ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་གྲོལ་བ།

སྤེལ་དུས 2025-01-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཚེས་22ཉིན་གྱི་ཕྱི་དྲོ་ལྷ་སར་གྲོལ་ཞིང་། འདི་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བཞིན་པ།
  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཚེས་22ཉིན་གྱི་ཕྱི་དྲོ་ལྷ་སར་གྲོལ་ཞིང་། འདི་ནི་ཚོགས་ར་ཡིན་པ།
  ཟླ་1ཚེས་22ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ལྷ་སར་གྲོལ་བ་རེད།
  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་རེད།
  ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་དང་། ཀརྨ་ཚེ་བརྟན་དང་། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་། ལེགས་མཆོག པ་སངས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་དགོས་པའི་འཐུས་མི་428ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི་381ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
  ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད། བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་སྔོན་རྩིས་སྐོར་གྱི་གྲོས་ཆོད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། བོད་རང་སྐྱོང་ལྗོངས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་རེད།
  ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་རིང་། འཐུས་མི་ཚང་མས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་བསྣམས་ནས། ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་བཅས་བྱས་པ་དེ་ཐོག་ནས། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ་མངོན་ཡོད། ཚོགས་ཆེན་སྒྲིག་འཛུགས་གཟབ་ནན་དང་། ཚོགས་སྲོལ་དྲང་ནན། གོ་རིམ་ཚད་ལྡན་བཅས་ཡོད་ཅིང་། དེ་ནི“གཏན་འཁེལ་གཉིས”ལ་སྙིང་དབུས་ནས་བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོང་གཉིས”
  ལྷག་བསམ་རྣམ་དག་གིས་ལག་བསྟར། དར་ཆ་མཐོན་པོར་སྒྲེང་བ། མི་སེམས་གཅིག་ཏུ་སྒྲིལ་བ། གསར་འབྱེད་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པས། དེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གདེང་ཚོད་བརྟན་གཏོང་དང་འགན་འཁྲི་ཁུར་བ་དང་བྱས་རྗེས་འཇོག་པར་སྔར་བས་སྐུལ་མ་ཐེབས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་ངེས་རེད།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་བཀོད་སྒྲིག་ལྟར། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་དང་འཕེལ་རྒྱས་གཏིང་ཟབ་གཏོང་བ། སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་དགོས།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ཡང་དག་བྱས་ནས། “གཏན་འཁེལ་གཉིས”ལ་སྔར་བས་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཐོག “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པ་དང་ཡག་པོ་སྤྱད་དེ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་བཅས་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་རྩ་བ་ཚུགས་ཏེ་འབྲས་བུ་སྨིན་པར་འགན་ལེན་བྱེད་དགོས། ཁྲིམས་ལྟར་འགན་འཁྲི་ཁུར་བ་དང་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། མི་དམངས་འཐུས་ཚོགས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འཇུག་སྒོ་དང་ཤུགས་རྒྱག་ས་ཡང་དག་བཙལ་ཏེ། ཏང་ཨུད་ཀྱི་ལྟེ་བའི་ལས་དོན་གང་དུ་ཡོད་ཚེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གར་སྤེལ་བ་དང་། སྟོབས་ཤུགས་དེ་གར་གཅིག་སྡུད། ནུས་པ་དེ་གར་འདོན་པ་བཅས་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་མཐའ་འཁྱོངས་ཀྱིས་ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ། ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་བཞིན་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་གྱི་ཉམས་མྱོང་ཡག་པོ་དང་བྱེད་སྟངས་ཡག་པོ་དག་ཁྲིམས་སྲོལ་ལམ་ལུགས་སུ་དུས་ཐོག་ཏུ་རིམ་སྤོར་བྱེད་དགོས་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ལྟ་སྐུལ་གྱི་འགན་འཁྲི་ལག་ལེན་ནན་ཏན་བསྟར་བ་དང་། “གཞུང་གཅིག་ཨུད་གཅིག་ཁང་གཉིས”ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། ལྟ་སྐུལ་གྱི་ཕན་འབྲས་དངོས་ཆེ་རུ་ཏན་ཏིག་གཏོང་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་དམངས་ཆེད་ལས་དོན་སྒྲུབ་པའི་དམིགས་ཡུལ་ལག་ལེན་བསྟར་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཟབ་ཏུ་གཏོང་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། དམངས་གཙོའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་ཐུབ་པར་བྱེད་དགོས་པ་དང་། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་དམངས་འཚོའི་བདེ་རྩ་སྔར་བས་ཆེ་རུ་གཏོང་དགོས་པ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྣེ་ཁྲིད་དེ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་འབོད་སྒྲ་དང་འདོད་བློ་ཏན་ཏིག་མཚོན་པར་བྱས་ནས། ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་དག་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་དེ་བས་མཐུན་པ་དང་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་དེ་བས་མཚོན་པར་བྱེད་དགོས། དམ་པ་དོན་གཉེར་དང་འགན་འཁྲི་ཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་སྔར་བས་ཡག་པོ་འདོན་དགོས། རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། བྱང་ཚད་མཐོ་བའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དཔུང་ཁག་ཧུར་ཐག་བཏོད་ནས། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྤུས་ཚད་ལེགས་སུ་དང་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་དགོས་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་སེམས་ལ་འཆང་བ་དང་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འཕེལ་རིམ་གསར་པ་ཡོང་བར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ནས། ལོ་རྒྱུས་དང་། ལག་ལེན། མི་དམངས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། སྲིད་ཇུས་སྒྲོག་འགྲེལ་དང་། འབྲེལ་བ་མཐུན་སྦྱོར། མཐུན་སྒྲིལ་ཟབ་གཏོང་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབས་ནས། སྤྱི་ཚོགས་ཕྱོགས་ཁག་གི་བསམ་བློ་དང་བྱ་སྤྱོད་དེ་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་དགོས།
  ཡན་ཅིན་ཧའེ་ཡིས་གསུངས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ཐོག “མི་དམངས་འཐུས་ཚོགས་ཀྱི་ནུས་པ”དང་། “ཁྲིམས་སྐྱོང་གི་སྟོབས་ཤུགས” “ལམ་ལུགས་ཀྱི་ཕན་ནུས”བཅས་ལ་བརྟེན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་གཞོལ་དགོས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མི་དམངས་འཐུས་ཚོགས་ལས་དོན་གྱི་ཁ་ཕྱོགས་ཆེན་པོ་དང་། རྩ་དོན་ཆེན་པོ། གནས་ལུགས་ཆེན་པོ་བཅས་བརྟན་སྲུང་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བོད་ཀྱི་ལག་ལེན་རྒྱུན་ཆད་མེད་པར་གཏིང་ཟབ་བསྟར་དགོས་པ་དང་། སྤྱི་ཡོངས་ལ་མཉམ་འདྲེས་ཀྱིས་འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཁྲིམས་འཛུགས་ཀྱི་གཙོ་ཁྲིད་ནུས་པ་འདོན་པ། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། སྤུས་ཚད་མཐོ་བའི་འཚོ་བ། བཅོས་སྐྱོང་ནུས་ཆེ་བཅས་ལ་རམ་འདེགས་དེ་བས་གང་ལེགས་བྱེད་དགོས་པ། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པ་མཐའ་འཁྱོངས་ཀྱིས“ལས་ཁུངས་བཞིའི”ངེས་གནས་ཀྱི་བླང་བྱ་གཞིར་བཟུང་། མི་དམངས་འཐུས་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། དེ་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།