——པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཡུལ་ཤུལ་དུ་བསྐྱོད་པ།
སྒྲིག་པ་པོའི་གཏམ། 2010ལོའི་ཟླ4ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཤུལ་རྫོང་དུ་ས་ཡོམ་རིམ་པ་7.1ཅན་བྱུང་བས་རྒྱལ་ཡོངས་མི་དམངས་ཀྱིས་དེ་ལ་སེམས་ཁྲལ་ཆེན་པོ་བྱས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྱང་ཐེངས་འདིའི་ས་ཡོམ་ལ་གཙིགས་མཐོང་ཆེན་པོ་གནང་ཞིང་། གནོད་འཚེ་ཆེན་པོར་གདོང་གཏོད་པར། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་གཅིག་སེམས་གཅིག་ལ་གཏད་ནས་མཉམ་དུ་ཡུལ་ཤུལ་མི་དམངས་ལ་རོགས་རམ་གྱིས་རང་བྱུང་གི་གནོད་འཚེ་འདི་འགོག་ཐབས་བྱས། ཚེ་སྲོག་མང་པོ་ཤོར་ནས་ལོ་ངོ་བརྒྱད་བཞུད་ཅིང་། ལོ་ངོ་བརྒྱད་ནི་ཞུམ་པ་མེད་པའི་ཚེ་སྲོག་གི་དཔང་པོ་ཡིན། སྔོན་ཆད་གང་སར་ཞིག་རལ་ཉམས་ཆག་ཏུ་གྱུར་པའི་ཡུལ་ཤུལ་གྱིས་ཡང་བསྐྱར་སྐྱེ་བ་བླངས་པ་བཞིན། ཚེ་སྲོག་དང་རེ་བ་གསར་པ་བསྐྱེད་བཞིན་ཡོདདྲན་པ་མ་ཉམས་བར་དུ་དྲན་གདུང་ལ་ཉམས་པ་མེད་པས། འདིར་《ཀྲུང་གོའི་བོད་ལྗོངས》དུས་དེབ་ཀྱིས་ཡུལ་ཤུལ་ས་ཡོམ་གྱི་ཆེད་དོན་རབ་དང་རིམ་པ་ཞིག་སྤེལ་མྱོང་བ་ཡང་བསྐྱར་བཀོད་ནས། ཤོར་བའི་ཚེ་སྲོག་དང་འདས་པའི་དུས་ཚོད་ཡོད་ཚད་ལ་མྱ་ངན་ཞུས་པ་ཡིན།
པར་འདི་ནི་2010ལོའི་ཟླ་5ཚེས་14ཉིན་གྱི་ཞོགས་པར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཡུལ་ཤུལ་འབའ་ཐང་གནམ་གྲུ་ཐང་དུ་འབྱོར་བ་ཡིན།
2010ལོའི་ཟླ་5ཚེས་14ཉིན་ནི་ཡུལ་ཤུལ་ལ་མཚོན་ན་དམིགས་བསལ་གྱི་ཉིན་མོ་ཞིག་སྟེ། ཟླ་4ཚེས་14ཉིན་ས་ཡོམ་རིམ་པ་7.1ཅན་བྱུང་ནས་ཟླ་གཅིག་སོང་རྗེས་ཀྱི་ཉིན་མོ་འདིར། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་སྐུ་ཕྲེང་བཅུ་གཅིག་པ་མཆོག་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཏེ་ཡུལ་ཤུལ་ཁུལ་སྐྱེ་རྒུ་མདོ་གྲོང་རྡལ་དུ་བསླེབས། དེ་ཡང་གནོད་འཚེ་ཐེབས་ཁུལ་ལ་བསྔོ་སྨོན་གསུང་རྒྱུའི་གཏམ་སྙན་ནི་སྔ་མོ་ནས་གང་སར་ཁྱབ་ཡོད་པས། དད་ལྡན་མང་ཚོགས་ཀྱིས་བླ་སྤྲུལ་ཆེན་པོ་འདི་ཉིད་ཞལ་མྱུར་དུ་མཇལ་བར་ངང་སྒུག་བྱེད་བཞིན་ཡོད།
