ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

“སྦྲེལ་བ་བཞིའི་འཛུགས་སྐྲུན”ལས་སྡེ་སྟོབས་དམངས་ཕྱུག་གི་རྣམ་པ་མཐོང་བ།

སྤེལ་དུས 2022-06-28 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
  ཟླ5པའི་ཟླ་དཀྱིལ་དུ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཧོ་ཏུང་ཞང་ཨ་སྐོང་སྡེ་བའི་མཆོག་ལྡན་འདེབས་གསོ་ཆེད་ལས་མཉམ་ལས་ཁང་དུ་བསྐྱོད་པ་ན། གཡང་དཀར་ལུག་གི“འབའ་སྒྲ”རྣ་བར་ལྷུང་འོང་ལ། ཁོད་ཡངས་ཤིང་གྲ་དག་པའི“ལུག་ར”འགའ་མིག་ལམ་དུ་མངོན་ཡོང་། ལུག་འགའ་ཤས་བག་ཡངས་སུ་རྒྱུ་ཞིང་། འགའ་ཤས་ཉི་མར་ལྡེས་ནས་སྡོད། ཁ་ཅིག་གིས་མགོ་བསྒུར་ནས་ཆུ་འཐུང་བཞིན་འདུག ད་དུང་ལ་ལས་ལྡད་རྒྱག་བཞིན་འདུག མི་མེད་གནམ་གྲུའི་ནང་ཐུར་དུ་བལྟས་ཚེ། ལུག་ཁྱུ་དེ་དག་ནི་རྩྭ་ཐང་དུ་ལྷམ་མེར་བཞད་པའི་མེ་ཏོག་གི་ཆུན་པོ་རེ་རེ་བསིལ་རླུང་གིས་དལ་བུར་སྒུལ་བ་དང་གཉིས་སུ་མེད་ལ། མཛེས་སྡུག་ཡིད་དུ་འོང་བ་ཞིག་རེད།
  ཨ་སྐོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གུ་རུ་བཀྲ་ཤིས་ཀྱིས་གནམ་ལྡིང་ས་ལྡིང་བྱས་ནས་རྩེད་འཇོར་རོལ་བཞིན་པའི་ལུ་གུའི་ཁྱུ་ལ་ལྟ་བཞིན་དགའ་སྤྲོ་ཚད་མེད་སྐྱེས། ཁོའི་གདོང་ལ་འཛུམ་གྱིས་ཁེངས་བཞིན“གཅིག གཉིས། གསུམ”ཞེས་ལུ་གུའི་ཁ་གྲངས་རྩི་བ་དང་། “ད་ལོའི་ཟླ་བདུན་པ་ནས་བརྒྱད་པར་སླེབས་དུས། ང་ཚོའི་ལུ་གུ2400ནས2500ཕྱིར་བཙོང་ཐུབ་ཅིང་། དེ་ལས་ང་ཚོ་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ལྡན་དུ་གཏོང་ཐུབ་པར་མ་ཟད། སྡེ་མིའི་ཕྱུག་འགྱུར་ཡོང་འཕར་ལ་སྐུལ་འདེད་བྱེད་ཐུབ”ཟེར།
  གུ་རུ་བཀྲ་ཤིས་ཀྱིས2017ལོར་ལས་འགན་ཁུར་བའི་ཚུན་དུ། ཧ་ལམ་དུས་ཡུན་ལོ་ངོ5ཙམ་འདས་ཟིན་ལ། ཁོས་སྡེ་བའི་ནང་སྔོན་ཆད་བྱུང་མྱོང་བའི་དོན་དག་ཕྲན་བུ་རེ་ཕྱིར་དྲན་བྱས་ཚེ། དགའ་ཚོར་ཆེན་པོས་བརྟས་འདུག
