སྒོར་ཁྲི70ལྷག་ཟིན་པའི་གྱོད་གཞི་ཞིག་རྩད་ཆོད་འདུག
སྤེལ་དུས 2025-02-18
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་པ་པོ།
རང་རྒྱལ་དུ་རྡོ་ཐ་ནི་དམིགས་བསལ་ལས་རིགས་ཤིག་ཡིན་པས། དེར་ཆེད་ཚོང་དང་ཆེད་མངག་དོ་དམ་བྱེད་ཀྱི་ཡོད་པ་དང་། གལ་སྲིད་རྡོ་ཐ་བཙོང་དགོས་ན། ངེས་པར་དུ་རྡོ་ཐ་སིལ་ཚོང་བྱས་ཆོག་པའི་ལག་ཁྱེར་ཡོད་དགོས།
ཉེ་དུས། གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུད་དང་གཞིས་ཀ་རྩེ་གྲོང་ཁྱེར་རྡོ་ཐ་ཅུད་ཀྱིས་ཁྲིམས་འགལ་ཐོག་རྡོ་ཐ་གསོག་ཉར་བྱས་པའི་གྱོད་གཞི་ཞིག་རྩད་ཆོད།
ཟླ2པའི་ཚེས12ཉིན་གྱི་ཕྱི་དྲོའི་ཆུ་ཚོད4པར། གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་མངག་གཏོང་ཁང་ལ་ཁྲིམས་འགལ་ཐོག་རྡོ་ཐ་གསོག་ཉར་བྱས་པའི་དོགས་གཞི་ཡོད་པའི་ཁུངས་སྣེ་ཞིག་འབྱོར་བ་དང་། བརྟག་དཔྱད་བྱས་པ་བརྒྱུད། ཉིན་དེའི་དགོང་མོའི་ཆུ་ཚོད10པར་ཉེན་རྟོག་པ་དང་རྡོ་ཐ་ཅུད་ཀྱི་ཁྲིམས་འཛིན་མི་སྣས་རྒྱ་མཚོ་གཞུང་ཤང་དགྲ་འདུལ་གྲོང་ཚོའི་བོགས་གཏོང་ཁང་པ་ཞིག་ནས་དོགས་ཡོད་ཉེས་ཅན་ཝུའུ་ཆེ་གེ་མོ་བཟུང་བ་དང་འབྲེལ་གྱོད་གཞི་དང་འབྲེལ་བའི་རྡོ་ཐ་རྙེད་ཡོད་པ་རེད། ཁྲིམས་འཛིན་མི་སྣས་ཁྲིམས་བཞིན་རྡོ་ཐ་དེ་དག་ཐོ་བཀོད་བྱས་པ་དང་། རྩིས་བརྒྱབ་པ་བརྒྱུད། དེའི་ནང་ཐ་མག་རིགས24ཡོད་པར་ཁྱོན་རྐང་ཁྲི139.06ཟིན་ཅིང་། དངུལ་ལ་ཕབ་ན་ཁྱོན་སྒོར་ཁྲི70ལྷག་ཟིན་གྱི་ཡོད་པ་རེད། ད་ལྟ་གྱོད་གཞི་དེ་གཞིས་ཀ་རྩེ་གྲོང་ཁྱེར་རྡོ་ཐ་ཅུད་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྡོ་ཐའི་ཆེད་ཚོང་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་གི་དོན་ཚན་ཉེར་གསུམ་པའི་ནང་གསེས་དོན་ཚན་གཉིས་པ་ལྟར་ན། རྡོ་ཐའི་ཆེད་ཚོང་སིལ་ཚོང་ཆོག་འཐུས་ལག་ཁྱེར་ཐོབ་པའི་ཁེ་ལས་སམ་ཡང་ན་མི་སྒེར་གྱིས་ས་གནས་དེ་གའི་རྡོ་ཐའི་ཆེད་ཚོང་སྡེབ་ཚོང་ཁེ་ལས་ནས་ཚོང་ཟོག་ནང་འདྲེན་བྱ་དགོས་པར་མ་ཟད། རྡོ་ཐའི་ཆེད་ཚོང་ཆོག་འཐུས་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་དང་ལེན་བྱ་དགོས། ས་གནས་དེ་གའི་རྡོ་ཐའི་ཆེད་ཚོང་སྡེབ་ཚོང་ཁེ་ལས་ནས་ཚོང་ཟོག་ནང་འདྲེན་མ་བྱས་པའི་སྒྲིག་འགལ་བྱ་སྤྱོད་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྡོ་ཐའི་ཆེད་ཚོང་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་གི་དོན་ཚན་ང་དྲུག་པའི་གཏན་འབེབས་གཞིར་བཟུང་། རྡོ་ཐའི་ཆེད་ཚོང་སིལ་ཚོང་ཆོག་འཐུས་ལག་ཁྱེར་ཐོབ་པའི་ཁེ་ལས་སམ་ཡང་ན་མི་སྒེར་གྱིས་སྲོལ་ཡིག་དེའི་དོན་ཚན་ཉེར་གསུམ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལས་འགལ་ཚེ། རྡོ་ཐའི་ཆེད་ཚོང་སྲིད་འཛིན་གཙོ་གཉེར་ཚན་པས་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏང་རྒྱུ་དང་། ཚོང་ཟོག་ནང་འདྲེན་བྱས་པའི་བསྡོམས་འབོར་གྱི་བརྒྱ་ཆའི5ཡན་ནས10མན་གྱི་དངུལ་ཆད་བཅད་ཆོག
རྡོ་ཐ་ནི་རྒྱལ་ཁབ་ཀྱིས་ཆེད་ཚོང་ཚོང་ཟོག་རིགས་ཤིག་ཡིན་པས། རྡོ་ཐའི་བཅའ་ཁྲིམས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ན། འབྲེལ་ཡོད་ཆོག་འཆན་མ་ཐོབ་ན། ལས་ཁུངས་སམ་མི་སྒེར་གང་རུང་གིས་ཁྲིམས་འགལ་ཐོག་རྡོ་ཐའི་ཐོན་རྫས་སྐྱེལ་འདྲེན་དང་གསོག་ཉར། ཕྱིར་ཚོང་བཅས་བྱས་ཆོག་གི་མེད།