ཉིན་དེའི་ཞོགས་པར། སྐྱེ་རྒུ་མདོ་གྲོང་རྡལ་ནས་འབའ་ཐང་གནམ་གྲུ་ཐང་གི་ལམ་འགྲམ་གཉིས་སུ་མང་ཚོགས་རྣམས་ཀྱིས་མཇལ་དར་དང་མེ་ཏོག་སོགས་འཁྱེར་ནས་བྱམས་སེམས་ཅན་གྱི་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ཕེབས་པར་བསུ་མ་བྱེད་བཞིན་ཡོད།
པེ་ཅིན་ནས་འཕུར་ཡོང་བའི་ཆེད་གཏོང་གནམ་གྲུ་འབབ་རན་འདུག བླ་མ་བློ་བཟང་ལུང་རིགས་རྒྱ་མཚོས་གདུགས་ཆེན་པོ་དེ་བསྣམས་ནས་དུས་ཚོད་གཅིག་ལྷག་ཕྱིན་སོང་། བླ་མ་བློ་བཟང་ལུང་རིགས་རྒྱ་མཚོ་ནི་རྒྱས་བཟང་དགོན་པ་དང་། འབུམ་དགོན་ཕྱོགས་ལས་རྣམ་རྒྱལ་གླིང་། ཧ་ཤུལ་དགོན་པ་བཅས་ཀྱི་དགོན་བདག་བླ་མ་ཡིན་ཞིང་། ཆེད་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་བསུ་མར་སླེབས་ཡོད། ཁོང་དང་མཉམ་དུ་ད་དུང་སྐྱེ་རྒུ་དགོན་དང་བྲག་མགོ་དགོན་སོགས་ཡུལ་ཤུལ་གྱི་དགོན་ཆེན་དག་གི་བླ་སྤྲུལ་ཆེ་གྲས་བདུན་བསླེབས་འདུག ཁོང་ཚོ་ཚང་མས་ཕྱག་ཏུ་མཇལ་དར་སེར་པོ་བསྣམས་ཏེ་འབའ་ཐང་གནམ་གྲུ་ཐང་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ཕེབས་སྒུག་ཞུས།
སྔ་དྲོ་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གནམ་གྲུ་འབའ་ཐང་གནམ་གྲུ་ཐང་དུ་བབས། སྤྱི་ཚོགས་ལས་རིགས་ཁག་གི་མི་རྣམས་ཀྱིས་ཆིབས་བསུ་གྲལ་ཤར་རིང་པོ་ཞིག་བསྒྲིགས་ནས་གནམ་གྲུའི་སྒོ་འབྱེད་པར་སྒུག ཡར་སྔོན་གྱི་ཉིན་འགའི་རིང་ཡུལ་ཤུལ་དུ་གངས་མ་ཆར་རྒྱུན་པར་འབབ་ནའང་། ཉིན་འདིའི་གནམ་ཟླ་ནི་ཧ་ཅང་དྭངས་ལ། དྲོད་འཇམ་གྱི་ཉི་འོད་དང་དཔྱིད་རླུང་འཇམ་པོ་ཞིག་ཀྱང་དལ་བར་ལྡིང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་གདུགས་བཀར་རྒྱུ་འགན་བཞེས་པའི་བླ་མ་བློ་བཟང་ལུང་རིགས་རྒྱ་མཚོས་ཡར་སྔོན་ལ་གལ་སྲིད་ཉིན་འདིར་ལྷགས་རླུང་ལྡིང་ཚེ་རང་ཉིད་གཅིག་པུས་གདུགས་བཀར་བའི་འོས་འགན་འགྲུབ་མིན་ཅི་ཆ་སེམས་ཁྲལ་ཆེ་ནའང་། གནམ་