ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་མཉམ་སྒྲོག་རོལ་དབྱངས་ཤིག་པེ་ཅིང་ནས་འཁྲབ་སྟོན་བྱས།

སྤེལ་དུས 2024-11-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས13ཉིན་གྱི་དགོང་མོར། པེ་ཅིང་རོལ་དབྱངས་ཚོམས་ཆེན་དུ་བོད་ལྗོངས་ཀྱི་བཀོད་འདོམས་པ་སྤེན་པ་ཡིས་ཀྲུང་གོ་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་འགན་འཛིན་བཀོད་འདོམས་པ་ཅིང་ཧོན་དང་མཉམ་དུ་དབྱུག་པ་གཡུག་ནས། ཀྲུང་གོ་མཉམ་སྒྲོག་རོལ་དབྱངས་ཚོགས་པ་དང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་མཉམ་སྒྲོག་རོལ་དབྱངས་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་ཐོག“བོད་ལྗོངས་ཀྱི་མཉམ་སྒྲོག་རོལ་དབྱངས་བརྩམས་ཆོས་འགྲེམས་སྟོན”ཞེས་པ་དཀྲོལ་ལེན་བྱས་ནས། གངས་ལྗོངས་ས་མཐོ་ཡི་རོལ་དབྱངས་སྙན་མོ་དེ་ལྟད་མོ་བ་ཚོའི་སྙན་ལམ་དུ་འབུལ།

བོད་ལྗོངས་ཀྱི་བཀོད་འདོམས་པ་སྤེན་པས་བཀོད་འདོམས་བྱེད་བཞིན་པ།
        ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་ཀྱི་འཁྲབ་སྟོན་ནི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི2024ལོའི་ལོ་འཁོར་གྱི་བརྒྱུད་སྤེལ་སྤེལ་རེས་དང་ཁྱབ་གདལ་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཤིག་ཡིན་པ་དང་། འཁྲབ་སྟོན་ཁྲོད་མི་སྣ་གྲགས་ཅན་མང་པོའི་བརྩམས་ཆོས་གྲགས་ཅན་འཁྲབ་སྟོན་བྱས་ཤིང་། དེའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་རོལ་དབྱངས་དང་དེང་རབས་མཉམ་སྒྲོག་རོལ་དབྱངས་ཟུང་འབྲེལ་བྱས་ཏེ། རིག་གནས་ཀྱི་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། མི་དེ་བས་མང་བས་བོད་ལྗོངས་ཀྱི་རོལ་དབྱངས་ཀྱི་ཡིད་དབང་འཕྲོག་ཤུགས་དང་གསར་གཏོད་མྱོང་རོལ་བྱེད་པ། གསར་བརྗེའི་ལོ་རྒྱུས་ཀྱི་དྲན་ཤེས་བསྐྱར་དྲན་བྱེད་པ། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་སྒྱུ་རྩལ་གྱི་མཛེས་པ་མྱོང་རོལ་བྱེད་ཆེད་རེད།
འཁྲབ་སྟོན་ཁྲོད་བེད་སྤྱོད་བྱེད་པའི་དུང་ཆེན།
        མཉམ་དཀྲོལ་རོལ་དབྱངས་དང་། མཉམ་སྒྲོག་རོལ་དབྱངས། རྐྱང་དཀྲོལ་རོལ་དབྱངས་སོགས་དཀྲོལ་གཏོང་གི་རྣམ་པ་མང་པོ་མངོན་པར་མ་ཟད། ད་དུང་དེའི་ནང་བོད་ལྗོངས་ཀྱི་སྲོལ་རྒྱུན་རོལ་ཆས་ཏེ། དཔེར་ན་སྒྲ་སྙན་དང་དུང་ཆེན་སོགས་བོད་རིགས་ཀྱི་སྲོལ་རྒྱུན་རོལ་ཆས་དཀྲོལ་གཏོང་སོགས་ཡོད་པ་དང་། རོལ་དབྱངས་ཀྱི་ཐོག་མའི་གསར་རྩོམ་དང་གསར་བརྗེའི་རོལ་དབྱངས་ལ་བརྟེན་ནས་བོད་ལྗོངས་ཀྱི་རོལ་དབྱངས་ཀྱི་ཉམས་འགྱུར་སོར་འཇོག་བྱས་པར་མ་ཟད། དེང་རབས་རོལ་དབྱངས་ཀྱི་གཞི་རྒྱུ་ཡང་འདྲེས་ཡོད་པས་བོད་ལྗོངས་ཀྱི་རོལ་དབྱངས་ཀྱི་སྣ་མང་རང་བཞིན་དང་གསར་གཏོད་རང་བཞིན། དེ་བཞིན་མཉམ་སྒྲོག་རོལ་དབྱངས་ཀྱི་ཕུན་སུམ་ཚོགས་པའི་མཚོན་ནུས་མངོན་པར་བྱས་ཡོད།


