འདི་ལོ་ཚུན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དམིགས་ཚད་ལས་འགན་གཏན་འཁེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མ་འཇོག་རྒྱ་ཆེར་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ཡིད་ཆེས་བརྟན་གཏོང་དང་འཕར་སྣོན་བརྟན་པོ་ཡོང་བ། ལས་དོན་དོན་འཁྱོལ་ལ་སྔར་བས་དམ་འཛིན་ནན་པོ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ནུས་ལྡན་མ་འཇོག་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ། ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་འཕེལ་བ་བཅས་བྱས་པས། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་མ་འཇོག གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སོགས་ཀྱི་དམིགས་ཚད་ཁག་བདུན་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། དཔལ་འབྱོར་དམིགས་ཚད་གཙོ་བོ་འཕར་ཚུལ་བཟང་པོ་རྒྱུན་མཐུད་ཐུབ་ནས་ལོ་ཧྲིལ་པོའི་དམིགས་ཚད་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་5.1%ཟིན་ཞིང་། འགོ་ཡག་པོ་འཛུགས་མ་ཐུབ་པའི་སྔོན་འགྲོའི་འོག་དུས་ཚིགས་གཉིས་པ་དང་གསུམ་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྒྲིག་འཛུགས་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་བ་དང་ལྗོངས་ཡོངས་ཀྱི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན། དུས་ཚིགས་གཉིས་པར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར“ལ་བརྒལ་ཉག་སྒྲོལ”ཡོང་བར་སྐུལ་མ་ཐེབས་ནས་ལོ་སྟོད་ཀྱི་འཕར་ཚད་6.1%ཟིན་པ་དང་། དུས་ཚིགས་གསུམ་པར“བབ་བསྟུན་འཕྲལ་སྒྲུབ”བྱས་པར་བརྟེན་དུས་ཚིགས་རེ་རེ་བཞིན་ལེགས་ཕྱོགས་སུ་འཕེལ་བ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འཕར་ཚད་6.2%ཟིན་པ་དེ་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་1.4ཡིས་མཐོ་བ་ཡོད།
དཔལ་འབྱོར་འཕར་བའི་ཁྲོད་རང་ལྗོངས་ཀྱི་རྣམ་གྲངས་མ་འཇོག་གི་སྒུལ་ཤུགས་ཆེན་པོའི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཞིང་། “དཔལ་འབྱོར་བརྩོན་ལེན་གྱིས་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི”ལོ་དཀྱིལ་གྱི་འགག་སྒྲོལ་བྱ་སྤྱོད་ཀྱི་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་ལ་དམ་འཛིན་དང་། མ་འཇོག་ལ་སྐུལ་འདེད། འཕར་སྣོན་བརྟན་པོ་ཡོང་བ་བཅས་བྱས་ཏེ། མཉམ་ཤུགས་གཅིག་ཏུ་སྒྲིལ་གང་ཐུབ་དང་། འགག་གནད་དང་དཀའ་གནད་སེལ་གང་ཐུབ་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་20.6%འཕར་བ་དང་དམངས་ཁྲོད་ཀྱི་མ་འཇོག་བྱེད་ཚད་67.6%འཕར་ཡོད། ཀྲུང་དབྱང་སྲིད་གཞུང་གིས་སྤྲད་པའི་མ་དངུལ་སྒོར་དུང་ཕྱུར་827.7དོན་འཁྱོལ་བྱས་ནས་ལེགས་གྲུབ་བྱུང་ཚད་103.5%ཟིན་པ་དང་། གཙོ་གནད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་1223བཏང་བར་22.5%འཕར་བ། ལྷག་པར་དུ་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་འགན་གཙང་རྣམ་གྲངས་21ཁྲོད་ནས་རྣམ་གྲངས་14ལས་འགོ་བཙུགས་པར། རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་416.2བཏང་ཡོད།
གླེང་རིན་ཡོད་པ་ཞིག་ནི། དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་ལྗོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་128.36ཟིན་ནས་10.9%འཕར་ཏེ། རྒྱལ་ཡོངས་ཀྱི་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པའི་ཞིང་ཆེན་འབའ་ཞིག་ཏུ་གྱུར་ཡོད།
གཞན་ཡང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་། བྱེད་སྒོའི་སྐུལ་འདེད། ཁོར་ཡུག་གི་ཡིད་དབང་འགུག་རྒྱུ་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པས། “གསར་གཉིས”སྲིད་ཇུས་ཀྱི་ཕན་ནུས་མགྱོགས་མྱུར་འདོན་སྤེལ་ཐུབ་ནས་འཛད་རྫས་གསར་རྙིང་བརྗེ་ཐེངས་ཁྲི་7.8ལྷག་ཙམ་ལེགས་གྲུབ་བྱུང་བ་དང་། ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་11.2ཟིན་ཡོད། དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་164.2ཟིན་པ་དེ་དུས་མཚུངས་ལས་75.4%འཕར་ཡོད་པ་རེད།
དཔལ་འབྱོར་འཕར་སྣོན་གྱི“སྤུས་ཚད”མཐོ་རུ་བརྟན་པོ་ཕྱིན་པ།
ད་ལོའི་ཟླ་7ཚེས་1ཉིན་ནས་བཟུང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་མི་རེར་ཟླ་རེར་སྒོར་265བར་མང་དུ་བཏང་ནས། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ཆུ་ཚད་དུས་ཡུན་རིང་པོའི་ནང་རྒྱལ་ཡོངས་ཀྱི་ཨང་བཞི་པར་སླེབས་ཡོད་པ་རེད།