གཤིས་འདི་འདྲ་ལེགས་པོ་མཐོང་དུས་རིན་པོ་ཆེའི་ཐུགས་རང་བཞིན་གྱིས་དྭངས། དཔྱིད་ཀ་ཚུགས་ཀྱང་འབའ་ཐང་ནི་སྔར་བཞིན་དགུན་དུས་ཀྱི་རྣམ་པར་གནས་ཤིང་། ཆིབས་བསུ་པའི་ཁ་བཏགས་དག་ན་སྐྱི་བསེར་རླུང་བུའི་ཁྲོད་ན་ལྷབ་ལྷུབ་ཏུ་གཡོ། དེ་ཡང་ཁ་བཏགས་ཀྱི་བཀྲག་མདངས་རྣམ་པར་བཀྲ་བ་དེས་འབའ་ཐང་རྩྭ་ཐང་ལ་གསོན་ཤུགས་ཤིག་སྦྱིན་པས། མི་རྣམས་ཀྱིས་དྲོད་ཁོལ་དང་རེ་བ་ཞིག་ངང་གིས་ཚོར།རྗེས་སུ་ངས་ཡུལ་ཤུལ་དང་འབྲེལ་ཡོད་ཀྱི་གནས་ཚུལ་མཐོང་སྐབས། མཛེས་སྡུག་ལྡན་པའི་རྣམ་པ་འདི་ལམ་སེང་མིག་ལམ་དུ་འཁོར་གྱིན་འདུག
ཅང་མ་འགོར་བར་གནམ་གྲྭའི་འབབ་སྒོ་ཕྱེས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཞལ་འཛུམ་དང་བཅས་ཏེ་ཐེམ་སྐས་ལས་བབས་པ་དང་། མཚོ་སྔོན་ཞིང་ཆེན་དང་ཡུལ་ཤུལ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་རྣམས་པས་སྤྲོ་སེམས་འཁོལ་བའི་ངང་ནས་མཇལ་དར་བསྒྲོན། ཡུལ་ཤུལ་གྱི་བླ་སྤྲུལ་ཆེན་པོ་བདུན་གྱིས་ཀྱང་མཇལ་དར་ཕུལ་ནས་ཕྱག་དབང་བླངས། གཞན་ཡང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་མཉམ་དུ་ཕེབས་པ་ནི་ཁོང་གི་ཡོངས་འཛིན་དང་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པ་བཅུ་ལྷག དེ་མིན་ཕྱག་ཞབས་པ་ཁ་ཤས་བཅས་ཡོད།
4•14ས་ཡོམ་རྗེས་ཀྱི་ཏག་ཏག་ཟླ་གཅིག་གི་ཉིན་དེའི་ཞོགས་པར། ཤར་ཕྱོགས་གསེར་རིའི་མགོ་ནས་ཉི་མ་སེར་པོའི་གསེར་འོད་ལམ་ལམ་འབའ་ཐང་རྩྭ་ཐང་དང་ཡུལ་ཤུལ་འཛིན་མའི་ཁྱོན་ལ་འཕྲོས། ཆིབས་བསུ་པའི་རླངས་འཁོར་འབའ་ཐང་གནམ་གྲུ་ཐང་ནས་མགྱོགས་མྱུར་ངང་སྡུག་བསྔལ་ཚད་མེད་ཀྱིས་མནར་བའི་སྐྱེ་རྒུ་མདོ་གྲོང་རྡལ་ལ་ཆིབས་བསྒྱུར་གནང་། སྐྱེ་རྒུ་མདོ་གྲོང་རྡལ་གྱི་ལམ་ཁར། ས་གནས་མང་ཚོགས་ཀྱིས་པཎ་ཆེན་ལགས་ཀྱི་རླངས་འཁོར་རུ་ཁག་མཐོང་བའི་ཚེ་ལག་ཟུང་ཐལ་མོ་སྦྱར་ནས་སྨོན་ལམ་འདེབས་པའམ། ཡང་ན་ཁ་བཏགས་དང་མེ་ཏོག་བཟུང་ནས་བསུ་མ་བྱེད། སྐྱེ་རྒུ་མདོ་གྲོང་རྡལ་དུ་མི་དེ་བས་ཀྱང་མང་པོ་ཞིག་གིས་སྐྱེ་རྒུ་དགོན་འདབས་བར་གྱི་ཁྲོམ་གཞུང་ཧྲིལ་པོར་ཁེངས་ཤིང་མི་ཚོགས་ཀྱི་ཀློང་ནས་རླངས་འཁོར་རུ་ཁག་སྐྱེ་རྒུ་དགོན་པར་བསླེབས།
