར་གཏེར་ལས་ཚོགས་པས་ཀྱང་རྣམ་གྲངས་དང་མྱུར་ཚུལ་ལ་དམ་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་ཤར་རྒྱུད་ཀྱི་མདོག་ལྡན་ལྕགས་རིགས་ཐོན་ལས་རྟེན་གཞི་གཏོད་རྒྱུར་དམིགས་ནས། གཏེར་ལས་ཀྱི་སྟོད་སྨད་རྒྱུད་ཀྱི་ལྗང་མདོག་ཐོན་ལས་འཁོར་འབྲེལ་རྒྱ་ཆེར་བཏང་ནས་ལས་སྒོའི་འཕར་གཞི་གསར་པ་ཟམ་མི་ཆད་པར་སྐྱེད་སྲིང་བྱས་ཡོད། “ཚོགས་པ་ཆེན་པོ་ལྔའི་ཀུང་སིས”བབ་བསྟུན་བྱས་རྗེས་འཇོག་པ་དང་། དཀའ་བ་དང་དུ་ལེན་པ། འབོད་སྐུལ་དང་ལེན་བྱེད་པ་བཅས་བྱས་ཏེ་རེས་སྐོར་གསར་པའི་ཁྲོམ་རའི་འགྲན་རྩོད་ཁྲོད་གོ་སྐབས་སྔོན་ལ་བཟུང་ནས་ཚད་བརྒལ་ཡོང་བར་འབད་འཐབ་བྱེད་བཞིན་ཡོད།