ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

སྤྱི་ཕན་བྱེད་སྒོ་འདིས་རྟའུ་རྫོང་གི་མི་དམངས་ལ་དྲོ་སྐྱིད་སྦྱིན་པ།

སྤེལ་དུས 2024-07-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན་ནས་ཚེས11ཉིན་བར། སེམས་མཐུན་མཉམ་གཏོད། དཀར་མཛེས་ལ་དྲོ་སྐྱིད་སྦྱིན་ཞེས་པའི2024ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པ་དཀར་མཛེས་སུ་བསྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་རྟའུ་རྫོང་དུ་སྤེལ་ཞིང་། རྒྱལ་ས་དང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྨན་བཅོས་ཆེད་མཁས་པ33གྱིས་རྟའུ་རྫོང་སྨན་ཁང་དང་། རྟའུ་རྫོང་གི་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་། གཡུ་ཁོག་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་། ཚལ་སོན་ལའི་བཙུན་མ་དགོན་བཅས་ས་ཚིགས་བཞིར་དུས་ཡུན་ཉིན་གསུམ་རིང་འོས་འགན་སྨན་བཅོས་དང་། སྐོར་སྐྱོད་སྨན་བཅོས། གཅེས་སེམས་ཞལ་འདེབས། རིན་མེད་རོགས་སྐྱོབ་དང་སྐྱོབ་བཅོས། གཞི་རིམ་གྱི་བརྟག་ཞིབ་གསོ་སྦྱོང་། བདེ་ཐང་ཚན་རིག་ཁྱབ་གདལ་སློབ་གསོ་སོགས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་ནས་ས་གནས་དེ་གའི་མང་ཚོགས་ལ་བདེ་ཐང་དང་རེ་བ་སྦྱིན་ཡོད།
             བྱེད་སྒོ་དེ་ཟླ7པའི་ཚེས9ཉིན་གྱི་ཞོགས་པའི་ཆུ་ཚོད8པར་དངོས་སུ་འགོ་ཚུགས་ཤིང་། རྟའུ་རྫོང་སྨན་ཁང་གི་འོས་འགན་སྨན་བཅོས་ས་ཚིགས་ཀྱི་མདུན་དུ་སྔ་ས་ནས་མི་ཚོགས་ཀྱིས་ཁེངས་ཡོད་ལ། མང་ཚོགས་ཚོས་གྲལ་བསྟར་འགྲིག་ནས་ཚན་ཁག་ཁག་གི་ཆེད་མཁས་པ་ཚོའི་སྨན་བཅོས་སྟེགས་བུའི་མདུན་དུ་སྨན་བཅོས་བྱ་རྒྱུར་སྒུག་ནས་བསྡད་ཡོད། ཀྲེ་ཅང་ཞིང་ཆེན་མི་དམངས་སྨན་ཁང་འགོས་ནད་ཚན་ཁག་གི་སྨན་པ་ཕན་ཧུང་དབྱིང་གིས“རང་མི་བདེ་བ་གང་འདུག་གམ”ཞེས་གདོང་ལས་འཛུམ་མདངས་འཕྱུར་བཞིན་གསོ་རླུང་རྔུབ་ཀྱིན་ནད་པར་འདྲི་བཞིན་ཡོད། ཕྱོགས་བཞིར་འོས་འགན་སྨན་བཅོས་བྱེད་རིང་སྨན་བཅོས་ཆེད་མཁས་པ་མང་ཆེ་བའི་ཅོག་ཙེའི་སྟེང་དུ་གསོ་རླུང་ཤེལ་དམ་མཐོང་རྒྱུ་ཡོད་ལ། ཉིན་གསུམ་གྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་སྐབས་ནད་བརྟག་སྨན་བཅོས་བྱེད་ཀྱིན་གསོ་རླུང་རྔུབ་རྒྱུ་དེའང་སྨན་པ་ཚོའི་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད།

ཕན་ཧུང་དབྱིང་གིས་གསོ་རླུང་རྔུབ་ཀྱིན་ནད་བརྟག་སྨན་བཅོས་བྱེད་བཞིན་པ།
             ཟླ7པའི་ཚེས10ཉིན་གྱི་ཞོགས་པ། མཚན་གང་ཆར་པ་བབས་པའི་གཡུ་ཁོག་རྩྭ་ཐང་དུ་ད་དུང་སྨུག་སྤྲིན་ཐར་ཐོར་དུ་གནས་ཤིང་། གྲོང་མི་ཚེ་རིང་ཉི་མས་སྔ་ས་ནས་གཡུ་ཁོག་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་གི་འོས་འགན་སྨན་བཅོས་བྱ་ཡུལ་དུ་སྒུག་ནས་བསྡད་ཡོད།“ན་ནིང་ནས་བཟུང་། ངར་གློ་ལུ་ཆད་རྒྱུ་མེད་པ་ཞིག་རྒྱག་གི་འདུག་ལ་གློ་ལུ་རྒྱག་སྐབས་མགོ་ཡང་ན་གི་འདུག དེ་ལྟར་གློ་ལུ་རྒྱག་ཐེངས་རེར་ཉིན་གཉིས་གསུམ་རྒྱུན་མཐུད་ཀྱི་འདུག་པས་རྒྱུན་གཏན་གྱི་འཚོ་བ་དང་ལས་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་འདུག མ་གཞི་སྨན་པ་བསྟེན་པར་འགྲོ་འདོད་ཀྱང་ལམ་ཐག་རིང་བས་ཕྱིན་མེད། ཉིན་འགའི་གོང་ལ་ཞང་གི་ལས་བྱེད་པས་པེ་ཅིང་དང་ཧྲང་ཧའེ་ཡི་སྨན་པ་ཚོ་རིན་མེད་ངང་སྨན་བཅོས་བྱེད་པར་ཡོང་གི་ཡོད་ལུགས་བརྗོད་བྱུང་བས། དེ་རིང་སྔ་མོ་ནས་འདི་གར་ཡོང་བ་ཡིན”ཞེས་བརྗོད་ཀྱིན་རང་གི་སྨན་པ་བསྟེན་པའི་བང་ཡང་སླེབས། ཁོང་གིས་ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་སྨན་ཁང་གསུམ་པའི་འདུས་འདྲིལ་གཅོང་ནད་ཁུལ་གྱི་སྨན་པ་ཐེན་ཆི་ཡུས་ལ་རང་ཉིད་ཀྱི་ནད་གཞི་སྐོར་བརྗོད་པས། སྨན་པ་ཐེན་ལགས་ཀྱིས་ཕུན་སུམ་ཚོགས་པའི་ནད་ཐོག་ཉམས་མྱོང་ལ་བརྟེན་ནས་ཐོག་མའི་ནད་བརྟག་གཏན་འཁེལ་བྱས་པ་དང་འབྲེལ། ཁོང་ལ་ནད་རྟགས་ཞི་ལྷོད་དུ་གཏོང་བའི་སྨན་ཡང་རིན་མེད་ངང་སྤྲད་ནས། སྨན་བཏང་རྗེས་ལུས་པོའི་ཚོར་སྣང་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ཏེ་མི་བདེ་བ་བྱུང་ཚེ་འཕྲལ་མར་སྨན་ཁང་དུ་སྔར་བས་བརྟག་དཔྱད་དང་སྨན་བཅོས་བྱེད་པར་བསྐྱོད་དགོས་ཞེས་སྨན་པ་ཐེན་ལགས་ཀྱིས་ཚེ་རིང་ཉི་མར་སྨན་ཤོག་འབྲི་སྐབས་མངགས་བྱ་ཡང་ཡང་བྱས།
             སྨན་བཅོས་ཆེད་མཁས་པ་ཚོས་ཆ་སྙོམས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི3000ལྷག་ཙམ་ཡོད་པའི་རྟའུ་རྫོང་དུ་གསོ་རླུང་མི་འདང་བ་ལས་འབྱུང་བའི་གཟུགས་པོ་མི་བདེ་བ་དག་བཟོད་བསྲན་གྱིས་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་པ་དང་། འཛུམ་མདངས་སྟོན་བཞིན་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་དོགས་གཞིར་ལན་འདེབས་པ་དང་ན་ཟུག་སེལ་ཐབས་བྱས།

འོས་འགན་སྨན་བཅོས་ཀྱི་ཡུལ་དངོས།
             འོས་འགན་སྨན་བཅོས་བྱེད་ཞོར་དུ་སྨན་བཅོས་ཆེད་མཁས་པ་ཚོས་ད་དུང“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་བདེ་ཐང་སློབ་གླིང་གི་འཆད་ཁྲིད་བྱས་ནས། ཚན་ཁག་ཁག་གི་ཆེད་མཁས་པས་རྟའུ་རྫོང་སྨན་ཁང་གི་སྨན་པ་ཚོར་ཆེད་ལས་ཀྱི་གསོ་རིག་ཤེས་བྱ་དང་ལོ་མང་རིང་གི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་བརྒྱུད་ཁྲིད་བྱས་པས། འཆད་ཁྲིད་མཇུག་འགྲིལ་རྗེས་རྫོང་སྨན་ཁང་གི་སྨན་པ་ཚོས་ཤེས་བྱ་གསར་པ་མང་པོ་ཞིག་ཤེས་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཀྱི་ཡོད། འཆད་ཁྲིད་མཇུག་འགྲིལ་རྗེས་སུ། ཧོ་པེ་གསོ་རིག་སློབ་ཆེན་སྨན་ཁང་གཉིས་པའི་གཅིན་ལམ་ཕྱི་ནད་ཚན་ཁག་གི་སྨན་པ་ལི་ཝུའེ་ཡིས“འདི་གར་སླེབས་རྗེས་ནད་པར་སྨན་བཅོས་བྱེད་པ་ཁོ་ན་མིན་པར། རང་ཉིད་ཀྱི་ལོ་མང་རིང་གི་ཉམས་མྱོང་དག་ཀྱང་ས་གནས་དེ་གའི་སྨན་ཁང་ལ་མཉམ་སྤྱོད་བྱེད་དགོས། དེ་ནི་ད་ཐེངས་ཀྱི‘སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད’ཀྱི་བྱེད་སྒོའི་དོན་སྙིང་ཡིན”ཞེས་མྱོང་ཚོར་ཟབ་མོས་བཤད།

བདེ་ཐང་སློབ་གླིང་གི་འཆད་ཁྲིད་ཡུལ་དངོས།
             ཟླ7པའི་ཚེས11ཉིན་གྱི་ཕྱི་དྲོ་ཆར་པ་སིམ་སིམ་བབས་པ་དང་བསྟུན་ནས་དུས་ཡུན་ཉིན་གསུམ་གྱི་སྤྱི་ཕན་བྱེད་སྒོ་ཡང་མཇུག་འགྲིལ་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་བསྡོམས་ཞིང་འབྲོག་མང་ཚོགས་མི་ཐེངས4034ལ་སྨན་བཅོས་བྱས་པ་དང་། སྨན་བཅོས་ཆེད་མཁས་པ་ཚོགས་པས་དུད་ཚང15ལ་སྨན་བཅོས་བྱེད་པར་བསྐྱོད་ཡོད།
             “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྤྱི་ཕན་བྱེད་སྒོ་དེ་སྨན་བཅོས་རོགས་སྐྱོར་བྱ་སྤྱོད་སྟབས་བདེ་ཙམ་ཞིག་ཡིན་པ་མ་ཟད། འོད་ཟེར་ཞིག་དང་འདྲ་བར་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་རེ་བའི་ལམ་བུར་འོད་སྣང་ཞིག་ཀྱང་སྦྱིན་ཡོད། སྨན་བཅོས་ཆེད་མཁས་པ་ཚོས་རི་ཆུ་ཁྲི་སྟོང་བརྒལ་ནས་བརྩེ་དུང་དང་བདེ་ཐང་བརྒྱུད་སྤྲོད་བྱས་ཡོད་ལ། བྱ་སྤྱོད་དངོས་ཀྱི་ཐོག་ནས“སྨན་པའི་བྱམས་སེམས”བདེན་དཔང་ཡང་བྱས་ཡོད།