སྐྱེ་རྒུ་དགོན་པ་ནི་ས་སྐྱ་ལུགས་ཀྱི་དགོན་སྡེ་ཞིག་ཡིན་ལ། ཡུལ་ཤུལ་སྐྱེ་རྒུ་མདོ་རུ་ཆགས་ཡོད་ཅིང་། ཡུལ་ཤུལ་ཁུལ་གྱི་ས་སྐྱ་བའི་དགོན་སྡེ་ཆེ་ཤོས་དེ་ཡིན། དགོན་པའི་བཟོ་བཀོད་གཙོ་བོར་འདུ་ཁང་དང་། བཤད་གྲྭ། ལྷ་མོ་མཆོད་ཁང་སོགས་ལྷ་ཁང་གསུམ་ཡོད་པ་དེས་ས་ཁྱོན་སྨི་གྲུ་བཞི་མ4000ལྷག་ཟིན། ད་ཡོད་ཀྱི་གྲྭ་བཙུན་614དང་གྲྭ་ཤག་386ཡོད་པ་དེས་ས་ཁྱོན་སྨི་གྲུ་བཞི་མ6176ཟིན། གཞན་གྱི་བཟོ་བཀོད་12ཙམ་ཡོད། 1937ལོའི་ཟླ་12པའི་ཚེས་1ཉིན། པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཆོས་ཀྱི་ཉི་མ་མཆོག་ཡུལ་ཤུལ་བརྒྱུད་ནས་དབུས་གཙང་དུ་ཆིབས་བསྒྱུར་གནང་སྐབས་ཡུལ་ཤུལ་སྐྱེ་རྒུ་དགོན་ནས་དགོངས་པ་རྫོགས་པ་ཡིན། དགེ་འདུན་པ་ཞིག་གིས་ང་ལ་“པཎ་ཆེན་སྐུ་ཕྲེང་དགུ་པ་ནི་སྐྱེ་རྒུ་དགོན་ནས་དགོངས་པ་ཆོས་དབྱིངས་སུ་འཐིམས་ཀྱང་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ཡུལ་ཤུལ་སྐྱེ་རྒུ་དགོན་དུ་སླེབས་མ་ཐུབ། དེ་བས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་འདི་རུ་སླེབས་པ་ང་ཚོ་ཧ་ཅང་དགའ”ཞེས་བཤད་བྱུང་། ཐེངས་འདིའི་ས་ཡོམ་གནོད་འཚེའི་ཁྲོད་དུ་སྐྱེ་རྒུ་དགོན་གྱི་དགེ་འདུན་པ་8གྲོངས་ཤིང་། ལྷ་ཁང་3དང་གྲྭ་ཤག་386ཚང་མ་ལ་གནོད་སྐྱོན་ཕོག་ཡོད།

རི་མོ་ནི་གནས་སྐབས་ཀྱི་འདུ་ཁང་ནང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ས་ཡོམ་ཁྲོད་ཀྱི་འདས་པོ་རྣམས་ལ་བསྔོ་སྨོན་གསུངས་པའི་ཚུལ་ཡིན།
ས་ཡོམ་ཁྲོད་འདུ་ཁང་ཞིག་རལ་དུ་གྱུར་པས། འདུ་ཁང་མདུན་གྱི་ཐང་སྟོང་ནས་རས་གུར་ཆེན་པོ་གཉིས་ཕུབ་ནས་གནས་སྐབས་ཀྱི་འདུ་ཁང་བྱས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྐྱེ་རྒུ་དགོན་དུ་འབྱོར་རྗེས། འཕྲལ་དུ་རས་གུར་གྱི་འདུ་ཁང་ནང་ནས་འདས་པོ་རྣམས་ལ་བསྔོ་སྨོན་གསུངས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གནས་སྐབས་ཀྱི་ཆོས་ཁྲིར་བཞུགས་་ཤིང་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པ་དང་སྐྱེ་རྒུ་དགོན་གྱི་དགེ་འདུན་པ་བརྒྱ་ཕྲག་ལྷག་མདུན་དུ་ཚོགས་གྲལ་བསྒྲིགས་ཏེ་རྒྱ་ཆེན་རྣམ་དག་གི་བསྔོ་སྨོན་གསུངས་པ་རེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་དགེ་འདུན་པ་བརྒྱ་ཕྲག་ལྷག་གིས་《འཇམ་དཔལ་མཚན་བརྗོད》སོགས་གསུངས་ནས་ས་ཡོམ་ཁྲོད་ཀྱི་འདས་པོའི་རྣམ་ཤེས་རྣམས་ཡར་འདྲེན་ཡོང་བར་བསྔོས་ཤིང་། ས་ཡོམ་གནོན་སྐྱོན་ཐེབས་ཁུལ་གྱི་འགྲོ་བ་སེམས་ཅན་ཐམས་ཅད་རང་བྱུང་གི་གནོད་འཚེ་ལས་རྣམ་པར་རྒྱལ་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་དང་དུས་བདེ་ཞོད་འཇགས་ཀྱི་འཚོ་བ་རོལ་རྒྱུར་སྨོན་ལམ་བཏབ། སྨོན་ལམ་ཕལ་ཆེར་ཆུ་ཚོད་གཅིག་རིང་འཚོགས་ཤིང་། དེའི་རྗེས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་དགེ་འདུན་པ་རྣམས་འདུ་ཁང་གི་ཐང་ཆེན་དུ་བསྐྱོད་ནས་ཞལ་ས་ཡོམ་ཁྲོད་ཀྱི་འདས་པོའི་བེམ་པོ་སྦྱིན་བསྲེགས་བྱེད་སར་འཁོར་ནས་《བྱང་ཆུབ་སེམས་དཔའི་སྤྱོད་པའི་བསྔོ་ཡིག》གསུངས་པ་དང་། འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་ཞིང་གཏན་དུ་བདེ་བ་ཐོབ་པའི་སྨོན་ལམ་བཏབ།
སྨོན་ལམ་གསུངས་རྗེས། པཎ་ཆེན་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་རུ་ཞལ་ལག་མཆོད་པར་ཕྱིན། རླངས་འཁོར་རུ་ཁག་སྐྱེ་རྒུ་དགོན་གྱི་རི་འདབས་སུ་སླེབས་མ་ཐག་གནས་དེར་དད་ལྡན་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཀྱིས་ལམ་འགྲམ་དུ་སྒུག་ཡོད་པས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རླངས་འཁོར་ལས་བབས་ཏེ་རེ་རེ་བཞིན་ཕྱག་དབང་གནང་། ཨ་མ་རྒན་མོ་ཞིག་གིས་ལག་ཏུ་མཇལ་དར་དཀར་པོ་ཞིག་བཏེགས་ཏེ་པཎ་ཆེན་རིན་པོ་ཆེ་རང་གི་མིག་མདུན་དུ་ཡོད་པ་མཐོང་འཕྲལ་རང་དབང་མེད་པར་ངུ་བཤུམ་བྱས། རིན་པོ་ཆེས་ཕྱག་དབང་གནང་སྐབས། ཁོང་མོས་མགོ་བོ་སྒུར་ནས་རིན་པོ་ཆེའི་མཚན་ཡང་ཡང་ཟློ་ཞིང་སྨོན་ལམ་ཤུགས་དྲག་པོས་བཏབ།
