ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ང་ད་ལོར་ལོ34ལ་སླེབས་ཤིང་གྲོང་ཚོའི་སློབ་གྲྭ་ཆེན་མོ་བ་ཞིག་ཡིན་ལ་ན་ནིང་ནས་བཟུང་འདི་གར་ལས་ཀ་བྱེད་འགོ་ཚུགས་པ་ཡིན”འཇམ་དབྱངས་ཚེ་རིང་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཝ་འབེབས་གྲོང་ཚོ་ནས་ཡིན་ཞིང་། ཁོང་ནི་དཔའ་ཤོད་རྫོང་ཟོག་སྦྲེལ་དྲ་རྒྱའི་ནུས་ཆེའི་རྩི་ཤིང་བཟོ་གྲྭའི་ཐོན་སྐྱེད་དོ་དམ་པ་ཞིག་ཡིན། ཁོང་གིས“ང་ཚོས་ཐོན་སྐྱེད་བྱས་པའི་ཀྲོ་མ་ཀྲུ་དེ་དག་གཙོ་བོར་རྫོང་དུ་བཙོང་གིན་ཡོད་ལ་ཡོང་འབབ་ཀྱང་ཧ་ཅང་ཡག་པོ་འདུག འདི་གར་གཏན་འཇགས་ལས་མི་ནི་སློབ་གྲྭ་ཆེན་མོ་བ་གསུམ་དང་ཝ་འབེབས་གྲོང་ཚོའི་གྲོང་མི་གཉིས་ཡོད། ཀྲོ་མ་ཀྲུ་འཐུ་བའི་དུས་སུ་ལས་མི་མི་འདང་བས་གཞན་ད་དུང་གྲོང་མི་མང་པོར་གླས་ནས་རོགས་བྱེད་དུ་འཇུག་པ་དང་། ཁོ་ཚོ་ལ་ཉིན་རེར་གླ་ཆ་སྒོར160སྤྲད་ཀྱིན་ཡོད། སང་ལོར་ང་ཚོས་ད་དུང་འབྲུ་སེའུ་སྔོན་པོ་འདེབས་རྩིས་ཡོད་ལ། ལས་རོགས་ཤིག་ལྷོ་ཁར་འབྲེལ་ཡོད་ཀྱི་གསོ་སྦྱོང་ནང་ཞུགས་པར་བཏང་བ་ཡིན”ཞེས་རང་ཉིད་གནས་སའི་རྩི་ཤིང་བཟོ་གྲྭའི་སྐོར་གླེང་སྐབས་འཇམ་དབྱངས་ཚེ་རིང་གིས་བློ་ཡིད་ཚིམ་པོ་དང་སྤོབས་པ་ཆེན་པོས་བཤད།
འཇམ་དབྱངས་ཚེ་རིང་གིས་ཀྲོ་མ་ཀྲུའུ་ཆུང་ཆུང་འདེབས་འཛུགས་ལག་རྩལ་གྱི་སྐོར་ངོ་སྤྲོད་བྱེད་བཞིན་པ།
དཔའ་ཤོད་རྫོང་ཟོག་སྦྲེལ་དྲ་རྒྱའི་ནུས་ཆེའི་རྩི་ཤིང་བཟོ་གྲྭའི་ནང་བཏབ་པའི་ཀྲོ་མ་ཀྲུའུ།
དཔའ་ཤོད་རྫོང་ཝ་འབེབས་གྲོང་ཚོར་གནས་པའི་དཔའ་ཤོད་རྫོང་ཟོག་སྦྲེལ་དྲ་རྒྱའི་ནུས་ཆེའི་རྩི་ཤིང་བཟོ་གྲྭའི་ས་བཟུང་རྒྱ་ཁྱོན་ནི་མུའུ30ཡོད་པ་དང་། འདེབས་འཛུགས་རྒྱ་ཁྱོན་ལ་མུའུ20ཡོད་ཅིང་། དེང་གི་དུས་འདིར་ཀྲོ་མ་ཀྲུའུ་ཆུང་ཆུང་དང་། ཧོང་ཀྭ ཨོ་སུན། པད་ཚལ། ཡིའུ་མའེ་ཚལ། སུར་པན་སོགས་ཤིང་འབྲས་དང་སྔོ་ཚལ་རིགས་བཅུ་ལྷག་ཙམ་འདེབས་གསོ་བྱེད་ཐུབ་པའི་གནས་འདི་སྔོན་ཆད་བ་ཚྭ་ཅན་གྱི་ས་ཞིག་ཡིན་པ་དངོས་གནས་བསམ་ཡུལ་ལས་འདས།
དཔའ་ཤོད་རྫོང་ཟོག་སྦྲེལ་དྲ་རྒྱའི་ནུས་ཆེའི་རྩི་ཤིང་བཟོ་གྲྭས་བཏབ་པའི་ཧོང་ཀྭ།
