ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དིང་རིའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོ་ལ་མྱ་ངན་ཞུས།

སྤེལ་དུས 2025-01-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས13ཉིན་ནི་བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8ཅན་བྱུང་བའི་ཉིན་བདུན་པ་དེ་ཡིན། སྔ་དྲོའི་ཆུ་ཚོད9དང་སྐར་མ30སྟེང་དིང་རིའི་ས་ཡོམ་རིམ་པ6.8ཅན་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཞུ་བའི་མཛད་སྒོ་དེ་དིང་རི་རྫོང་གི་གནོད་འཚེ་ཚབས་ཆེ་ཤོས་ཀྱི་གྲམ་སོ་ཞང་དུ་འཚོགས་ཤིང་། རོགས་སྐྱོབ་ནང་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་དང་། མེ་ཟོན་རོགས་སྐྱོབ་མི་སྣ། སྤྱི་བདེ་མི་དམངས་ཉེན་རྟོག་པ། སྨན་དོན་མི་སྣ། གཞོན་ནུ་དང་བླངས་པ་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱི་ལས་བཟོ་དང་། ལས་བྱེད་ལས་བཟོ། གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་འཐུས་མི་བཅས་མི་བརྒྱ་ཕྲག་ཁ་ཤས་མཛད་སྒོ་ལ་ཞུགས། མཛད་སྒོ་ཡུལ་དངོས་སུ། མཁའ་ཟོན་ཉེན་བརྡ་གྲགས་པ་དང་བསྟུན་ནས། དེ་གར་ཡོད་པའི་མི་རྣམས་ཀྱིས་ཞྭ་མོ་ཕུད་ནས་གུས་སྟབས་ཀྱིས་ལངས་ཏེ་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་སྐར་མ་གསུམ་ལ་ཞུས་པ་རེད།

            ཟླ་དང་པོའི་ཚེས7ཉིན་སྔ་དྲོའི་ཆུ་ཚོད9དང་སྐར་མ5སྟེང་བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8ཅན་བྱུང་། ད་ཐེངས་ཀྱི་ས་ཡོམ་གྱི་རིམ་པ་མཐོ་བ་དང་ཤུགས་དྲག་ཆེ་བས། སྤུན་ཟླ126སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་། ཁང་པ27248ལ་གཏོར་སྐྱོན་ཐེབས་པ་དང་། དེའི་ཁྲོད་དུ་ཁང་པ3612རྡིབ་ཡོད། ས་ཡོམ་གྱིས་དིང་རི་དང་། ལྷ་རྩེ། ས་སྐྱ། ས་དགའ། གཏིང་སྐྱེས་སོགས་རྫོང5ཡི་ཞང་གྲོང26གི་གྲོང་ཚོ(སྡེ་ཁུལ)206ལ་ཤུགས་རྐྱེན་ཐེབས་ནས་མང་ཚོགས་ཁྲི6.15ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཐེབས་ཡོད།

ཡུལ་དངོས་སུ་ཡོད་པའི་མི་རྣམས་ཀྱིས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཞུ་བཞིན་པ།
            ས་ཡོམ་བརྒྱབ་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་སྤྱི་འདོམས་བྱས་ནས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་རོགས་སྐྱོབ་དུས་ཚོད་ཡག་ཤོས་དམ་འཛིན་གྱིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་འཚོལ་སྐྱོབ་བྱེད་པ་དང་། རྨས་མ་སྐྱོབ་བཅོས་བྱེད་པ། གནོད་འཚེ་ཐེབས་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་འོས་འཚམ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་པ། ལྷག་པར་དུ་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ། ཀྲུང་དབྱང་ཁེ་ལས་སོགས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་གྲང་ངར་ཆེ་ལ་དབྱང་རླུང་མི་འདང་བའི་དཀའ་ངལ་ཁྱད་དུ་བསད་ནས་དུས་ཚོད་དམ་འཛིན་གྱིས་མི་སྣ་འཚོལ་སྐྱོབ་བྱས་ནས་མི་ཤི་རྨས་བྱུང་ཚད་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཉུང་དུ་བཏང་ཡོད།

ཡུལ་དངོས་སུ་ཡོད་པའི་མི་སྣས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཞུ་བཞིན་པ།
            མིག་སྔར། མང་ཚོགས407བདེ་བླག་ངང་སྐྱོབ་ཐུབ་པ་དང་། གནོད་འཚེ་ཐེབས་པའི་མང་ཚོགས་ཁྲི4.75ལྷག་ཙམ་ལ་བཀོད་སྒྲིག་འོས་འཚམ་ཐུབ་པ། ཡོམ་འགོག་གེགས་སེལ་གྱི་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། བོད་ལྗོངས་ཀྱིས་གནས་སྐབས་བཀོད་སྒྲིག་དང་བར་བརྒལ་དུས་སྐབས་ཀྱི་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྤྱི་འདོམས་ཡག་པོ་བྱས་ཏེ། གནོད་འཚེ་ཐེབས་པའི་མང་ཚོགས་ཚོ་དྲོ་སོབ་སོབ་ངང་དགུན་ཁ་སྒྲོལ་བར་འགན་ལེན་བྱེད་བཞིན་ཡོད།

ཡུལ་དངོས་སུ་ཡོད་པའི་མི་སྣས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཞུ་བཞིན་པ།
            གནོད་འཚེ་ཡིས་མི་རིགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཞིང་། ཆར་རླུང་ཁྲོད་ནས་སྒུལ་མི་ཐུབ་པའི་གདུང་མ་མཐོན་པོར་འདེགས། ས་ཡོམ་གྱི་མདུན་དུ་ང་ཚོས་ལན་བརྒྱ་ཕམ་ཡང་ཡིད་ཐང་མི་ཆད་པ་དང་དཀའ་བར་མི་འཛེམ་པར་མདུན་དུ་བསྐྱོད། ཁྱིམ་གཞིས་བསྐྱར་སྐྲུན་བྱེད་སྐབས་ང་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་ནས་ཡོད་ཚད་རེ་བས་ཁེངས་འདུག