ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

གློ་ཚད་ཀྱི་ནད་སྲིན་འདྲ་ཕུང་སྐོར་གྱི་དྲི་བ་དྲིས་ལན།

སྤེལ་དུས 2024-01-16 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
       1.གློ་ཚད་ཀྱི་ནད་སྲིན་འདྲ་ཕུང་ཞེས་པ་ཅི་འདྲ་ཡིན།
       ལན། དེ་ནི་ཆེ་ཆུང་ཕྲ་སྲིན་དང་ནད་དུག་བར་དུ་གནས་པའི་ནད་སྲིན་སྐྱེ་དངོས་ཕྲ་རབ་ཅིག་ཡིན་ལ། ཕྲ་ཕུང་སྐྱི་མེད་ལ། ཕྲ་ཕུང་སྐྱི་ལ་ནུས་པ་ཐོན་པའི་སྲིན་འགོག་སྨན་གྱིས་ནུས་པ་མི་ཐོན།  གློ་ཚད་ཀྱི་ནད་སྲིན་འདྲ་ཕུང་ནི་དུས་ཚིགས་གང་ལའང་འགོས་ཁྱབ་འབྱུང་སྲིད་ལ། བྱང་ཕྱོགས་ས་ཁུལ་དུ་སྟོན་དགུན་ལ་འགོས་པ་དང་། ལྷོ་ཕྱོགས་ས་ཁུལ་དུ་དབྱར་སྟོན་དུ་འགོས་པ་རེད། གློ་ཚད་ཀྱི་ནད་སྲིན་འདྲ་ཕུང་འགོས་ནད་ནི་ལོ5དང་དེའི་ཡན་གྱི་བྱིས་པར་འགོས་པ་མང་། འོན་ཀྱང་ལོ5ཡི་མན་གྱི་བྱིས་པར་ཡང་འགོ་སྲིད་ལ་བླ་གཉན་གྱི་ནད་ཀྱང་བསྡོངས་པ་རེད།
       2.གློ་ཚད་ཀྱི་ནད་སྲིན་འདྲ་ཕུང་ནི་ཇི་ལྟར་འགོས་པ་ཡིན།
       ལན། གཙོ་བོ་ཁ་ཆུ་འཐོར་བ་དང་ཐད་ཀར་འབྲེལ་ཐུག་བྱུང་བ་ལས་འགོས་ལ། བག་ཉལ་གྱི་དུས་ནི་གཟའ་འཁོར1ནས3དང་། བག་ཉལ་དུས་ནས་ནད་རྟགས་ཇེ་ཡང་དུ་འགྲོ་བའི་གཟའ་འཁོར་འགའི་རིང་ལ་འགོས་ཁྱབ་ཀྱི་ནུས་པ་ལྡན།
       3.གློ་ཚད་ཀྱི་ནད་སྲིན་འདྲ་ཕུང་འགོས་ནད་ལ་ནད་རྟགས་གང་དག་ཡོད་དམ།
       ལན། གཙོ་བོ་ཚ་རྒྱག་པ་དང་གློ་ལུ་བ་ཡིན་ལ།(མགོ་ན་བ་དང་སྣ་ཆུ་ལུད་པ། གྲེ་བ་ན་བ། རྣ་ཁུང་ན་བ་སོགས་ཀྱང་བསྡོངས།)ཡང་བའི་སྐབས་སུ་ནད་རྟགས་མི་འབྱུང་བའམ། ཡང་ན་དབུགས་ལམ་གོང་མའི་ནད་རྟགས་ཙམ་ལས་མི་མངོན། ཚབས་ཆེ་བ་ལ་གློ་ཚད་དང་གློ་བ་བསྣད་པ། བྲང་ཁོག་ལ་ཆུ་གསོག་པ། གློ་བ་རུལ་བ་སོགས་འབྱུང་སྲིད། (མཉམ་འཇོག་འོས་པ་ཞིག་ལ། ཁྱིམ་བདག་གིས་བྱིས་པར་གློ་ལུ་དྲག་པོ་རྒྱག་པ་དང་ཚ་མཐོན་པོ་བརྒྱབ་སྟེ་མི་འཇོག་པ་མཐོང་ན། མྱུར་དུ་སྨན་ཁང་ལ་སྟོན་དགོས།)
       4.དར་མ་རྣམས་ལ་གློ་ཚད་ཀྱི་ནད་སྲིན་འདྲ་ཕུང་འགོ་སྲིད་དམ།
       ལན། གློ་ཚད་ཀྱི་ནད་སྲིན་འདྲ་ཕུང་འགོས་པའི་བྱིས་པ་དང་ཡུན་རིང་འགྲོགས་པའི་དར་མ་རྣམས་ལ་ནད་དེ་འགོ་སྲིད་པའི་ཉེན་ཁ་ཡོད། གལ་ཏེ་དར་མ་རྣམས་ལ་ཚ་རྒྱག་པ་དང་གློ་ལུ་དྲག་པོ་རྒྱག་པ། ཐ་ན་གློ་བའི་ནད་རྟགས་མངོན་ན་དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་འབྲེལ་ཡོད་བརྟག་དཔྱད་བྱེད་དགོས།
       5.དེ་དང་སྤྱིར་བཏང་གི་ཆམ་པ་གཉིས་ཇི་ལྟར་ཁྱད་འབྱེད་དགོས།
       ལན། གློ་ཚད་ཀྱི་ནད་སྲིན་འདྲ་ཕུང་ཐོག་མར་འགོ་བའི་དུས་སུ། སྤྱིར་བཏང་གི་ཆམ་པ་དང་ནད་རྟགས་ཤིན་ཏུ་འདྲ་སྟེ། དཔེར་ན་སྣ་འགག་པ་དང་གྲེ་བ་ན་བ། ཚ་རྒྱག་པ་སོགས་ལྟ་བུ། གློ་ཚད་ཀྱི་ནད་སྲིན་འདྲ་ཕུང་འགོས་པ་ངོས་འཛིན་ཐབས་ནི། ཁྲག་གི་འགོག་གཟུགས་ལ་ཞིབ་བཤེར་བྱེད་པ་དང་། ཉིང་སྐྱུར་ལ་བཤེར་བ་སོགས་ཡོད།  སྨན་པས་བྱིས་པའི་ནད་རྒྱུས་དང་ནད་རྟགས། དེ་མིན་འབྲེལ་ཡོད་བརྟག་དཔྱད་ཀྱི་མཇུག་འབྲས་བཅས་ལ་དཔགས་ནས་ངོས་འཛིན་དགོས། ཁྱིམ་བདག་གིས་གློ་ལུ་བའི་གནས་ཚུལ་ལ་བརྟག་དགོས་ཏེ། སྤྱིར་བཏང་གློ་བུར་དུ་གློ་ལུ་བ་དང། ལུ་ན་མཚམས་མི་འཇོག་པར་བསྟུད་མར་ལུ་བ་ཡིན། ཐོག་མའི་དུས་སུ་སྐམ་ལུའམ་སྟོང་ལུ་རྒྱག་པ་ཡིན་ལ་ཅུང་ཟད་ཚབས་ཆེ། ཚ་བརྒྱབ་སྟེ་མཚམས་མི་འཇོག་པ་དང་གློ་ལུ་བ་ཇེ་སྡུག་ཏུ་འགྲོ་བ་སོགས་ཀྱི་སྐབས་སུ་དུས་ཐོག་ཏུ་སྨན་པར་བསྟེན་དགོས།
       6.གློ་ཚད་ཀྱི་ནད་སྲིན་འདྲ་ཕུང་བཅོ་བར་རྒྱུན་སྤྱོད་ཀྱི་སྨན་གང་དག་ཡོད་དམ།