འགྱུར་ལྡོག་འདི2022ལོའི་ལོ་མཇུག་ནས་བྱུང་འགོ་ཚུགས་ཤིང་། སྐབས་དེར་དཔའ་ཤོད་རྫོང་གིས་བོད་ལྗོངས་གྲམ་ཐང་ཞིང་སྡེའི་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས་ཝ་འབེབས་གྲོང་ཚོར་དེང་རབས་ཞིང་ལས་ཟོག་སྦྲེལ་དྲ་རྒྱའི་རྩི་ཤིང་བཟོ་གྲྭ་བཙུགས་ཤིང་། རྩི་ཤིང་བཟོ་གྲྭས་ཆུ་གསོ་གཞི་རྟེན་དུ་བྱེད་པའི་འདེབས་འཛུགས་ལག་རྩལ་སྤྱད་པས་སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་ལ་བརྟེན་མི་དགོས་པ་བྱུང་ཡོད། གྲངས་འཛིན་ཅན་དང་བཟོ་ལས་ཅན་ནི་ཞིང་ལས་འདེབས་འཛུགས་ཁྱབ་ཁོངས་སུ་སྤྱད་པ་དེས་ས་རྒྱུ་དང་གནམ་གཤིས་ཀྱི་ཆ་རྐྱེན་སྣ་ཚོགས་འོག རྩི་ཤིང་སྐྱེ་འཚར་ཡོང་བར་མཁོ་བའི་ཆ་རྐྱེན་ཡོད་ཚད་མཁོ་འདོན་བྱས་ནས། གནམ་གཤིས་ཧ་ཅང་ངན་པའི་ཆ་རྐྱེན་འོག་ཏུའང་ལོ་ཧྲིལ་བོའི་འདེབས་འཛུགས་ཐུབ་པ་བྱུང་ཡོད།
དཔའ་ཤོད་རྫོང་ཟོག་སྦྲེལ་དྲ་རྒྱའི་ནུས་ཆེའི་རྩི་ཤིང་བཟོ་གྲྭ།
དཔའ་ཤོད་རྫོང་ཟོག་སྦྲེལ་དྲ་རྒྱའི་ནུས་ཆེའི་རྩི་ཤིང་བཟོ་གྲྭ།
ངོ་སྤྲོད་བྱས་པར་ལྟར་ན། ཟོག་སྦྲེལ་དྲ་རྒྱའི་གྲངས་འཛིན་བཟོ་ལས་ཅན་གྱི་ཞིང་ལས་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭར་མ་དངུལ་སྒོར་ཁྲི1400ལྷག་ཙམ་བཏང་ཞིང་།དེའི་ནང་དུ་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི900བཏང་བ་དང་ཁེ་ལས་ཀྱིས་སྒོར་ཁྲི500ལྷག་ཙམ་བཏང་ཡོད། དེ2023ལོའི་ལོ་མཇུག་ཏུ་ཚོད་ལྟའི་ངང་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ཚང་མ་ཐོན་སྐྱེད་བྱས་རྗེས་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཀྲོ་མ་ཀྲུའུ་ཆུང་ཆུང་གི་ཐོན་ཚད་ཏུན100དང་། ལོ་ལྡན་སྔོ་ཚལ་ཐོན་ཚད་ཏུན2ལོའི་ཐོན་རྫས་རིན་ཐང་སྔོན་དཔག་བྱས་ན་སྒོར་ཁྲི100ལྷག་ཙམ་ཟིན་རྒྱུ་རེད།
བདེ་སྐྱིད་ཆོས་སྐྱིད་དང་སྐལ་བཟང་མཚོ་མོ་ནི་རྩི་ཤིང་བཟོ་གྲྭའི་གཏན་འཇགས་ཞིང་འབྲོག་གི་ལས་མི་ཡིན་ཞིང་། གཉིས་གར་ཝ་འབེབས་གྲོང་ཚོ་མི་ཡིན་ཏེ། ཁོང་གཉིས་ཀྱིས་ཟླ་རེར་གླ་ཆ་སྒོར4000ལྷག་ཙམ་ལེན་རྒྱུ་ཡོད། བཟོ་གྲྭ་དེར་ལས་ཀ་བྱེད་པའི་སྐོར་གླེང་སྐབས་ཁོང་གཉིས་ཀྱི་བློ་ཡིད་ཧ་ཅང་ཚིམ་སྟེ། བདེ་སྐྱིད་ཆོས་སྐྱིད་ཀྱིས“ལས་ཚོགས་གྲོལ་རྗེས་ད་དུང་ནང་ལ་ཕྱིན་ནས་འོ་མ་བཞོ་བའི་ཁོམ་པ་འདུག”ཅེས་དགའ་ཚོར་ཆེན་པོས་བཤད།
བདེ་སྐྱིད་ཆོས་སྐྱིད་ཀྱིས་ཧོང་ཀྭ་འཐུ་བཞིན་པ།