ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

“ལམ་གཉིས”སྙིང་སྟོབས་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས།

སྤེལ་དུས 2024-07-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ7པའི་ཚེས10ཉིན“ལམ་གཉིས”སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་འགྲིམ་འགྲུལ་འཕོ་འགྱུར་དང་མཚོ་བོད་མཐོ་སྒང་གི་དེང་རབས་ཅན་གྱི་བགྲོ་གླེང་ཚོགས་འདུའི་མཚོ་སྔོན་གྱི་ཡན་ལག་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཚོགས་ཞུགས་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “ལམ་གཉིས”སྙིང་སྟོབས་ཚུད་པའི་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བ། མཚོ་བོད་མཐོ་སྒང་གི་དེང་རབས་ཅན་ཐད་ཀྱི་འགྲིམ་འགྲུལ་འཕོ་འགྱུར་གྱི་དོན་སྙིང་གལ་ཆེན་བཅས་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས།
           དེ་ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་པད་གོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་དང་། མཚོ་སྔོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད། “མཚོ་བོད་གཞུང་ལམ་གྱི་ཕ”ཞེས་འབོད་པའི་དམག་དཔོན་མུའུ་ཧྲེང་ཀྲུང་གི་བུ་མོ་མུའུ་ཞའོ་ཧྥེང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། གོར་མོར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ། དེ་མིན་མོ་ཧོ་རྔ་མོང་ར་བ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་གཙོ་དོན་གཏམ་བཤད་གནང་།

བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོ།
           མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། “ལམ་གཉིས”སྙིང་སྟོབས་དེ་འགྲིམ་འགྲུལ་ལས་དོན་པའི་བསམ་བློའི་ཁྲག་རྒྱུན་དུ་གྱུར་ཡོད། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་དུ་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི8.9ཟིན་པའི་ནང་རིམ་པ་དང་པོའི་གཞུང་ལམ་ཚུད་པའི་མྱུར་བགྲོད་གཞུང་ལམ་སྤྱི་ལེ5000ལྷག་ཙམ་ཟིན་པ་དང་། ཆུས་དང་རྫོང(སྲིད་འཛིན་ལས་དོན་ཨུ་ལྷན)གི་རིམ་པ་དང་པོའི་གཞུང་ལམ་ཚུད་པའི་མྱུར་བགྲོད་གཞུང་ལམ་ཁྱབ་ཚད75.6%ཟིན་ནས་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་མཚམས་ཚིགས་ཚང་མར་རིམ་པ་གཉིས་པ་དང་དེ་ཡན་གྱི་གཞུང་ལམ་ཤར་གཏོང་ཐུབ་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར”ལམ་གཉིས”སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་ཤུགས་རྒྱག་ས་གནད་སྨིན་ངང་བཙལ་ནས། འགྲིམ་འགྲུལ་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། མི་དམངས་ཀྱིས་བློ་ཡིད་ཚིམ་པའི་འགྲོ་ལམ་བསྐྲུན་ཏེ་འགྲིམ་འགྲུལ་སྟོབས་ཆེན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་རྩོམ་རྒྱུ་ཡིན་ཞེས་བཤད།
           མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། མཚོ་སྔོན་ནི“རི་ཡི་རྒྱལ་བོ་དང་ཆུ་བརྒྱའི་འབྱུང་ཁུངས”ཡིན་ཞིང་། གནའ་སྔ་མོ་ནས་བཟུང་མཐའ་མཚམས་སྲུང་སྐྱོང་དང་ནུབ་རྒྱུད་མཐའ་མཚམས་བཅོས་སྐྱོང་འཐབ་ཇུས་ཀྱི་ས་ཆ་གལ་ཆེན་ཞིག་རེད་ལ། དར་གོས་ལམ་བུ་དང་། ཐང་བོད་གནའ་ལམ། ཇ་རྟའི་གནའ་ལམ་བཅས་ཀྱི་བརྒྱུད་དགོས་ངེས་ཀྱི་གནས་ཤིག་ཀྱང་རེད། མཚོ་སྔོན་མི་རིགས་སློབ་ཆེན་ནི་ཀྲུང་གོ་གསར་པར་བཙུགས་པའི་མི་རིགས་སློབ་གླིང་དང་པོ་དང་།  མཚོ་བོད་ས་མཐོའི་མཐོ་རིམ་སློབ་གྲྭ་དང་པོ་ཡིན་པས།  ལྕགས་ལམ་དང་གཞུང་ལམ་གྱི་ཤེས་ལྡན་མི་སྣ་སྤུས་ཚད་མཐོ་པོས་གསོ་སྐྱོང་དང“ལམ་གཉིས”སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་ཆེད་རྨང་གཞི་བརྟན་པོ་ཡོད། “ལམ་གཉིས”སྙིང་སྟོབས་བཏོན་ནས་ལོ10འཁོར་བ་དང་། ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ70འཁོར་བ། མཚོ་སྔོན་མི་རིགས་སློབ་ཆེན་བཙུགས་ནས་ལོ75འཁོར་བ་བཅས་ཀྱི་དུས་འདིར། “ལམ་གཉིས”སྙིང་སྟོབས་ཀྱི་དུས་རབས་རིན་ཐང་སྔར་བས་སྔོག་འདོན་བྱས་ཏེ། མཚོ་སྔོན་གྱི་ས་གཞི་ཆེན་པོར“ལམ་གཉིས”སྙིང་སྟོབས་ལས་དུས་རབས་གསར་པའི་འོད་སྟོང་འཕྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
           མུའུ་ཞའོ་ཧྥེང་གིས་ཕ་མེས་ཚོས་བརྒྱུད་མྱོང་བའི་སྤྱིར་བཏང་མིན་པའི་ལོ་ཟླར་བརྩེ་སེམས་ཟབ་མོས་ཕྱིར་དྲན་བྱེད་བཞིན་ཕ་མེས་ཚོས་ས་མཐོར་བཅངས་པའི་བརྩེ་སེམས་ལྷུག་གླེང་བྱས་ཤིང་། “ང་ཤི་རྗེས་ངའི་སྤུར་ཐལ་མཚོ་བོད་གཞུང་ལམ་གྱི་ལམ་རྒྱུད་དུ་གཏོར་རོགས། འཁོར་ལོའི་སྒྲ་རྒྱུན་མི་ཆད་པར་ཐོས་ཚེ་ང་གཞི་ནས་བདེ་སྐྱིད་ལྡན་པའི་ངང་གཉིད་ལ་ཡུན་རིང་ཡུར་ཐུབ” 1957ལོའི་ཟླ12པའི་ཚེས9ཉིན། དམག་དཔོན་མུའུ་ཧྲེང་ཀྲུང་མའོ་ཀྲུའུ་ཞིར་མཚོ་བོད་གཞུང་ལམ་གྱི་འབྲེལ་ཡོད་གནད་དོན་སྙན་སེང་ཞུ་བར་བཀོད་སྒྲིག་བྱས་པས། མའོ་ཀྲུའུ་ཞིས་ཁོང་ལ“ལམ་འདི་སྐྲུན་རྒྱུའི་བསམ་བློ་ཇི་ལྟར་འཁོར་བྱུང་ངམ”ཞེས་འདྲི་སྐབས་ཁོང་གིས“དང་པོ་ནི་འུ་ཐུག་པས་ཡིན་པ་དང་། གཉིས་པ་ནི་དཔའ་ངར་ཆེན་པོས་འཚོལ་ཞིབ་དང་། བློ་ཁོག་ཆེན་པོས་ལག་ལེན། དངོས་ཐོག་བདེན་འཚོལ། བརྟག་དཔྱད་ཞིབ་འཇུག་བཅས་བྱེད་འདོད་འདུག”ཅེས་ལན་བརྒྱབ། མའོ་ཀྲུའུ་ཞིས་སླར་ཡང“མི་ཡང་མཐོང་དཀོན་པས་ཁྱེད་ཀྱིས་གང་ལ་བརྟག་དཔྱད་བྱེད་དམ”ཞེས་འདྲི་སྐབས་ཁོང་གིས“ངས་རང་བྱུང་ཁམས་ཆེན་པོར་བརྟག་དཔྱད་བྱེད་ཀྱི་ཡིན། ངས་ཆུ་འགྲམ་གྱི་མཐེ་བོང་ལྟར་སྦོམ་པའི་འོམ་བུ་བཅད་ནས་པགས་པ་བཤུས་པས་དེར་བང་རིམ་བརྒྱད་ཅུ་ཏག་ཏག་འདུག་པས། དེ་སྐྱེས་ནས་ལོ་ངོ་བརྒྱད་ཅུ་ལྷག་ཙམ་སོང་བ་གསལ་བཤད་བྱེད་ཐུབ་ལ། དེ་ལས་ཉུང་མཐར་ཡང་ལོ་ངོ་བརྒྱད་ཅུ་ཙམ་རིང་འདི་གར་ཆུ་ལོག་ཐོན་མེད་པ་ཚོད་དཔག་ཀྱང་བྱེད་ཐུབ”ཅེས་ལན་བརྒྱབ་པས་མའོ་ཀྲུའུ་ཞིས་ལན་དེ་གསན་འཕྲལ་བསྟུད་མར“དེ་ནི་ཚན་རིག་དང་མཐུན་པ་ཞིག་རང་རེད་འདུག”ཅེས་བསྔགས་བརྗོད་གནང་།