  གུ་རུ་བཀྲ་ཤིས་ཀྱིས“སྔོན་ཆད་ང་ཚོའི་སྡེ་བའི་མང་ཚོགས་ཀྱི་བསམ་བློ་རྙིང་ཞེན་ཡིན་པ་དང་སྒེར་ས་གང་འདོད་དུ་བདག་འཛིན་བྱེད་པའི་གནད་དོན་ཚབས་ཆེ། སྡེ་བའི་ཁོར་ཡུག་ལ་བཙོག་ཟིང་ཞན་གསུམ་གྱི་གནད་དོན་ཡོད་པར་མ་ཟད། སྡེ་བར་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོའང་གཅིག་ཀྱང་མེད་པས། དབུལ་ཕོངས་སྡེ་བར་ངོས་འཛིན་བྱས་ཡོད་པས་མི་ཚད་ད་དུང་ཐག་ཉེ་རིང་ཀུན་ན་མིང་ཡོད་པའི‘གནད་དོན་སྡེ་བ’ཞིག་ཀྱང་ཡིན”ཞེས་བཤད། ཇི་ལྟར་བྱས་ན་ད་གཟོད་སྡེ་མིའི“རིག་པ་ཇེ་རྒོད”དང“ཁུག་མ་ཇེ་མཐུག”ཏུ་གཏོང་ཐུབ་པའི་གནད་དོན་དེ་གུ་རུ་བཀྲ་ཤིས་ཀྱི་སེམས་སུ་ཡུན་རིང་ཉར་བའི་དོན་ཆེན་ཞིག་ཏུ་གྱུར།
  མང་ཚོགས་ཀྱི་བསམ་བློ་རྗེས་ལུས་ཡིན་པའི་གནད་དོན་ཐག་གཅོད་ཆེད། ཨ་སྐོང་སྡེ་བའི“ཨུ་ལྷན་གཉིས”ཀྱི་མགོ་ཁྲིད་ཚན་ཁག་གིས་སྔ་རྗེས་སུ་མང་ཚོགས་རྩ་འཛུགས་བྱས་ཏེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར་སོགས་སུ་ཕྱིན་ནས་ལྟ་སྦྱོང་བྱས་པས། ཁོ་ཚོའི་མིག་རྒྱ་བསྐྱེད་པར་མ་ཟད་ཕྱུག་འགྱུར་གྱི་སེམས་ཤུགས་ཀྱང་ཇེ་ཆེར་སོང་། དེ་དང་ཆབས་ཅིག་ཏུ། ཨ་སྐོང་སྡེ་བས“སེམས་ཤུགས་གཅིག་སྡུད”ཀྱིས་ལས་ཀའི་མགོ་བརྩམས་ཏེ། ནུས་ཤུགས་ཆེན་པོ་བཏོན་ནས་ཞིག་རལ་དུ་གྱུར་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ཞིག་གསོ་བསྐྱར་སྐྲུན་བྱས་པའི་ཁར། སྡེ་བ་རིམ་པའི་དམངས་ཕན་ཞབས་ཞུ་ཚོམས་ཆེན་དང་སྡེ་བའི་འཕྲོད་བསྟེན་ཁང་། དེ་མིན་སྡེ་བ་རིམ་པའི་དཔེ་ཀློག་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཞིག་གསོ་བྱས་ཏེ། སྡེ་མིའི་ཐོན་སྐྱེད་འཚོ་བའི་ཆུ་ཚད་ལེགས་བཅོས་དང་མཐོར་འདེགས་བཏང་ལ། གསར་རྐྱང་དུ་བསྒྱུར་པའི་རྣམ་པ་དེས་སྡེ་མི་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཏེ། ཁོ་ཚོའི་ཕྱུག་འགྱུར་ཡོང་འཕར་གྱི་སེམས་འདུན་ཡང་སྔར་ལས་ཆེ་རུ་འཕེལ།
  དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ལྡན་དུ་འགྱུར་བ་དང་སྡེ་མི་ཚོའི་ཡོང་སྒོ་འཕར་བ་མངོན་འགྱུར་བྱེད་ཆེད་ཀྱི་སྐོར་ནས་གུ་རུ་བཀྲ་ཤིས་ཀྱིས་འདི་ལྟར་མཚམས་སྦྱོར་བྱས་པ་སྟེ། སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག ཉེ་བའི་ལོ་འགའི་རིང་ལ། ཁོ་ཚོས“ཐུན་མོང་ཐོན་ལས”ཀྱི“སྣ་ཐག”ལ་དམ་པོར་འཇུས་ཏེ། མཆོག་ལྡན་འདེབས་གསོ་ཆེད་ལས་མཉམ་ཁང་བཙུགས་པ་དང་། “ཏང་ཀྲི་པུའུ+མཉམ་ལས་ཁང+ཐོན་སྐྱེད་ཚན་ཁག+ཞིང་ཁྱིམ”གྱི་དཔེ་དབྱིབས་སྤྱད་དེ། ཐོན་ལས་ཀྱི་ལས་བགོ་ལྟར་ཞིང་ལས་ཐོན་སྐྱེད་དང་ཕྱུགས་ལས་ཐོན་སྐྱེད། ཞིང་ལས་འཕྲུལ་ཆས་ཞབས་ཞུ། ངལ་རྩོལ་ཕྱིར་གཏོང་། མི་རིགས་ལག་ཤེས་བཟོ་རྩལ་སོགས་ཐོན་སྐྱེད་ཚན་ཁག5སྒྲིག་འཛུགས་བྱས་ཤིང་། ཐོན་སྐྱེད་ཚན་ཁག་རེ་རེར་ཏང་ཚན་ཆུང་རེ་བཙུགས་པ་དང་ཀྲི་པུའུ་ཏང་ཡོན་གྱིས་ཚན་ཆུང་སོ་སོའི་ཚན་གཙོའི་འགན་འཁུར་དུ་བཅུག་སྟེ། འདེབས་འཛུགས་ལས་སྣོན་དང་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར། ཞིང་ལས་འཕྲུལ་ཆས་ཞབས་ཞུ། ངལ་རྩོལ་ཕྱིར་གཏོང་དང་མི་རིགས་གཙགས་དྲུབ་བཅས་ཐོན་ལས་ཆེན་པོ་ལྔ་འཕེལ་རྒྱས་སུ་བཏང་།
  གུ་རུ་བཀྲ་ཤིས་ལ་སྤྲོ་སྣང་ཚད་མེད་སྐྱེ་བཞིན་སྡེ་བའི་ནང་གི་ཐོན་ལས་ཆེན་པོ་ལྔ་མཚམས་སྦྱོར་བྱས་བྱུང་། ཞིང་ལས་ཐོན་སྐྱེད་ཚན་ཁག་གིས་གཙོ་བོ་སྨན་རྩྭ་འདེབས་འཛུགས་དང་། ཟར་མའི་སྣུམ་དང་ལོག་གར་སྣུམ་ལས་སྣོན་བྱེད་བཞིན་ཡོད་ལ། ཕྱུགས་ལས་ཐོན་སྐྱེད་ཚན་ཁག་གིས་སྡེ་མིའི་ལུ་གུ་མ་རྐང་དུ་བཞག་པར་བརྟེན་ནས་གཅིག་བསྡུས་སྒོས་གསོ་སྤེལ་བྱེད་པ་དང་། ཞིང་ལས་འཕྲུལ་ཆས་ཞབས་ཞུ་ཚན་ཁག་གིས་ཞིང་ལས་འཕྲུལ་ཆས་ཆེ་ཤོས་ཉོས་ནས་ས་སློག་རྨོ་འདེབས་དང་། འབྲུ་རིགས་བསྡུ་ཉར་བཅས་ཆེད་ལས་ཅན་གྱི་ཞབས་ཞུ་སྒྲུབ་པ་ཡིན་ལ། ངལ་རྩོལ་ཕྱིར་གཏོང་ཚན་ཁག་གིས་སྡེ་མི་ལག་རྩལ་ཅན་དང་ནུས་པ་ཅན་ཐོན་ལས་སྦྲེལ་ཐག་སོ་སོ་རུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པར་བཀོད་སྒྲིག་བྱེད་པ་དང་། མི་རིགས་གཙགས་དྲུབ་ཚན་ཁག་གིས་གཙགས་དྲུབ་ཀྱི་ལག་རྩལ་ལྡན་པའི་རྒན་པ་དང་ཁྱིམ་སྡོད་བུད་མེད་རྩ་འཛུགས་བྱས་ནས་གཙགས་དྲུབ་བྱེད་དུ་འཇུག་པ་བཅས་ཡིན་ཟེར།
