——དམག་སྡེ་བཅོ་བརྒྱད་པའི་བུ་ཕྲུག་ཕ་མེས་བོད་དུ་སྐྱོད་པའི་ལམ་བུར་སྐྱོད་པའི་དཀར་མཛེས་རྫོང་གི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལོ་ངོ70ཡི་ཡར་སྔོན་དུ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པས་བཀའ་ ལྟར་སི་ཁྲོན་ནས་བོད་དུ་དཔུང་སྐྱོད་བྱས་ཏེ་བོད་ཞི་བས་བཅིངས་འགྲོལ་གཏོང་བ་དང་མེས་རྒྱལ་སྐམ་ས་ཆེན་མོ་གཅིག་གྱུར་ཡོང་བའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་ཆེད་བསུབ་ཐབས་མེད་པའི་བྱས་རྗེས་རླབས་ཆེན་བཞག་ཡོད། ལོ་ངོ70ཡི་རྗེས་སུ། དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་ཚོའི་རྗེས་རབས་པ་ཚོས་གསར་བརྗེའི་སྔོན་བྱོན་པའི་ཞབས་རྗེས་དེད་ནས་སླར་ཡང་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་བསྐྱོད་པ་རེད།
ཟླ10པའི་ཚེས5ཉིན། དམག་སྡེ་བཅོ་བརྒྱད་པའི་བུ་ཕྲུག་དག་སླར་ཡང་ཕ་མེས་བོད་དུ་སྐྱོད་པའི་ལམ་བུར་སྐྱོད་པའི་བྱེད་སྒོའི་དཀར་མཛེས་ཀྱི་བཞུགས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དུ་འཚོགས་པ་དང་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པའི་འཐུས་མི་དང་དཀར་མཛེས་རྫོང་གི་འབྲེལ་ཡོད་འགོ་ཁྲིད། ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་སོགས་ཚོགས་འདུར་ཞུགས་ཏེ། ཐུན་མོང་ཐོག་དམག་སྡེ་བཅོ་བརྒྱད་པའི་དཔའ་བོའི་མཛད་རྗེས་ལ་རྗེས་དྲན་ཞུས་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་པ་རེད།
འདི་ནི་བཞུགས་མོལ་ཚོགས་འདུའི་ཡུལ་དངོས་རེད།
དཀར་མཛེས་ཀྱི་ས་གཞི་དྲོན་མོའི་སྟེང་། དམག་སྡེ་བཅོ་བརྒྱད་པའི་དཔའ་བོ་ཚོའི་གཏམ་རྒྱུད་བརྩམས་ཡོད་པ་སྟེ། 1951ལོར་ཆབ་མདོའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་རྗེས། དམག་དཔུང་གི་མཁོ་སྤྲོད་ཐད་ཀྱི་དཀའ་ངལ་སེལ་ཆེད། དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་གིས་དཀར་མཛེས་རྫོང་གི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་ཟླ་ངོ7གྱི་རིང་སྐབས་དེའི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གནམ་ཐང་སྟེ་ཡུན་ཏེན་གནམ་ཐང་གསར་བསྐྲུན་གནང་ཡོད་ལ། དངོས་ཟོག་མཁོ་སྤྲོད་ཀྱི་མཁའ་ཐོག་བགྲོད་ལམ་ཤར་གཏོང་བྱས་ཤིང་། དེའི་རིང་། མི་སྣའི་འཚོ་བ་འགན་སྲུང་བྱེད་པའི་དུས་མཚུངས་སུ་མང་ཚོགས་ལ་བར་ཆད་མི་བཟོ་བར། དམག་དཔུང་གིས་གནམ་གྲུ་ཐང་འགྲམ་གྱི་རི་ལྡེབས་སུ“ཡན་ཨན་རྣམ་པའི”ས་ཕུག1600ལྷག་བསྐྲུན་པ་དང་། བུད་མེད་དམག་མི6ནི་གནམ་ཐང་མྱུར་བསྐྲུན་གྱི་ལས་དོན་ཁྲོད་ཚེ་སྲོག་ཤོར་ནས་དཀར་མཛེས་ཀྱི་ས་གཞི་ཆེན་མོར་ སྐུ་གཤེགས་པ་རེད།