དམག་དཔོན་མུའུ་ཧྲེང་ཀྲུང་གི་བུ་མོ་མུའུ་ཞའོ་ཧྥེང་གིས་གཏམ་བཤད་སྤེལ་བཞིན་པ།
           ན་གོར་མོར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས། གལ་སྲིད་མུའུ་ཧྲེང་ཀྲུང་སོགས་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་དེ་བཞིན་ལམ་བཟོའི་མང་ཚོགས་ཁྲི་སྟོང་མང་པོས་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པར་སྙིང་རུས་ཆེན་པོས་འབད་བརྩོན་དང་ལམ་རྡོ་བྱེད་ཕོད་པ་དང་། དམག་དམངས་ཁྱིམ་ཚང་གཅིག་དང་མི་རིགས་མཐུན་སྒྲིལ་གྱི”ལམ་གཉིས”སྙིང་སྟོབས་དར་སྤེལ་མ་བཏང་ཚེ་དེ་རིང་མཚོ་བོད་མཐོ་སྒང་ལ་ཡུལ་སྐོར་དུ་ཡོང་རྒྱུ་དེ་མངོན་འགྱུར་ཐུབ་དཀའ་བའི་ཕུགས་འདུན་ཞིག་ཏུ་འགྱུར་ངེས་རེད། “ལམ་གཉིས”སྙིང་སྟོབས་དེ་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང་ཡན་ཨན་གྱི་སྙིང་སྟོབས་དང་གཅིག་རྒྱུན་གཅིག་འཛིན་ཡིན་པས། དེ་ནི་མཚོ་བོད་མཐོ་སྒང་གི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་མེད་དུ་མི་རུང་བའི་བསམ་པའི་འཚོ་བཅུད་ཅིག་རེད་ཅེས་བཤད།
           ཚོགས་འདུ་འཚོག་རིང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱིས་ད་དུང་མཚོ་སྔོན་མི་རིགས་སློབ་ཆེན་ལ“མི་རིགས་མཐུན་སྒྲིལ་ཆེན་པོ”ཞེས་པའི་ཤོག་དྲས་སྒྱུ་རྩལ་ཐོན་རྫས་ཤིག་ཕུལ་བ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ400ལྷག་ཙམ་ཚོགས་རར“ལམ་གཉིས”རྒྱབ་ཀྱི་གཏམ་རྒྱུད་དང“ལམ་གཉིས”སྙིང་སྟོབས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཉན་པ་དང་ཤེས་རྟོགས་བྱེད་པར་ཡོང་ནས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ཡོད།
           ཚོགས་ཞུགས་མི་སྣས“ལམ་གཉིས”ནི་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་། ཤེས་དཔལ་ཡར་ཐོན་གྱི་ལམ་བུ། མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་བཅས་ཡིན་ཞིང་། “ལམ་གཉིས”ནང་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་རྒྱུན་མཐུད་འབད་བརྩོན་བྱས་པ་དག་འདུས་ཡོད་པས་དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་དུས་རབས་ཀྱི་དཔང་པོ་ཞིག་ཡིན་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་འདུ་འདི་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་དང་མཚོ་སྔོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་གཉེར་འགན་འཁུར་བ་ཞིག་ཡིན་ཞིང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི“ལམ་གཉིས”སྙིང་སྟོབས་སློབ་སྦྱོང་གི་བགྲོ་གླེང་ཚོགས་འདུ་ཁྲོད་ཀྱི་ཐེངས་གཉིས་པ་དེ་ཡིན་པ་དང་། སི་ཁྲོན་ཡན་ལག་ཚོགས་འདུ་ཐེངས་དང་པོ་དེ་ཟླ6པའི་ཚེས13ཉིན་ཁྲེང་ཏུར་འཚོགས་ཡོད། རྗེས་སུ་ད་དུང་བོད་ལྗོངས་དང་པེ་ཅིང་དུ་མུ་མཐུད་འཚོགས་ཏེ“ལམ་གཉིས”ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཀྱི་དུས་རབས་འཕོ་འགྱུར་དང་མཚོ་བོད་མཐོ་སྒང་གི་དེང་རབས་ཅན་གྱི་འཕེལ་རིམ་གང་ལེགས་མངོན་པ་དང་། དུས་རབས་གསར་པའི“ལམ་གཉིས”ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ། “ལམ་གཉིས”སྙིང་སྟོབས་ཀྱི་དུས་རབས་ཀྱི་དོན་སྙིང་བརྗོད་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་འགྲིལ་རྒྱུ་རེད།

རྩོམ་སྒྲིག་པ། རིག་གྲོལ།