གངས་ལྗོངས་བུ་ཕྲུག་ཚན་སྡེབ་ཀྱིས《རྒྱ་མཚོ་ཐང》ཞེས་པའི་གླུ་གཞེས་ལེན་བཞིན་པ།

བོད་རིགས་ཕོ་གཞོན་གྱིས་གླིང་བུ་འབུད་བཞིན་པ།
        བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཚོགས་གཙོ་གཞོན་པ་དང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་ཚོགས་གཙོ་ཉི་མ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། ད་ཐེངས་པེ་ཅིང་རོལ་དབྱངས་ཚོམས་ཆེན་དུ་འཁྲབ་སྟོན་བྱེད་ཐུབ་པ་མ་ཟད། ཀྲུང་གོའི་མཉམ་སྒྲོག་རོལ་དབྱངས་ཚོགས་པ་དང་སླར་ཡང་མཉམ་འབྲེལ་བྱས་པ་འདི་ནི་ཧ་ཅང་རིན་ཐང་ལྡན་པའི་འཁྲབ་སྟོན་གྱི་གོ་སྐབས་ཤིག་རེད་ལ། སློབ་སྦྱོང་གི་གོ་སྐབས་ཡག་ཤོས་ཤིག་ཀྱང་རེད་ཅེས་བཤད། ད་ཐེངས་ཀྱི་འཁྲབ་སྟོན་གྱི་བརྩམས་ཆོས་ཚང་མ་ནི་བོད་ལྗོངས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་བརྩམས་ཆོས་ཤ་སྟག་ཡིན་ཞིང་། དེའི་ནང་ལུའོ་ཉན་དབྱི་དང་སྐལ་བཟང་དར་རྒྱས་གཉིས་པོའི《བོད་ལྗོངས་ཀྱི་རོལ་དབྱངས་ཚོགས་པ-ངའི་ཕ་ཡུལ་གཉིས་པར་ཕུལ》དང《བོད་ལྗོངས་ཀྱི་གོམས་སྲོལ》ཞེས་པ་ཡོད། ཁོང་གིས་དེ་སྔོན་དམག་སྡེ་བཅོ་བརྒྱད་པའི་རྗེས་སུ་འབྲངས་ནས་བོད་ལྗོངས་སུ་སྐྱོད་པའི་བློ་མཐུན་རྒན་གྲས་དེ་དག་གིས་བོད་ལྗོངས་སུ་རྩ་བ་ཚུགས་པ་དང་། འཚོ་བར་ཟབ་འཇུག་བྱས་པ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་མང་པོ་ཞིག་གིས་དགའ་པོ་བྱེད་པའི་རོལ་དབྱངས་བརྩམས་ཆོས་གསར་རྩོམ་གནང་བ་དང་། ཁོང་ཚོས་མེས་རྒྱལ་དང་བོད་ལྗོངས་ལ་བཅངས་པའི་དགའ་ཞེན་ཟབ་མོ་མཚོན་པས་ང་ཚོས་བློ་ལ་བརྟན་པོར་ངེས་པ་དང་གུས་བཀུར་ཞུ་འོས་པ་ཞིག་རེད་ཅེས་གསུངས། ད་དུང་བོད་ལྗོངས་ཀྱི་ཕུལ་བྱུང་གསར་རྩོམ་པ་མང་པོས་བརྩམས་པའི《ནང་མ》དང་།《དུས་ཆེན་གྱི་སྐོར་བྲོ》《ཕ་ཡུལ་གྱི་བརྩེ་བ》《ལོ་ལེགས་ཀྱི་མཚན་མོ》སོགས་ཀྱི་བརྩམས་ཆོས་ནང་དུ། དགའ་སྤྲོའི་གླུ་གར་ཡོད་ལ། ཕ་ཡུལ་དྲན་པའི་གླུ་དབྱངས་ཀྱང་ཡོད། ད་དུང་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་དགའ་སྤྲོའི་གླུ་དབྱངས་ཡང་ཡོད་པས། རང་སོ་སོའི་ཁྱད་ཆོས་ལྡན་ཞིང་། མི་རིགས་རོལ་དབྱངས་ཀྱི་ཁྱད་ཆོས་མངོན་ཡོད་ལ། དེང་དུས་བོད་ལྗོངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་པར་བྱས་ཡོད།