ད་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས་དམངས་འཚོའི་བྱ་བ་དངོས་ཁག་21གི་གྲས་ཤིག་ཡིན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་སྒོར་10མང་དུ་བཏང་བར་མི་རེར་ཟླ་རེར་སྒོར་245ཟིན་ཡོད་པ་རེད། རྒྱལ་ཁབ་ཀྱི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་གཞིར་བཟུང་། ད་རེས་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་མ་མཐའི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་20མང་དུ་བཏང་བ་དང་དེར་མཁོ་བའི་མ་དངུལ་རྣམས་ཀྲུང་དབྱང་ནོར་སྲིད་ནས་ཆ་ཚང་ཁ་གསབ་སྤྲད་པ་རེད།
བོད་ལྗོངས་འཕེལ་རྒྱས་ཀྱི་སྤུས་ཚད་ནི་དམངས་འཚོའི་དྲོ་སྐྱིད་ལས་བྱུང་ཞིང་། ལོ་འགོར་དམངས་འཚོའི་བྱ་བ་དངོས་ཁག་21བཀོད་སྒྲིག་བྱས་པར། མིག་སྔར་མ་དངུལ་སྒོར་དུང་ཕྱུར་129དོན་འཁྱོལ་བྱས་པ་དེ་དེ་སྔའི་སྒོར་དུང་ཕྱུར་121.4ལས་བརྒལ་ཡོད་པ་རེད། མིག་སྔར་ཚད་གཞི་མཐོ་རུ་གཏོང་བའི་ལས་དོན་ཁག་13ཚང་མ་ལེགས་གྲུབ་ཟིན་པ་དང་། དྲོད་རླངས་དང་གསོ་རླུང་མཁོ་འདོན་སོགས་ཀྱི་རྣམ་གྲངས་8ལ་སྐུལ་འདེད་རྒྱུན་མཐུད་གཏོང་བཞིན་ཡོད།
ལས་ཞུགས་ནི་དམངས་འཚོའི་བྱ་བ་ཆེ་ཤོས་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཆེས་གཞི་རྩའི་འདེགས་སྐྱོར་ཡང་ཡིན། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་ལས་ཞུགས་བརྟན་པོ་དང་འཕར་བར་སྐུལ་འདེད་གཏོང་བའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ལྗོངས་ཡོངས་སུ་ལས་ཞུགས་མི་གྲངས་ཁྲི་4.2གསར་འཕར་བྱུང་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་བཅུ་ཆ་བརྒྱད་ལྷག་ཙམ་ལེགས་གྲུབ་བྱུང་ཡོད། ཞིང་འབྲོག་པ་ཁྲི་60.53ལས་ཞུགས་གཞན་སྒྱུར་ཐུབ་པས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
དཔལ་འབྱོར་འཕར་སྣོན་གྱི“འཕེལ་ཤུགས”དང་གཏིང་ཤུགས་ཆེ་རུ་ཕྱིན་པ།
རིག་གནས་ཡུལ་སྐོར་ཐོན་ལས་ནི་གསར་དར་གྱི་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་ཤིག་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་དམངས་འཚོའི་ཐོན་ལས་དང་བདེ་སྐྱིད་ཀྱི་ཐོན་ལས་ཤིག་རེད། ད་ལོ་བོད་ལྗོངས་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་འཕེལ་སྒྱུར་དང་། ནོར་སྲིད། འགྲིམ་འགྲུལ་སོགས་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོས་པ་དང་། ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་མཉམ་དུ་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། རིག་ལྡན་རིག་གནས་ཡུལ་སྐོར་འཛུགས་སྐྱོང་དང་གྲངས་འཛིན་ཅན་གྱི་རྣམ་པ་སྤྱོད་པར་སྐུལ་འདེད་ཧུར་ཐག་བཏང་བ། ལུས་རྩལ་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ལུས་རྩལ་འགྲན་བསྡུར་བྱེད་སྒོ་སྤེལ་བ་བཅས་བརྒྱུད། རིག་གནས་ཡུལ་སྐོར་འཕེལ་རྒྱས་དེ“རིག་གནས་ཡུལ་སྐོར་+”དང“+རིག་གནས་ཡུལ་སྐོར”ཕན་ཚུན་ཟུང་འབྲེལ་གྱི་དུས་མཚམས་གསར་པར་སླེབས་ནས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེན་པོ་ཞིག་བཏོད་ཡོད་པ་རེད།
དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5728.56ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ(འགྲོ་སོང)སྒོར་དུང་ཕྱུར་670.55ཟིན་ནས་15.3%དང་12.9%སོ་སོར་འཕར་ཡོད་པ་རེད།
དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་འགྲུལ་པ་སྐྱེལ་འདྲེན་དང་དངོས་ཟོག་དབོར་འདྲེན་བྱེད་ཚད་12%དང་2%སོ་སོར་འཕར་བ་དང་། ལྗོངས་ཡོངས་སུ་གློག་གཏོང་ཚད་དང་གློག་སྤྱོད་ཚད་5.05%དང་14.9%སོ་སོར་འཕར་ཡོད།
གོམ་སྟབས་རྗེས་མར། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རྣམ་གྲངས་མ་འཇོག་དང་། འཛད་སྤྱོད་རྒྱ་སྐྱེད། ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་། འབབ་འཕར་དམངས་ཕན། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། ཚོང་གཉེར་ཁོར་ཡུག ཉེན་འགོག་ཉེན་སེལ་བཅས“ཆེད་དོན་འགག་སྒྲོལ”7མུ་མཐུད་དམ་འཛིན་ནན་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་ཡུན་དམ་འཛིན་དང་། མྱུར་ཚད་མགྱོགས་གཏོང་། དཔལ་འབྱོར་བརྩོན་ལེན། འཕེལ་རྒྱས་ལ་དམ་འཛིན་བཅས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་རྒྱུན་མཐུད་བཏང་སྟེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན།