ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ལག་འཆང་བོད་ཡིག་དཔེ་མཛོད་ཁང་།—གངས་ཅན་རིག་མཛོད་ཤར་གཏོང་བྱས།

སྤེལ་དུས 2022-11-28 ཡོང་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྩོམ་པ་པོ།

       2022ལོའི་སྤྱི་ཟླ11པའི་ཚེས28ཉིན་གྱི་སྔ་དྲོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་གཉེར་བའི་གངས་ཅན་རིག་མཛོད་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུའི་དྲ་ལམ་ཤར་གཏོང་གི་དབུ་འབྱེད་མཛད་སྒོ་ཁྲིན་ཏུའུ་གྲོང་ཁྱེར་དུས་རབས་མཁར་གྲོང་གི་རྒྱལ་སྤྱི་གསར་བའི་འགྲེམ་ཚོགས་ལྟེ་གནས་སུ་ཚོགས། དེས་རྒྱལ་ནང་གི་ཐོག་མའི་དབང་གྲགས་དང་མ་ལག་ལྡན་པའི་དྲ་ཐོག་བོད་ཡིག་གི་དཔེ་ཀློག་སྟེགས་བུ་དངོས་སུ་དབུ་བརྙེས་པ་མཚོན།

       སི་ཁྲོན་ཞིན་ཧྭ་དཔེ་སྐྲུན་འགྲེམ་སྤེལ་ཚོགས་པའི་ཏང་ཨུ་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་། ཞིན་ཧྭ་ཝན་ཤོན་དཔེ་སྐྲུན་སྨྱན་སྦྱོར་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུ་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་བློ་བཟང་རྡོ་རྗེ། སི་ཁྲོན་བོད་རིག་པ་ཞིབ་འཇུག་ཁང་གི་འགན་འཛིན་ཀྲོའུ་ཤིན་ཁྲའོ། ཞིང་ཨུ་དྲ་འཕྲིན་གཞུང་ལས་ཁང་གི་དྲ་རྒྱའི་འཕྲལ་སྡོམ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཧོས་ཞིན་ཡེའོ། དེ་མིན་ཞིང་ཨུ་དྲིལ་བསྒྲགས་པུའུ་ཡི་དཔེ་སྐྲུན་ཁྲུའུ། ཞིང་ཨུ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། སི་ཁྲོན་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། ཁམས་པ་བརྙན་འཕྲིན་ཁང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཆེད་རམས་པ་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས། 

       སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་ཚོགས་འདུའི་ཤིས་ཚིག་ཏུ་བརྗོད་དོན། གངས་ཅན་རིག་མཛོད་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུ་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་གྲངས་འཛིན་ཅན་གྱི་འཚོ་བ་དང་བསྟུན་ཆེད། ནང་དོན་ཐོན་སྐྱེད་ཞབས་ཞུའི་རྣམ་པ་ལེགས་སྒྲིག་གཏིང་ཟབ་དང་བོད་འབྲེལ་རིག་གནས་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་ཆེད་བཙུགས་པའི་བོད་ཡིག་དཔེ་དེབ་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་མཉམ་སྦྲེལ་དྲ་བའི་ལག་རྩལ་ལེགས་ཤོས་སྤྱད་པའི་དྲ་ལམ་དཔེ་ཀློག་སྟེགས་བུ་ཞིག་ཡིན་ཞིང་། དེ་ནི་རྒྱལ་ནང་གི་ཆེས་ཐོག་མའི་དབང་གྲགས་ཆེ་ཤོས་དང་འཐུས་སྒོ་ཚང་ཤོས། ཕྱོགས་ཡོངས་རང་བཞིན་ཅན་གྱི་བོད་ཡིག་དཔེ་དེབ་དཔེ་སྐྲུན་གྱི་ལྟེ་བའི་ཐོན་ཁུངས་ཀྱི་གྲངས་མཛོད་དང་དྲ་ལམ་དཔེ་ཀློག་སྟེགས་བུ་ཞིག་ཡིན། 