གལ་སྲིད་མི་ཞིག་ཐེངས་འདིའི་ས་ཡོམ་གྱི་ཁྲོད་ནས་གཉེན་ཉེ་བོར་ཚེ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གནས་འདིར་ཕེབས་པ་ནི་ཁོང་ཚོར་མཚོན་ན་སེམས་གསོ་ཆེན་པོ་ཞིག་ཡིན།
རི་མོ་ནི་བྲག་མགོ་དགོན་གྱི་འདུ་ཁང་ཡིན།
ཕྱི་དྲོར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ས་ཡོམ་ཁྲོད་གནོད་འཚེ་ཚབས་ཆེན་ཕོག་པའི་བྲག་མགོ་དགོན་དུ་ཕེབས།
བྲག་མགོ་དགོན་ནི་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་ལ། ཡུལ་ཤུལ་སྐྱེ་རྒུ་མདོ་གྲོང་རྡལ་ནས་སྤྱི་ལེ་13ཡོད་པའི་བྲག་མགོ་གྲོང་ཚོར་ཆགས་ཡོད་ཅིང་ཡུལ་ཤུལ་ས་ཁུལ་གྱི་བཀའ་བརྒྱུད་པའི་དགོན་པ་གྲགས་ཅན་ཞིག་ཀྱང་ཡིན། དགོན་པ་ཡོངས་ལ་དགེ་འདུན་པ་235དང་། འདུ་ཁང་4། གྲྭ་ཤག་200།(རྒྱ་ཁྱོན་སྨི་གྲུ་བཞི་མ3200)ལྷ་ཁང་4(རྒྱ་ཁྱོན་སྨི་གྲུ་བཞི་མ3200)བཅས་ཡོད་ལ། བཟོ་བཀོད་ཆུང་གྲས་གཞན་8ཙམ་ཡོད། ད་ཐེངས་ཀྱི་ས་ཡོམ་གནོད་འཚེའི་ཁྲོད། དགོན་པ་ཡོངས་ནས་དགེ་འདུན་པ་26གྲོངས་པ་དང་། དགེ་འདུན་པ་36ལ་རྨས་སྐྱོན་ཕོགའདུ་ཁང་དང་གྲྭ་ཤག་ཚང་མ་ཞིག་རལ་དུ་གྱུར། ཁང་པ་ཆ་ཚང་བརྡིབས། དགོན་པ་གནས་སའི་བྲག་མགོ་གྲོང་ཚོར་སྤྱིའི་མི་འབོར་756དང་། དུད་ཚང་230ཡོད།ས་ཡོམ་ནང་སྡོད་ཁང་ཚང་མ་བརྡིབས་པ་དང་། མི་69རྐྱེན་ལམ་དུ་ཤོར།
རི་མོ་ནི་བྲག་མགོ་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་ཁ་བཏགས་གཡུག་གཡུག་བྱེད་པའི་ཚུལ་ཡིན།
བྲག་མགོ་དགོན་གྱི་བླ་མའི་ཕེབས་རོགས་འོག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་པོར་འདུ་ཁང་གི་སྒོ་ཁར་ཕྱིན་ནས་གནོད་འཚེའི་གནས་ཚུལ་ལ་གཟིགས་པ་དང་དགེ་འདུན་པ་རྣམས་ལ་འཚམས་འདྲི་གནང་། བྲག་མགོ་བླ་མས་གནོད་འཚེའི་གནས་ཚུལ་སྙན་ལམ་དུ་ཞུས། ཁོང་གིས་པཎ་ཆེན་རིན་པོ་ཆེར་ཞེང་ལ་སྨི་གཅིག་ལྷག་ཡོད་པའི་པར་ཞིག་བསྟན་ཅིང་། དེ་ལས་ས་ཡོམ་སྔོན་གྱི་དགོན་སྡེར་འདུ་ཁང་དང་མཆོད་རྟེན་ཧ་ཅང་མང་པོ་ཡོད་པ་མཐོང་ཐུབ། མདུན་གྱི་ཉམས་ཆག་ཞིག་རོ་འདི་དག་མཐོང་ཙ་ན་སེམས་ལ་ཕངས་སེམས་བརྗོད་དུ་མེད་པ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོངས། དེའི་རྗེས་ནས་པཎ་ཆེན་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་གྱང་རོའི་ཁྲོད་དུ་གཙང་བཤེར་གྱི་ལས་ལ་བྲེལ་བཞིན་པའི་རུ་ཁག་གཉིས་པའི་སྒྱོགས་དམག་རྣམས་ཀྱིས་ས་ཡོམ་གྱི་གནོད་པ་སེལ་བཞིན་པ་ལ་འཚམས་འདྲི་དང་། ཁོང་ཚོས་ཡུལ་ཤུལ་གནོད་སྐྱོན་ཐེབས་ཁུལ་གྱི་མི་དམངས་ལ་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས།
རི་མོ་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བྲག་མགོ་དགོན་དུ་གྲྭ་བ་མང་ཚོགས་ལ་ཕྱག་དབང་གནང་བའི་ཚུལ་ཡིན།
བྲག་མགོ་དགོན་གྱིས་ཀྱང་སྐྱེ་རྒུ་དགོན་དང་འདྲ་བར་རས་གུར་གྱིས་གནས་སྐབས་ཀྱི་འདུ་ཁང་དང་གྲྭ་ཤག་བཟོས་འདུག འོན་ཀྱང་བྲག་མགོ་དགོན་གྱི་བཟོ་བཀོད་ཚང་མ་བརྡིབས་ཟིན་པས། གནས་སྐབས་ཀྱི་དགོན་པ་སྔོན་གྱི་དགོན་ས་ནས་བར་ཐག་སྤྱི་ལེ་བཞི་ལྔ་ཙམ་ཡོད་པའི་བདེ་ཐང་དེར་མི་སྤོ་ཐབས་མེད་བྱུང་། རས་གུར་སྔོན་པོའི་བར་དུ། མ་དགོན་ནས་མྱུར་སྐྱོབ་བྱས་པའི་སྐུ་རྟེན་ཆེན་པོ་འགའ་བཞག་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གནས་སྐབས་ཀྱི་དགོན་པར་སླེབས་པ་དང་། དགོན་པའི་གྲྭ་བཙུན་ཡོངས་དང་བྲག་མགོ་གྲོང་ཚོའི་ཡུལ་མི་རྣམས་ནི་སྔ་མོ་ནས་འདི་རུ་སྒུག་འདུག སྨོན་ལམ་གསུངས་ཚར་རྗེས། པཎ་ཆེན་རིན་པོ་ཆེས་གནོད་འཚེ་ཕོག་པའི་གྲྭ་དམངས་སྟོང་ཕྲག་ཁ་ཤས་ལ་ཕྱག་དབང་གནང་། མི་མང་པོ་ཞིག་ས་ཡོམ་ཁྲོད་ནས་རང་ཉིད་ཀྱི་གཉེན་ཉེ་བོར་བས། རིན་པོ་ཆེ་དང་མཇལ་མ་ཐག་ངོ་གདོང་མཆི་མས་བརླན་ཞིང་སྡུག་བསྔལ་དང་དགའ་བ་ཅིག་ཅར་དུ་སྐྱེས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆིབས་བསུ་རུ་སླེབས་པའི་ས་གནས་ཀྱི་བོད་པ་འགས་ང་བཙལ་ཏེ་རིན་པོ་ཆེའི་སྐུ་པར་དང་སྲུང་འཁོར་གནང་རེ་ཞུས། ངས་ཕྱག་ཞབས་པའི་ལག་ནས་ལྷག་འཕྲོ་འགའ་ཞིག་ཡོད་པ་རྣམས་ཁོང་ཚོར་སྤྲད་པ་ཡིན། ཅང་མ་འགོར་བར། གང་ནས་ཡོང་བ་མ་ཚོར་ཡང་མི་བདུན་བརྒྱད་ཅིག་གིས་སླར་ཡང་པཎ་ཆེན་རིན་པོ་ཆེའི་སྐུ་པར་གནང་རེ་ཞུས་མོད། འོན་ཀྱང་ད་ནི་གཅིག་ཀྱང་ལྷག་མི་འདུག་པས་ཁོང་ཚོ་ཕངས་སེམས་དང་བཅས་ཕྱིར་ཕྱིན་སོང་།