       ལན། དུས་ཐོག་ཏུ་ངོས་འཛིན་དང་དུས་ཐོག་ཏུ་སྨན་པར་བསྟེན་དགོས། གསོ་བཅོས་ཀྱི་དུས་སྐབས་བཟང་ཤོས་ནི་ཚ་བརྒྱབ་རྗེས་ཀྱི་ཉིན5ནས་ཉིན10ཡི་ནང་ཡིན། གསོ་བཅོས་ཀྱི་སྨན་རྫས་ལ། གཙོ་བོ་ལོང་ཆེན་ནང་ཀྲིའི་རིགས་ཀྱི་སྲིན་འགོག་སྨན་ཡིན་ཏེ། རྒྱུན་དུ་སྤྱོད་པ་ལ་ཨ་ཆི་མེ་སུའུ་དང་ཧོང་མེ་སུའུ། ཁི་ལ་མེ་སུའུ་སོགས་ཡོད།  ལོང་ཆེན་ནང་ཀྲིའི་རིགས་ཀྱི་སྲིན་འགོག་སྨན་གྱིས་ནུས་པ་མི་ཐོན་པའི་བྱིས་པའི་རིགས་ལ། སྲིན་འགོག་སྨན་གཞན་པ་སྤྱོད་རིགས། ནད་སྲིན་འདྲ་ཕུང་གི་འགོས་ནད་བཅོས་དཀའ་བ་དང་ཚབས་ཆེ་བའི་བྱིས་པ་ཡིན་ན། ཕྱོགས་བསྡུས་གསོ་བཅོས་བྱེད་དགོས་ཏེ། དཔེར་ན་ཧྭགས་སྐྱི་རྫས་སྐུལ་རྩི་དང་གློ་སྦུག་ཤེལ་འཛུད་པའི་ཐབས་ལ་བརྟེན་ནས་གསོ་བཅོས་བྱེད་པ་སོགས་ལྟ་བུ།
       7.ཞག་སྡོད་གསོ་བཅོས་བྱེད་དགོས་མིན་ལ་ཇི་ལྟར་བལྟ་དགོས།
       ལན། ནད་སྲིན་འདྲ་ཕུང་གི་གློ་ཚད་ཚབས་ཆེ་མིན་ལ་བལྟ་དགོས། ཡང་མོའི་རིགས་ཡིན་ན། ལོང་ཆེན་ནང་ཀྲིའི་རིགས་ཀྱི་སྨན་བསྟེན་ན་སྤྱིར་བཏང་ཚོད་འཛིན་བྱེད་ཐུབ། ཡིན་ནའང་ལུས་དྲོད་རྒྱུན་ལྡན་དུ་གྱུར་རྗེས་ད་དུང་གློ་ལུ་བ་མི་འཇོག་པར་གཟའ་འཁོར་གཉིས་ཙམ་འགོར་སྲིད་ལ། གློ་པར་ལས་མཐོང་བའི་གྲིབ་རིས་ཀྱང་རང་བཞིན་གྱིས་ཡལ་འགྲོ་བས། བསྐྱར་དུ་གློ་པར་མ་བརྒྱབ་ནའང་ཆོག  ཚབས་ཆེ་བའི་རིགས་ལ་ཞག་སྡོད་གསོ་བཅོས་བྱེད་དགོས། དེའི་རིགས་ལ་ནད་དུག་འདྲེས་པའམ་ཡང་ན་ཕྲ་སྲིན་འགོས་ཡོད་སྲིད་པས། དེ་འབྲེལ་གྱི་སྨན་རྫས་བསྣན་ནས་གསོ་བཅོས་བྱེད་དགོས།
       8.སྨན་ནུས་ཐོན་དང་མི་ཐོན་གྱི་གསོ་བཅོས་ལ་ཁྱད་ཅི་ཡོད།
       ལན། ཞིབ་འཇུག་ལྟར་ན། ནད་སྲིན་འདྲ་ཕུང་གློ་ཚད་ལ་གསོ་བཅོས་བྱེད་པར། སྨན་ནུས་ཐོན་དང་མི་ཐོན་གྱི་བར་ན་ཁྱད་པར་ཆེན་པོ་མེད།  ཁྱད་པར་གཙོ་བོ་ནི་སྨན་ནུས་མི་ཐོན་པའི་རིགས་ཀྱི་ཚ་བ་ཞི་ཚད་དལ་ལ་ནད་ཡུན་རིང་། ཡིན་ནའང་ནད་གཞི་ཚབས་ཆེ་ན་ཁྱད་པར་མངོན་གསལ་མེད།
       9.ནད་སྲིན་འདྲ་ཕུང་གློ་ཚད་ལས་གློ་བ་དཀར་པོར་འགྱུར་རམ།
       ལན། གློ་ཚད་དེ་རིགས་ལ་པར་བརྙན་ལས་གཟུགས་དཀར་པོ་ཙམ་མཐོང་སྲིད་ཀྱང་། གློ་བར་ནད་འགྱུར་བྱུང་ནས་དཀར་པོར་གྱུར་པ་དང་མི་འདྲ། རྒྱབ་ལ་བརྡེགས་ནས་ལུད་པ་འདོན་པ་དང་། སྨན་གྱིས་ལུད་པ་འདོན་པ། གློ་སྦུག་ཤེལ་གྱིས་གསོ་བཅོས་བྱེད་པ་སོགས་ཀྱིས། བྱིས་པའི་ནད་ནི་དུས་ཡུན་ཐུང་ངུའི་ནང་དྲག་སྐྱེད་འབྱུང་བར་མ་ཟད། ཚེ་སྲོག་ལའང་ཉེན་ཁ་མི་འབྱུང་།  གློ་ནད་ཀྱི་ནད་སྲིན་འདྲ་ཕུང་འགོས་པའི་བྱིས་པ་མང་ཆེ་བར་བཅོས་སྐྱེད་ཡག་པོ་ཐོན་ལ། ནད་ཚབས་ཆེ་བ་དང་ཡང་ན་བཅོ་དཀའ་བའི་གློ་ཚད་ཀྱི་ནད་སྲིན་འདྲ་ཕུང་འགོས་པའི་བྱིས་པར་གློ་བ་ལ་གནོད་པ་ཐེབས་སྲིད་པས། དུས་ཡུན་རིང་པོར་བརྟག་དཔྱད་བྱེད་དགོས།
       10.གློ་ཚད་ཀྱི་ནད་སྲིན་འདྲ་ཕུང་འགོས་པ་ཇི་ལྟར་འགོག་དགོས།
       ལན། མིག་སྔར་ཆེད་དུ་བཟོས་པའི་འགོག་སྨན་མེད།  ཆེད་མཁས་པས་ཁང་པའི་ནང་གི་རླུང་རྒྱུ་བར་བྱེད་པ་དང་། མི་ཚོགས་འདུ་སར་གཡོལ་བ། ཁ་ཐུམ་ལེགས་པར་རྒྱག་པ། གློ་ལུ་བ་དང་སྣ་སྦྲིད་རྒྱག་སྐབས་ཁ་སྣ་གཅོད་པ། ལག་པར་གཙང་སྦྲ་བྱེད་པ་དང་། རྒྱུན་པར་འདག་ཆལ་དང་བཞུར་ཆུས་བཀྲུ་བ། སློབ་གྲྭ་དང་བྱིས་སྙོར་ཁང་སོགས་སུ་རླུང་རྒྱུ་བར་བྱེད་པ་དང་དུག་སེལ་བྱེད་པ། མཉམ་འདུས་རང་བཞིན་གྱི་འགོས་ཁྱབ་འབྱུང་དུ་མི་འཇུག་པ་སོགས་བྱེད་དགོས་པར་བསྟན།

རྩོམ་སྒྲིག་པ། རིག་གྲོལ།