ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་སྣང་ཚུལ་ལ་རྩ་བའི་ཆ་ནས་ཚོད་འཛིན་ཐུབ་པ།

སྤེལ་དུས 2024-08-27 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱིས་སྤེལ་བའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ལས། མཚོ་བོད་ས་མཐོའི་སྐྱེ་ཁམས་ལས་གྲྭ་གལ་ཆེན་འཛུགས་སྐྲུན་གྱིས་ཁུལ་ཁོངས་ཀྱི་སྐྱེ་ཁམས་སླར་གསོར་ཤུགས་རྐྱེན་བཟང་པོ་ཐེབས་ཏེ། སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་སྣང་ཚུལ་ལ་རྩ་བའི་ཆ་ནས་ཚོད་འཛིན་ཐུབ་པ་མ་ཟད། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་ནུས་པ་སྤྱི་ཡོངས་ནས་བརྟན་པོ་དང་ལེགས་སུ་འགྲོ་བའི་རྣམ་པ་ཡང་མངོན་པ་ཤེས་རྟོགས་བྱུང་ཡོད།
  ཚེས་18ཉིན་དེ་གར་འཚོགས་པའི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་གཉིས་པའི་རུ་དཔོན་ཡའོ་ཐན་ཏུང་གིས། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཐོག་ནས་འདས་ཟིན་པའི་ལོ་15ཡི་རིང་གི་མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་གི་འགྱུར་ལྡོག་ཆོས་ཉིད་དང་སྤྱི་ཡོངས་ལེགས་སུ་འགྲོ་བའི་རྣམ་པ་མངོན་པ་མ་ཟད། སྤུས་ལེགས་ཀྱི་སྤང་དང་ནགས་ཚལ་རྒྱ་ཁྱོན་གྱི་བསྡུར་ཚད་ཁག་སོ་སོར་6%དང་12%མཐོ་རུ་ཕྱིན་པ་དང་། ཆུ་རྩ་སྐྱོང་གསོ་དང་། ས་རྒྱུ་རྒྱུན་འཁྱོངས། རླུང་འགོག་བྱེ་འཇགས་བཅས་ཀྱི་ཞབས་ཞུའི་ནུས་པ་ཁག་སོ་སོར་1%དང་། 2% 70%བཅས་མཐོ་རུ་ཕྱིན་པ། སྐྱེ་ཁམས་མ་ལག་རིགས་སྒྱུར་བསྡུར་ཚད་1%ལས་དམའ་བ་ཡོད་པ་བཅས་བྱུང་སྟེ་མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་མཚོ་བོད་ས་མཐོའི་སྐྱེ་ཁམས་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་པའི་དུས་དང་བར་སྟོང་གི་རྣམ་པར་ཚོད་སྐོར་བྱས་པའི་ནང་སྤང་དང་ནགས་སའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭའི་ལག་བསྟར་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི་25དང་སྟོང་སྨི་གྲུ་བཞི་མ་ཁྲི་3སོ་སོར་ཟིན་པ་དང་། ས་ཆུ་ཤོར་བ་བཅོས་སྐྱོང་དང་ས་ཞིང་བྱེ་འགྱུར་བཅོས་སྐྱོང་ལས་གྲྭའི་ལག་བསྟར་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི་0.7དང་སྟོང་སྨི་གྲུ་བཞི་མ་ཁྲི་0.6ཟིན་ཡོད་པ་རེད།
  མཚོ་བོད་ས་མཐོ་ནི་རང་རྒྱལ་དང་ཐ་ན་ཨེ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་དང་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཙོ་གནད་ས་ཁུལ་ཞིག་ཡིན་པ་དེར། ཆུ་རྩ་སྐྱོང་གསོ་དང་། གནམ་གཤིས་སྙོམས་སྒྲིག ས་རྒྱུ་རྒྱུན་འཁྱོངས། རླུང་འགོག་བྱེ་འཇགས། ཐཱན་འདུས་ནུས་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་གལ་ཆེན་ལྡན་ཡོད། ཡའོ་ཐན་ཏུང་གིས། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་མ་ལག་གི་ཁྱད་ཆོས་ལ་ཚོད་སྐོར་བྱས་པ་དང་འབྲེལ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་ལེགས་སུ་གཏོང་རྒྱུར་ཚན་རིག་དང་མཐུན་པའི་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།