ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་མཚན་ཚོགས་སུ་མེ་ཏོག་རྫོང་གི་ཡུལ་ལྗོངས་བསྟན་པས་ཡུལ་སྐོར་བ་145%འཕར་བ།

འདི་ནི་དབྱར་དུས་ཀྱི་སྒོར་སྒོར་ཐང་ཡིན་པ། (དཔྱད་གཞིའི་པར)
“ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་ལེ་ཚན་ལྟ་རྒྱུ་བྱུང་བར་ང་ཧ་ཅང་དགའ་པོ་བྱུང་། དེ་ནི་མི་དང་རང་བྱུང་ཁམས་མཉམ་འདྲེས་ཡག་པོ་བྱུང་བའི་མཛེས་རིས་ཤིག་རེད”
“ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལས་བོད་ལྗོངས་ལ་འཛིན་པའི་ལྟ་སྟངས་རྦད་དེ་འགྱུར་ལྡོག་བྱུང་སོང”
འཁྱུག་དབྱིངས་དང་། དཔོད་ཕྲན། Bས་ཚིགས་སོགས་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་ཆེ་གྲས་ཁག་ནས་བསྟན་པའི་སྐར་མ་བརྒྱད་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་ངོ་མཚར་རྣམ་པས་དྲ་གྲོགས་ཚོའི་ཡིད་དབང་རབ་ཏུ་འཕྲོག་སྟེ་ལན་འཇོག་པ་དང་བོད་ལྗོངས་སུ་གང་འདྲ་བྱས་ཏེ་ཡུལ་སྐོར་བྱེད་དགོས་མིན་འཚོལ་བཤེར་བྱས་ཡོད། བརྙན་ལམ་ནས་བོད་ལྗོངས་ཀྱི་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་དང་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་བསྟན་པས་རྒྱལ་ཡོངས་ཀྱི་ལྟད་མོ་བའི་ཡིད་ཀྱི་བརྟན་པ་ཡོངས་སུ་འཕྲོག་ཡོད།
མེ་ཏོག་རྫོང་རིག་གནས་དང་ཡུལ་སྐོར་ཅུས་སོགས་སྡེ་ཚན་གྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་1པའི་ཚེས་28ཉིན་ནས་ཟླ་2ཚེས་3ཉིན་བར་མེ་ཏོག་རྫོང་གིས་ཁྱོན་ཡུལ་སྐོར་བ་མི་ཐེངས་11881ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་145%འཕར་ཡོད། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་573.72ཟིན་ནས་ན་ནིང་གི་དུས་མཚུངས་ལས་139%འཕར་ཡོད། ཟླ་1པའི་ཚེས་31ཉིན། མེ་ཏོག་རྫོང་གི་ཡུལ་སྐོར་བའི་གྲངས་འབོར་མང་ཤོས་མི་ཐེངས་2807ཟིན་ཡོད།
ཀོང་ཏུང་གི་ཡུལ་སྐོར་བ་ཧོ་དབྱིན་ཀྲེན་དང་དབྱང་ཧུང་གིས“ང་ཚོས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་སྐར་ཆ་90ཡི་བོད་ལྗོངས་ཀྱི་དྲིལ་བསྒྲགས་བརྙན་ལམ་བལྟས་རྗེས་མེ་ཏོག་རྫོང་དུ་ཡོང་བ་ཡིན། དེ་གའི་གངས་རི་དང་། གདོད་མའི་ནགས་ཚལ། ཆུ་འཛིན། ཇའི་ལྡུམ་ར་བཅས་པིར་གྱིས་བྲིས་པ་ལྟར་འདུག་ལ། སྒོར་སྒོར་ཁུག་ཆེན་གྱི་མཛེས་ལྗོངས་དེ་བས་བརྗིད་ཉམས་ལྡན་པ་ཞིག་འདུག”ཅེས་བརྗོད་བྱུང་།
ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་འཁྲབ་ཁྲིད་པས་ངོ་སྤྲོད་བྱས་པར་གཞིགས་ན། དཔྱིད་གསར་མཚན་ཚོགས་ཀྱི་སྐར་ཆ་90ཡི་བོད་ཀྱི་དྲིལ་བསྒྲགས་བརྙན་ལམ་གྱི་ཐོག་མའི་པར་རྒྱག་གི་བསམ་ཕྱོགས་ནི་བོད་ཀྱི་གྲོང་ཁྱེར(ས་ཁུལ)བདུན་གྱི་མཛེས་ལྗོངས་གཙོ་བོར་བཟུང་བ་མ་ཟད། བོད་ལྗོངས་ཀྱི་ཚ་ཁུལ་རྒྱུན་ལྗང་ལོ་ཆེན་གྱི་ནགས་ཚལ་མཛེས་ལྗོངས་ཁུལ་འབའ་ཞིག་ཡིན་པའི་མེ་ཏོག་རྫོང་གི་སྒོར་སྒོར་ཐང་ལ་བརྟེན་ནས་ཉིང་ཁྲིའི“ལྗང་མདོག”རྣམ་པ་ཡང་མངོན་པར་བྱས་ཡོད།
སྒོར་སྒོར་ཐང་ནས་བཀྲ་ཤིས་ཀྱི་མཚོན་རྟགས་མངོན་ལ། གནས་དེར་ཡར་ཀླུང་གཙང་པོའི་སྦྲུལ་དབྱིབས་ཀྱི་ཁུག་ཆེན་ཞེས་ཀྱང་བརྗོད། གངས་ལྗོངས་ས་མཐོའི་ཆུ་བོ་མཉམ་དུ་འདུས་པའི་ཡར་ཀླུང་གཙང་པོ་སྒོར་སྒོར་ལ་སྐོར་ནས་བཞུད་ཅིང་། བདེ་ཞིང་ཤང་གི་ལྗོངས་གཟིགས་སྒང་ནས་རྒྱང་ལྟ་བྱས་ཚེ། མི་རྣམས་ཀྱིས་སྦྲུལ་གཟུགས་ལྟར་གྱི་ཆུ་བོ་དང་ཚང་ཚིང་གི་ནགས་ཚལ་མཐོང་ཐུབ།