       ཚོགས་ཐོག་ཏུ། འབྲེལ་ཡོད་འགོ་ཁྲིད་དང་ཆེད་རམས་པ་རྣམས་ཀྱིས་གངས་ཅན་རིག་མཛོད་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུ་འདི་ཉིད་ནི་རྒྱལ་ནང་གི་ཕུལ་བྱུང་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུ་ཞིག་ཡིན་པའི་ཆ་ནས། དེས་ཀློག་པ་པོར་སྟབས་བདེའི་བོད་ཡིག་དཔེ་ཀློག་གི་ཞབས་ཞུ་དང་ཕྱོགས་ངེས་ཀྱི་ཤེས་བྱ་ཁྱབ་བརྡལ། སྤུས་ལེགས་དྲ་ལམ་རིག་གནས་ཐོན་རྫས་ཀྱི་མཁོ་འདོན་ཕུན་སུམ་ཚོགས་སུ་བཏང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་རྣམ་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པར་གདེང་འཇོག་དང་བསྔགས་བརྗོད་མཛད། 

       རྒྱུས་ལོན་བྱུང་བ་ལྟར་ན། སྟེགས་བུ་འདི་ཉིད་ཀྱིས་གྲངས་འཛིན་དཔེ་སྐྲུན་ཀྱི3.0གི་རྣམ་པ་བེད་སྤྱོད་བྱས་ཏེ། སྲོལ་རྒྱུན་དཔེ་དེབ་ཀྱི་ཐོན་ཁུངས་ལ་ཞིབ་ཕྲའི་ལས་སྣོན་དང་གྲངས་འཛིན་ཅན་དུ་བསྒྱུར་ནས་དྲ་ཐོག་དཔེ་དེབ་ཀྱི་རྣམ་པ་བྱས། དེས་དཔེ་དེབ་ཀྱི་ནང་དོན་ཕྱོགས་ཡོངས་ནས་འཚོལ་བཤེར་བྱེད་ཐུབ་པས་ཀློག་པ་པོར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། མིག་སྔར། སྟེགས་བུ་འདིར་བོད་ཡིག་དཔེ་དེབ2000ལྷག་ནང་འཇུག་བྱས་ཡོད་ཅིང་། བྱེ་བྲག་ཏུ་གཙོ་གནད་ཀློག་དེབ་དང་མཚན་ཉིད། གནའ་དཔེ། རྩོམ་རིག ལོ་རྒྱུས། གེ་སར། རྣམ་ཐར། དཔྱད་རྩོམ། ཁྲིམས་ལུགས། དམངས་སྲོལ། མཛེས་རྩལ། བྱིས་པའི་ཀློག་དེབ། གསོ་རིག སྐར་རྩིས། ཚན་རྩལ། གསུང་འབུམ་སོགས་སུ་དབྱེ་ཡོད། ཐེངས་འདིར་སྐད་འཕྲིན་གྱི་གོ་རིམ་ཆུང་བ་དང་ཁེ་ལས་ཅན་གྱིpcགློག་ཀླད་པར་མ་ཤར་གཏོང་བྱས་ཡོད་པ་དང་།དེས་ཡུལ་ཁོངས་དང་དུས་ཚོད་ཀྱི་བཀག་རྒྱ་གཏོར་ཏེ་རིམ་བཞིན་ཕྱོགས་ཡོངས་ནས་སྐུལ་རེས་བྱེད་པ་མངོན་འགྱུར་གཏོང་ཐུབ།

