ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

དཀར་མཛེས་ཁུལ་གྱི་ལག་ཤེས་མི་སྣའི་འགྲན་བསྡུར་མཇུག་སྒྲིལ་བ།

སྤེལ་དུས 2023-11-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       ཟླ11པའི་ཚེས19ཉིན་ནས་ཚེས20ཉིན་བར། གངས་ལྗོངས་ཀྱི་ལག་བཟོ་སྟེ་དཀར་མཛེས་ཁུལ་གྱི་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཐད་ཀྱི་ཤེས་ལྡན་མི་སྣ་འདེམས་པའི་འགྲན་བསྡུར་སྐབས་གསུམ་པ་དེ་ཁྲེང་ཏུའུ་གྲོང་ཁྱེར་ཐན་ཧྥུ་སྒྱུ་རྩལ་སྤྱི་གླིང་དུ་གཉེར་བ་རེད། དཀར་མཛེས་ཁུལ་གྱི་ཐང་ག་དང་མགར་བཟོ་རིགས་ཆེན་པོ་གཉིས་ཐད་ཀྱི་མི་རིགས་ལག་ཤེས་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མི119ཡིས་ཡུལ་དངོས་སུ་འགྲན་བསྡུར་བྱས་པ་དང་ཆེད་མཁས་པ་ཚོགས་ཆུང་གིས་ཡུལ་དངོས་སུ་ཞིབ་དཔྱད་བྱས་པ་བརྒྱུད། མཐར་ཁམས་པའི་ལག་ཤེས་མཁས་པ་ཆེ་གྲས་བཅུ་དང་། ཁམས་པའི་ཁྱད་འཕགས་ལག་ཤེས་པ20དང་། ཁམས་པའི་ཕུལ་དུ་བྱུང་བའི་ལག་ཤེས་པ50དང་། ཁམས་པའི་ལག་ཤེས་མི་སྣ39བཅས་བདམས་པ་རེད།

       ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་དེ་དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་དཀར་མཛེས་ཁུལ་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་ཐད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། འགྲན་བསྡུར་གྱིས་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། དཀར་མཛེས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་དང་། ཁྱབ་སྤེལ་ནུས་པ། ཤུགས་རྐྱེན་ཐེབས་ཤུགས་བཅས་སྔར་བས་ཆེ་རུ་བཏང་སྟེ། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་དེ་རེད། དེ་དང་ཆབས་ཅིག སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་ཁྲོད་ཕུལ་བྱུང་ལག་ཤེས་བཟོ་རྩལ་ཤེས་ལྡན་མི་སྣའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་རྒྱུན་འཛིན་དང་བརྗེ་སྒྱུར་གསར་གཏོད་ཁྲོད་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་འཕེལ་བར་བྱེད་བཞིན་ཡོད།

       ཤེས་རྟོགས་བྱུང་བར་གཞིགས་ན། ཟླ11པའི་ཚེས20ཉིན་འཚོགས་པའི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་དཀར་མཛེས་ཁུལ་གྱི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་མཁན་དཀར་མཛེས་ཁུལ་ནང་ཁུལ་གྱི་མི་སྣ8དང་རིག་གནས་དྲིལ་བསྒྲགས་ཁྱབ་གདལ་ལ་ལེགས་སྐྱེས་གལ་ཆེན་ཕུལ་མཁན་རིག་གནས་མཁས་དབང8ལ་ཁག་སོ་སོར་ཁམས་པའི་རིག་གནས་རྒྱུན་འཛིན་ཕོ་ཉ་དང་ཁམས་པའི་རིག་གནས་ཁྱབ་སྤེལ་ཕོ་ཉའི་མཚན་སྙན་སྤྲད་པ་རེད།

       མིག་སྔའི་བར། དཀར་མཛེས་ཁུལ་ལ་མིའི་རིགས་རིམ་པའི་རྣམ་གྲངས4དང་། རྒྱལ་ཁབ་རིམ་པའི་རྣམ་གྲངས25དང་། ཞིང་ཆེན་རིམ་པའི་རྣམ་གྲངས140བཅས་ཡོད་ལ། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ11དང་། ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ97དང་། ཁུལ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ967བཅས་ཡོད་ཁར། སྲོལ་རྒྱུན་བཟོ་རྩལ་བཟོ་སྐྲུན་ནང་ཞུགས་མཁན་མི་ཁྲི་ཡན་ཟིན་གྱི་ཡོད།