ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ“བཅུ་གཅིག་ཟུང”གི་འགྲེམས་ཚོང་ལ་་་

སྤེལ་དུས 2024-11-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས8ནས་ཚེས12ཉིན་བར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཚོང་ཟོག་འགྲེམས་ཚོགས་སྐབས་དང་པོ་ལྷ་ས་རུ་འཚོགས་ཤིང་། གྲོང་མི་དང་ཡུལ་སྐོར་བ་མང་པོ་ལྟ་སྐོར་དང་ཉོ་སྒྲུབ་བྱེད་པར་ཡོང་ཡོད་པས་འགྲེམས་ཚོགས་ཀྱི་ཡུལ་དངོས་སུ་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་ཧ་ཅང་དོད་པོ་ཡོད།

འགྲེམས་ཚོགས་ཀྱི་ཡུལ་དངོས།
        རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་འགྲེམས་ཚོང་གིས“བཅུ་གཅིག་ཟུང་སྐབས་མཉམ་འཛོམས་ཀྱིས། ཁྲེང་ཀོན་ཆུས་སུ་ཉོ་སྒྲུབ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཁྱད་ལྡན་ཚོང་ཟོག་ནི་ཕུན་སུམ་ཚོགས། དེ་རུ་རྒྱུན་གཏན་འཚོ་བའི་མཁོ་ཆས་དང་། ནེ་པ་ལའི་ཚོང་ཟོག ཕ་ཁི་སི་ཐན་གྱི་ཚོང་ཟོག ཡུལ་ཟོག་ཐོན་རྫས། རླངས་འཁོར་སོགས་ཁྱད་ལྡན་འགྲེམས་གནས182བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ནང་དུ་རླངས་འཁོར་གྱི་འགྲེམས་གནས110དང་། ནེ་པ་ལའི་ཚོང་ཟོག་འགྲེམས་གནས40དང་། ཚོང་ཟོག་གཞན་གྱི་འགྲེམས་གནས32བཅས་ཡོད།

འགྲེམས་ཚོགས་ཀྱི་ཡུལ་དངོས།
        འགྲེམས་ཞུགས་ཚོང་པ་ཁག་གིས་བྲིན་ཚོང་བྱེད་སྒོ་ཇུས་འགོད་དང་། ཚོང་ཟོག་སྤུས་ལེགས། རིན་གོང་བདེ་པོ་ལ་བརྟེན་ནས་འཛད་སྤྱོད་པའི་ཡིད་དབང་བཀུག་ཅིང་། ཁྲེང་ཀོན་ཆུས་ཀྱི་ཚོང་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ནུས་པ་གང་ལེགས་བཏོན་ཡོད། འགྲེམས་གནས་སུ་ཚོང་པ་ཉི་མ་བསམ་གྲུབ་ཀྱིས་མང་ཚོགས་ཚོར་རང་ཉིད་ཀྱིས་གསར་གཏོད་བྱས་པའི་རང་ཡུལ་གྱི་ཐོན་རྫས་ཀ་མ་རུ་སུར་པན་ངོ་སྤྲོད་བྱེད་བཞིན་ཡོད་དེ།“སུར་པན་འདི་དག་ནི་ང་ཚོ་ཡིས་ས་གནས་མང་ཚོགས་ཚོའི་ལག་ནས་བསྡུས་ཏེ། སྨན་རྩྭ་ཁག་གཅིག་བསྣན་ནས་ལས་སྣོན་བྱས་པ་ལས་ད་ལྟའི་ཐོན་རྫས་འདི་གྲུབ”ཅེས་བཤད། ཉི་མ་བསམ་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་སུར་ཤེལ་དམ་རེའི་རིན་གོང་སྒོར25(མི་དམངས་ཤོག་སྒོར)ཡིན་པ་དང་། ཁེ་གཙང་སྒོར5ཙམ་ཡོད། འགྲེམས་ཚོགས་ཀྱི་ཉིན་དང་པོ་ནས་བཞི་པའི་བར་ཁེ་སྤོགས་སྒོར་ཁྲི2ཙམ་བྱུང་ཡོད།

འགྲེམས་གནས་སུ་ཐུམ་སྒྲིལ་རྒྱག་བཞིན་པ།
        “བཅུ་གཅིག་ཟུང”དང་ཏག་ཏག་འཁེལ་བས་འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། ཁྲེང་ཀོན་ཆུས་ཚོང་དོན་ཅུས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཚེས11ཉིན་བར། ད་ཐེངས་ཀྱི་འགྲེམས་ཚོགས་ཐོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར1.645ཟིན་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཀྲོའུ་ཡཱ་ལིས། རྗེས་ཕྱོགས་སུ་འཛད་སྤྱོད་ཀྱི་མཚམས་ཚིགས་སྣ་ཚོགས་སྤྱད་དེ“དགུན་དུས་སུ་དྲོ་སྐྱིད་སྦྱིན་པའི་འཛད་སྤྱོད་དུས་ཚིགས”ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། བྱེད་ཐབས་སྣ་མང་ལ་བརྟེན་ནས་ཁྲོམ་རའི་མི་མངོན་པའི་ནུས་པ་འཕེལ་བར་བྱེད་པ་དང་། འཛད་སྤྱོད་ཀྱི་དར་སྲོལ་གསར་པར་སྣེ་ཁྲིད་བྱས་ཏེ་གྲོང་མི་ཚོར་ཕན་ཆ་ངོ་མ་སྤྲོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།