  དེ་དང་ཆབས་ཅིག་ཨ་སྐོང་སྡེ་བས“ཀྲི་པུའུ་དེ་ཐོན་ལས་སྦྲེལ་ཐག་སྟེང་འཛུགས་པ་དང་ཏང་ཡོན་གྱིས་ཐོན་ལས་སྦྲེལ་ཐག་སྟེང་ལས་སྒྲུབ་བྱེད་པ། འཇོན་མི་ཐོན་ལས་སྦྲེལ་ཐག་སྟེང་གཅིག་བསྡུ་བྱེད་པ། མང་ཚོགས་ཐོན་ལས་སྦྲེལ་ཐག་སྟེང་ཕྱུག་པོར་བསྒྱུར་བ”བཅས་ནང་དོན་ཡིན་པའི“སྦྲེལ་ཐག་བཞིའི”འཛུགས་སྐྲུན་རྒྱ་བསྐྱེད་དེ། ཐོན་ལས་ཀྱི་རྨང་གཞི་སྟོབས་དང་ལྡན་ཞིང་མཉམ་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ། གྲོང་གསེབ་དར་སྤེལ་བྱེད་པ་བཅས་སྡེ་དམངས་ཕྱུག་འགྱུར་གྱི་བགྲོད་ལམ་གསར་པ་ཞིག་ཏུ་བསྐྱོད།
  མིག་སྔར། མཉམ་ལས་ཁང་དུ་ལས་རྐང110གསར་དུ་བཙུགས་ཏེ་ཚོང་གཉེར་ཡོང་སྒོ་སྒོར་ཁྲི140ལ་སླེབས་ཡོད། ཨ་སྐོང་སྡེ་བ་ནི་སྔོན་ཆད་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར5000ཙམ་ཡང་མི་ལོངས་པའི་རྗེས་ལུས་སྡེ་བ་ཞིག་ནས་ད་ལྟ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར12509ལ་སླེབས་པའི་ཐོན་ལས་སྟོབས་ལྡན་སྡེ་བ་ཞིག་ཏུ་གྱུར་ཡོད།
  གུ་རུ་བཀྲ་ཤིས་ཀྱིས་རྗེས་ཕྱོགས“ཏང་གི་འཛུགས་སྐྲུན་གྱིས་ཐོན་ལས་ལ་སྣེ་ཁྲིད”པའི་དཔེ་དབྱིབས་ལ་བརྟེན་ནས། ཧུར་ཐག་གིས་མང་ཚོགས་རྩ་འཛུགས་བྱེད་པ་དང་མང་ཚོགས་ལ་དྲིལ་སྒྲོག་བྱེད་པ། མང་ཚོགས་གོང་བུར་འགྲིལ་བར་བྱེད་པ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱིས། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་དངོས་ཤུགས་ནུས་ལྡན་གྱིས་ཇེ་དྲག་ཏུ་གཏོང་བ་དང་། གཞི་རིམ་གྱི་རྩ་འཛུགས་ནུས་པ་དང་བཅོས་སྐྱོང་ནུས་པ་མཐོར་འདེགས་བཏང་སྟེ། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་རྩ་འཛུགས་འགན་སྲུང་དང་། དངོས་པོའི་རྨང་གཞི་འདོན་སྤྲོད་བྱེད་པར་རྒྱུན་མཐུད་སྒོས་ཤུགས་བཏོན་ནས། གཞི་རིམ་གྱི་ཏང་གི་འཛུགས་སྐྲུན“སྒྲུལ་ཤུགས”སུ་བརྩིས་ནས། གྲོང་གསེབ་དར་སྤེལ་གྱི་བྱ་བཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བྱ་རྒྱུ་ཡིན་ཞེས་བཤད། །