དམངས་སྤྱོད་མཁའ་འགྲུལ་མཚོ་སྔོན་མཁའ་ལམ་དོ་དམ་ཡན་ལག་ཅུས་ཀྱིས་ཝུའུ་ཧན་དུ་རོགས་སྐྱོར་བྱེད་མཁན་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་སྐོར་གཉིས་པའི་ཕྱིར་ལོག་ལས་འགན་བདེ་བླག་ངང་འགན་ལེན་བྱས་པ།
སྤེལ་དུས 2020-03-24
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
ཟླ3པའི་ཚེས17ཉིན་གྱི་ཆུ་ཚོད17དང་སྐར་མ28ཐོག་དུས་གཏན་གནམ་གྲུMU9004དེ་ཟི་ལིང་ཚའོ་ཅ་པའོ་གནམ་ཐང་དུ་འབྱོར་བ་དང་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་སྐོར་གཉིས་པའི་སྨན་དོན་མི་སྣ102བདེ་འཇགས་ངང་ཟི་ལིང་དུ་འབྱོར་བ་རེད།
འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཝུའུ་ཧན་ལ་རོགས་སྐྱོར་གནང་མཁན་སྨན་བཅོས་རུ་ཁག་སྐོར་གཉིས་པ་མཚོ་སྔོན་དུ་ཕྱིར་ལོག་པ་རེད།
དམངས་སྤྱོད་མཁའ་འགྲུལ་མཚོ་སྔོན་དོ་དམ་ཡན་ལག་ཅུས་གྲུ་སྟེགས་དོ་དམ་ཁང་ལ་ད་ཐེངས་ཀྱི་མཚོ་སྔོན་སྨན་བཅོས་ལས་དོན་མི་སྣ་མཚོ་སྔོན་དུ་ཕྱིར་ལོག་གི་འགན་ལེན་ལས་འགན་འབྱོར་རྗེས་ཚད་མཐོའི་མཐོང་ཆེན་གནང་ནས་འཕྲལ་དུ་ལས་རེས་མི་སྣ་བཀོད་སྒྲིག་བྱས་པ་དང་། ཚན་ཁག་དག་གི་འགོ་ཁྲིད་ཀྱིས་ཡུལ་དངོས་སུ་ལྟ་སྐུལ་བྱས་ནས་གཙོ་གནད་འགན་ལེན་བྱས་པ་རེད། གྲུ་སྟེགས་དོ་དམ་པས་སྔ་སྣུར་དུ་གནམ་ཐང་དུ་གནམ་གྲུ་འཇོག་ཡུལ་གཏན་འཁེལ་བྱས་པ་དང་འབྲེལ་བཤུད་ལམ་གྱི་ཆ་འཕྲིན་ཞིབ་དཔྱད་བྱེད་འགོ་ཚུགས་ཤིང་།འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་གནམ་གྲུ་དེ་ཐད་ཀར་འཕུར་རྒྱུའི་རེ་ཞུ་བྱས་ནས་འཕུར་སྐྱོད་དུས་ཚོད་ཇེ་ཐུང་དུ་བཏང་ནས“གོས་དཀར་ཕོ་ཉ”ཚོར་མཁའ་དབྱིངས་ཀྱི་ལྗང་མདོག་བགྲོད་ལམ་ཞིག་བཏོད་དེ་སྨན་དོན་དཔའ་བོ་ཚང་མ་སྔ་ཙམ་བདེ་འཇགས་ངང་ཁྱིམ་དུ་ལོག་ཐུབ་པ་བྱས་པ་རེད།
རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་ཤོར་ན་ཡང་འཇིགས་ཉེན་གྱི་དབང་གིས་གཡོལ་ཐབས་བྱེད་མི་རུང་། ཧུའུ་པེའི་རིམས་ནད་གནས་ཚུལ་ཛ་དྲག་ཡོད་སྐབས་མཚོ་སྔོན་གྱི་སྨན་བཅོས་ལས་དོན་མི་སྣས་འཇིགས་ཉེན་ལ་མ་བལྟོས་པར་ནད་དུག་ལ་ཁ་གཏད་དེ་མཚོ་བོད་ས་མཐོ་ནས་ཝུའུ་ཧན་དུ་བསྐྱོད་པ་རེད། དེང་ཆར་ཝུའུ་ཧན་གྱི་དཔྱིད་ཀ་དུས་ཚིགས་ལྟར་སླེབས་ཤིང་མེ་ཏོག་གི་ཚོགས་ཀྱང་དུས་ཆད་ལྟར་བཞད་ཡོང་ལ། ཆེས་མཛེས་པའི་ལྡོག་བཞུད་པ་དག་ཀྱང་རྒྱལ་ཁའི་ངང་ཕྱིར་ལོག་པ་རེད། མིག་སྔའི་བར་མཚོ་སྔོན་ནད་སྐྱོང་སྨན་བཅོས་རུ་ཁག་གིས་ནད་ཁུལ་དུ“ནད་པ་ཚེ་ལས་འདས་མེད་པ་དང་། སྨན་པ་དང་ནད་གཡོག་ལ་ནད་འགོས་མེད་པ། ལས་ཀར་ནོར་འཛོལ་མེད་པ”བཅས་མངོན་འགྱུར་བྱུང་ནས་ཝུའུ་ཁྲང་ཧྥང་ཚང་གི་སྨན་བཅོས་ལས་དོན་ཚང་མ་བདེ་བླག་ངང་ལེགས་གྲུབ་བྱུང་ནས“རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྔོན་ཐོན་ཐུན་མོང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། རིམས་ནད་ཀྱི་མདུན་དུ་ཁོང་ཚོས“འབོད་སྐུལ་དང་དུ་བླངས་ཤིང་དམག་འཐབ་རྒྱག་པར་མཁས་པ”དང་། “བཀའ་རྒྱར་སྒུག་པ་ལས་ཕྱིར་བཤོལ་མི་བྱེད་པ”“བདེ་ཐང་གི་ཆེད་དུ་ཚེ་སྲོག་ལ་སྲུང་སྐྱོར་རྒྱག་པ”བཅས་ནི་ཀུན་གྱིས་བརྩི་བཀུར་ཞུ་འོས་པ་ཞིག་ཡོད།
ཟླ2པའི་ཚེས4ཉིན། དམངས་སྤྱོད་མཁའ་འགྲུལ་མཚོ་སྔོན་དོ་དམ་ཡན་ལག་ཅུས་ཀྱིས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་རྡོག་ཐོན་བྱས་པ་དང་། ཟླ3པའི་ཚེས17ཉིན་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་རྒྱལ་ཁའི་ངང་ཕྱིར་ལོག་བྱས་པ་རེད། རིམས་ནད་ལ་འགོག་རྒོལ་བྱེད་སྐབས་སྐྱེས་མ་ཐག་དཔའ་ངར་མེད་ཀྱང་དཔའ་ངར་ཞུམ་མེད་ཀྱིས་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣ་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུའོ།།