མཚོ་སྔོན་གྱིས་གནའ་བོའི་བང་སོ་སྔོག་ནས་རིག་དངོས་བརྐུས་པའི་གྱོད་གཞི་གཉིས་རྩད་ཆོད་པ།
སྤེལ་དུས 2018-05-21
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ། སྒྲོལ་མས་བསྒྲིགས།
མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེ་ཆར་གནའ་བོའི་བང་སོ་སྔོག་ནས་རིག་དངོས་བརྐུས་པའི་གྱོད་གཞི་གཉིས་བསྟུད་མར་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་5བཟུང་བ། གྱོད་འབྲེལ་གྱི་རྩ་ཆེའི་རིག་དངོས8ད་ལྟ་འདེད་ལེན་བྱེད་སྒང་ཡིན་པ་རེད།
2018ལོའི་ཟླ3ཚེས17ཉིན། མཚོ་སྔོན་གྱི་ཉེན་རྟོགས་ཕྱོགས་ཀྱིས་གནའ་བོའི་བང་སོ་སྔོག་ནས་རིག་དངོས་བརྐུས་པའི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་དེ་ཁྱོན་ཉེས་གསོག་དོགས་ཅན13བཟུང་བ་དང་བརྐུས་པའི་རིག་དངོས400ལྷག་ཙམ་ཚུར་བླངས་པ་རེད། དེ་རྗེས་ཉེན་རྟོག་པས་གནའ་བོའི་བང་སོ་སྔོག་པའི་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་སྐབས་བཟུང་བའི་ཉེས་གསོག་དོགས་ཅན་ཁྲོད་ཀྱི་མི་ཞིག་གིས་དེ་སྔ་དུར་ལམ་ནས་ཡིན་པའི་ཧོ་ཆེ་གེ་མོ་དང་ཝང་ཆེ་གེ་མོ་ཀ་པ་དང་མཉམ་དུ2016ལོར་དུར་ལམ་རྫོང་ཆུ་ཁོལ་ཤང་ཤིའུ་བེ་གནའ་བོའི་བང་སོ་དང་པོའི་ཉེ་འགྲམ་གྱི་བང་སོ་སྔོག་པ་མ་ཟད། ཕོར་པ་རྙིང་པ་ཞིག་སྒོར་ཁྲི20བྱས་ནས་བཙོངས་པ་ཤེས།
གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བརྟག་དཔྱད་དཔང་ལེན་དང་དོགས་ཅན་པ་འཛིན་པའི་ལས་དོན་མྱུར་པོ་སྤེལ་ཞིང་། ཟླ5ཚེས6ཉིན་གནའ་བོའི་བང་སོ་སྔོག་པའི་དོགས་པ་ཡོད་པའི་ཉེས་གསོག་དོགས་ཅན་ཧོ་ཆེ་གེ་མོ་དང་ཉེས་བསགས་དངོས་པོ་སྦ་གསང་བྱེད་མཁན་ཉེས་གསོག་དོགས་ཅན་ཧའེ་ཆེ་གེ་མོ་བཟུང་བ་དང་། ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་ཀ་པ་བྲོས་བྱོལ་དུ་སོང་ཡོད་པ་རེད།
ཟླ5ཚེས7ཉིན། མི་དམངས་ཉེན་རྟོག་པས་ཁུངས་སྣེ་གཞིར་བཟུང་མི་འགའ་ཤས་ཀྱིས་དུར་ལམ་རྫོང་ཤང་སྡེ་གྲོང་རྡལ་ཚྭ་ཁ་སྟོད་གྲོང་ཚོའི་ཉེ་འགྲམ་དུ་གནའ་བོའི་བང་སོ་སྔོག་པ་ཤེས། ཉིན་མཚན་བསྟུད་མར་སྒུག་བརྒྱབ་པ་དང་གྲལ་བཤེར་ཞིབ་ཚགས་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་ཡང་ཆེ་གེ་མོ་དང་སུང་ཆེ་གེ་མོ་ཉིན་གཉིས་པར་ཤང་སྡེ་གྲོང་རྡལ་ཤང་ཡོན་གྲོང་ཚོ་ནས་བཟུང་བ་དང་། ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་ཁ་པ་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་བཟུང་། འདྲི་ཞིབ་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་གསུམ་པོས2017ལོའི་ཟླ10པར་བང་སོ་སྔོག་པ་མ་ཟད། བརྐུས་པའི་རིག་དངོས7སྒོར་ཁྲི11བྱས་ནས་བཙོངས་པའི་ནག་ཉེས་ཚང་མ་ཇི་མ་ཇི་བཞིན་ཁས་བླངས་པ་རེད།