       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། “ང་ཚོས་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་དང་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱབ་སྟེ། རིག་གནས་ཀྱི་གདེང་ཚོད་དང་རང་སྟོབས་རང་འཕེལ་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་འོད་སྟོང་གསར་པ་གཏོད་པ། གོང་བུར་འགྲིལ་ཤུགས་དང་ཁྲིད་སྟོན་བྱེད་ནུས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་དང་། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ། རྒྱལ་ཁབ་ཀྱི་རིག་གནས་གྲངས་འཛིན་ཅན་དུ་འགྱུར་བའི་འཐབ་ཇུས་ལག་བསྟར་དང་། དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ།  ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྔར་བས་སྲ་བརྟན་བར་ཤུགས་སྣོན་རྒྱག་དགོས།”དེས་དུས་རབས་གསར་པའི་བོད་ཡིག་དཔེ་དེབ་དཔེ་སྐྲུན་ལ་ཁ་ཕྱོགས་གསལ་སྟོན་དང་བླང་བྱ་གསར་པ་བཏོན་ཡོད། སྟེགས་བུ་འདི་ནི་བོད་ཡིག་དཔེ་སྐྲུན་ཁྱབ་ཁོངས་ཀྱི་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། གྲངས་འཛིན་དུས་རབས་ཀྱི་རྣམ་པ་གསར་པའི་བོད་ཡིག་དཔེ་སྐྲུན་ཁྱབ་སྤེལ་མ་ལག་གཏོད་པའི་དགོས་ངེས་ཀྱི་ལྷུ་ཚིགས་ཤིག་རེད།

       དུས་རིམ་རྗེས་མར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་རང་ཡོད་ཐོན་ཁུངས་ཀྱི་རྨང་གཞིའི་སྟེང་རྒྱལ་ནང་གི་བོད་ཡིག་དཔེ་སྐྲུན་གཞན་དག་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ནང་གི་ཡང་རྩེའི་བོད་ཡིག་དཔེ་དེབ་ཀྱི་ཐོན་ཁུངས་འདུ་རུབ་བྱས་ཏེ། རྩོམ་པ་པོ་དང་གྲོས་མཐུན་སྒོས་ནང་དོན་དང་ཟོང་རྟགས། ཐོན་ཁུངས་ཀྱི་ནུས་ལྡན་སྡེབ་སྒྲིག་ངང་འདྲ་མཉམ་གཉིས་ཕན་གྱིས་ཐུན་མོང་སྟེགས་བུ་ཞིག་མངོན་འགྱུར་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན་པ་མ་ཟད། སྐད་འཕྲིན་གྱི་གོ་རིམ་ཆུང་བ་དང་ལག་ཐོགས་ཁ་པར། PCཔར་མ་སོགས་ཕྱོགས་ཡོངས་ནས་ཁེབས་སུ་བཅུག་སྟེ། གྲངས་གཞི་གཅིག་སྡུད་དང་། མཉམ་སྤྱོད། བརྗེ་རེས། བེད་སྤྱོད་བཅས་ཀྱི་བོད་ཡིག་ཤེས་བྱའི་ཐོན་ཁུངས་ཀྱི་སྟེགས་བུ་ཞིག་བསྐྲུན་ཏེ། ཤེས་བྱ་དང་ཡིག་ཚགས་ཞབས་ཞུ་མཉམ་འདུས་ཀྱིས་ཀློག་པ་པོ་དང་ཆེད་ལས་ཞིབ་འཇུག་པར་སྟབས་བདེ་གང་ལེགས་སྐྲུན་རྒྱུ་རེད།
       གངས་ཅན་རིག་མཛོད་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུ་ནི2019ལོའི་ཟླ11པར་དངོས་སུ་ལས་འགོ་ཚུགས་ཤིང་། འདི་ཉིད་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི2020ལོའི་གྲངས་འཛིན་སྤུས་ལེགས་འཆར་འགོད་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡི2020ལོའི་“གྲངས་འཛིན་དཔེ་སྐྲུན་སྤུས་ལེགས་འོས་འདེམ་གྱི་འཆར་གཞིའི”རྣམ་གྲངས་སོགས་སུ་ཚུད་ཡོད། ཐེངས་འདིའི་དྲ་ལམ་ཤར་གཏོང་ནི་ལམ་ཚད་ཀྱི་རྡོ་རིང་གསར་བ་ཞིག་ཡིན་ཏེ། རིམ་བཞིན་ཁྱད་ཆོས་ཅན་གྱི་བོད་ཡིག་དཔེ་དེབ་མཉམ་འདྲེས་དཔེ་སྐྲུན་གྱི་ཐོན་ལས་འབྲེལ་ཐག་ཆགས་པ་བྱས་ནས་རྒྱལ་ཁབ་ཀྱི་རིག་གནས་གྲངས་འཛིན་ཅན་དང་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།