“1950ལོར་ངའི་ཕ་མ་བོད་དུ་ བསྐྱོད་དགོས་བྱུང་ནས་ང་རང་ཧོ་པེའི་ཕ་ཡུལ་དུ་བསྐྱལ་པ་ཡིན་ལ། དེའི་རྗེས་ཕ་མ་གཉིས་ལ་མཇལ་འཛོམས་བྱུང་དུས་1955ལོ་རེད། ང་ཚོ་དམག་སྡེ་བཅོ་བརྒྱད་པའི་བུ་རབས་ཚ་རྒྱུད་མང་ཤོས་ཤིག་ལ་ཆུང་དུས་ཕ་མ་གཉིས་ཀྱིས་ཐུགས་ཁུར་ཐོབ་མེད་པ་དང་མང་ཆེ་བ་ནི་བུ་བཅོལ་ཁང་དང་སློབ་གྲྭར་འཚར་ལོངས་བྱུང་བ་ཤ་སྟག་རེད། ཁོང་ཚོས་བོད་ལྗོངས་མི་དམངས་ལ་མི་ཚེ་གང་པོར་སེམས་ཁྲལ་གནང་པ་དང་བོད་ལྗོངས་ཀྱི་འཕེལ་རྒྱས་ཆེད་ཁོང་ཚོའི་མི་ཚེ་གང་པོ་ལེགས་སྐྱེས་སུ་ཕུལ་ཡོད། དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཞ་ཁྲོན་གྱི་བུ་སྟེ་སྐམ་དམག་ཁྲབ་ལྡན་དམག་སློབ་གླིང་གི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་ལུའུ་ཅི་པིང་གིས་མྱོང་ཚོར་ཟབ་མོས་དེ་སྐད་ཟེར། ཕ་མའི་ཤུགས་རྐྱེན་ཐེབས་པས། ཁོ་ཚོས་ཆུང་དུས་ནས་དམག་སྡེ་བཅོ་བརྒྱད་པར་བག་ཆགས་ཟབ་མོ་བྱུང་ཡོད་ལ་སུབ་ཐབས་བྲལ་བའི་བོད་ལྗོངས་ཀྱི་དྲན་ཤེས་ཀྱང་ ཡོད། དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་ཚོའི་རྗེས་རབས་པ་ཞིག་ཡིན་པའི་ཆ་ནས། ཁོ་ཚོས་ཕ་མའི་སྙིང་སྟོབས་རྒྱུན་འཛིན་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་བོད་ལྗོངས་མི་དམངས་ཀྱི་བདེ་སྐྱིད་ཀྱི་འཚོ་བའི་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ངེས་རེད།

འདི་ནི་བཞུགས་མོལ་ཚོགས་འདུ་མཇུག་གྲིལ་རྗེས་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པའི་འཐུས་མི་ཚོས་མིང་རྟགས་བཀོད་དེ་དྲན་རྟེན་མཉམ་པར་བསྐྱོན་པ་རེད།
“དམག་སྡེ་བཅོ་བརྒྱད་པས་དཔུང་སྐྱོད་བྱེད་རིང་སྒྲིག་ཁྲིམས་ནན་སྲུང་དང་མི་རིགས་ཀྱི་ཡུལ་སྲོལ་དད་མོས་ལ་བརྩི་འཇོག་བྱེད་པ། དཀར་མཛེས་རྫོང་ཚུད་པའི་སི་ཁྲོན་མངའ་ཁོངས་ནང་གི་མི་རིགས་ཁག་གི་མང་ཚོགས་དང་བརྩེ་དུང་ཟབ་མོ་བཙུགས་ཡོད། ད་ལྟའི་བར་དུ་ད་དུང་ཡོངས་ཁྱབ་ཏུ་བསྔགས་བརྗོད་བྱེད་པའི་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་དུང་སྐོར་གྱི་གཏམ་རྒྱུད་གྲངས་མེད་བཞག་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད”ཅེས་ཀྲུང་གུང་དཀར་མཛེས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ལུང་མིག་ཨ་སྒྲོན་གྱིས་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་ནི་བསམ་པའི་རྒྱུ་ནོར་རིན་ཐང་བྲལ་བ་ཞིག་ཡིན་ལ། དུས་རབས་གསར་པར“རླབས་ཆེན་བཞི”ལ་སྐུལ་འདེད་གཏོང་བའི་བསམ་པའི་སྒུལ་ནུས་སྟོབས་ལྡན་ཞིག་ཀྱང་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་གི་ཞབས་རྗེས་དེད་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་སྣོད་བཅུད་ཞི་མཐུན་འབྱོར་འབྲིང་གི་དཀར་མཛེས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་བསྟན་བྱུང་།