རི་མོ་ནི་ཨ་མ་གཞོན་ནུ་མ་ཞིག་ཕྱག་དབང་ཐོབ་རྗེས་ངུ་བཤུམ་བྱེད་པའི་ཚུལ་ཡིན།
རི་མོ་ནི་ཕྱག་ཞབས་པས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་རབ་གནས་གནང་བའི་སྲུང་འཁོར་སྦྱིན་པའི་ཚུལ་ཡིན།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཉིན་གང་པོར་སྨོན་ལམ་གསུངས་ནས་ཕྱིར་གནམ་གྲུ་ཐང་དུ་ལོག་སྐབས་གཞི་ནས་ཕྱི་དྲོར་སླེབས་འདུག གཞུང་ལམ་གཞོགས་གཉིས་སུ་སྔར་བཞིན་མི་མང་པོས་སྒུག་ཡོད། རྨ་ཁའི་ཁེངས་པའི་ས་ཡོམ་གྱི་ཞིག་རོའི་ཁྲོད་ནས། ཁོང་ཚོས་ལག་ཏུ་དྲི་མེད་ཁ་བཏགས་དང་བཀྲག་མདངས་བཀྲ་བའི་མེ་ཏོག་ཆུན་པོ་བསྣམས་ནས། པཎ་ཆེན་རིན་པོ་ཆེ་ལ་མཇལ་བའི་རེ་བ་བཅངས། དེ་དང་ཆབས་ཅིག་ཁུ་སིམ་མེར་རིན་པོ་ཆེ་ལ་སྐྱེལ་མའང་བྱེད་བཞིན་ཡོད།
མི་མང་པོ་ཞིག་པཎ་ཆེན་ལགས་ལ་མཇལ་མ་ཐུབ་ལ་ཕྱག་དབང་ཡང་ལེན་མ་ཐུབ་མོད། འོན་ཀྱང་རིན་པོ་ཆེ་ཐེངས་འདིར་ཡུལ་ཤུལ་ལ་སླེབས་པ་དེས་སྡུག་བསྔལ་གྱིས་མནར་བའི་ཡུལ་ཤུལ་མི་དམངས་ལ་སེམས་གསོ་ཞིག་ཐོབ་ཅིང་ཡུལ་ཤུལ་བསྐྱར་འཛུགས་ལའང་རེ་བ་བྱུང་བ་རེད།
རི་མོ་ནི་སྨོན་ལམ་གསུངས་ཚར་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དུར་ཁྲོད་ཕྱོགས་ལ་གཟིགས་བཞིན་ཡང་བསྐྱར་སྨོན་ལམ་འདེབས་པའི་ཚུལ་ཡིན།
ཕྱིར་ཕེབས་སྐབས་ཆར་བ་སིམ་སིམ་ཞིག་བབས།ང་ཚོ་བོད་པའི་སེམས་སུ་སྦྲང་ཆར་སིམ་མ་འབབ་པ་ནི་བཀྲ་ཤིས་པའི་རྟེན་འབྲེལ་ཞིག་སྟེ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཕྱིར་ཕེབས་སྐབས་སྦྲང་ཆར་སིམ་མ་བབས་པ་འདི་ནི་ཡུལ་ཤུལ་མི་དམངས་ལ་མཚོན་ན། ལྷག་ཏུ་རང་གི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་བསྐྱར་སྐྲུན་བྱུང་རྒྱུའི་རྟེན་འབྲེལ་བཟང་པོ་ཞིག་རེད།