མཚོ་སྔོན་གྱི་ས་བོན་འདིའི་རིགས་ཕྱི་རྒྱལ་དུ་ཐོག་མར་ཕྱིར་གཏོང་བྱས།
སྤེལ་དུས 2025-02-20
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་གི་ལི་གྲོའི་ས་བོན་ཟི་ལིང་འགག་སྒོའི་ཁོངས་གཏོགས་ན་གོར་མོ་འགག་སྒོའི་ཞིབ་བཤེར་ཚད་གཞི་ལོན་རྗེས་སི་ཕེན་དང་ཏེན་མག་ཏུ་ཕྱིར་གཏོང་བྱས་ཤིང་། དེའི་ཐོག་ནས་མཚོ་སྔོན་གྱིས་རང་བདག་གསོ་སྐྱོང་བྱས་པའི་ལི་གྲོའི་ས་བོན་ཕྱིར་གཏོང་ཐེངས་དང་པོ་མངོན་འགྱུར་བྱུང་བ་དང་རྒྱལ་ཡོངས་ཁྱབ་ཁོངས་སུ་ལི་གྲོའི་ས་བོན་ཕྱིར་གཏོང་ཐེངས་དང་པོ་ཡིན་པ་མཚོན་ཡོད།

མཚོ་སྔོན་གཙང་གསུམ་ས་གཞི་འབྱུང་ཁམས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན་ཧོང་ཁྲའོ་པིན་གྱིས། ན་ནིང་ལོ་མཇུག་ཏུ་སི་ཕེན་དང་ཏེན་མག་གི་འདེབས་འཛུགས་ཁེ་ལས་ཀྱིས་ང་ཚོའི་ཀུང་སིའི་ས་བོན་ནང་འདྲེན་གྱིས་འདེབས་འཛུགས་ཚོད་ལྟ་བྱ་འདོད་བྱུང་མོད། འོན་ཀྱང་ང་ཚོར་ཕྱིར་གཏོང་གི་ཉམས་མྱོང་མེད་པ་དང་འབྲེལ་ཡོད་འགྲོ་ལུགས་ཇི་ལྟར་བསྒྲུབ་དགོས་མིན་གསལ་པོར་ཤེས་ཀྱི་མེད་པའི་གནས་སུ་ལྷུང་སྐབས། ཟི་ལིང་འགག་སྒོའི་ལས་དོན་མི་སྣ་རང་འགུལ་ངང་སྒོ་རྩར་ཕེབས་ནས་རོགས་རམ་བྱས་པ་དང་། དེ་དུས་ང་ཚོས་ད་གཟོད་རྒྱལ་ཡོངས་ཀྱི་རྒྱལ་མཚམས་སྒྲོལ་བའི་ལི་གྲོའི་ས་བོན་ཐོན་སྐྱེད་རྟེན་གཞི་དང་པོ་ཐོ་འགོད་དང་ལི་གྲོའི་ས་བོན་ཕྱིར་གཏོང་ཞིབ་མཆན་བདེ་བླག་ངང་བརྒྱུད་དེ་ཕྱིར་གཏོང་མེད་པའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད་པ་ཡིན། མ་འོངས་པར་ང་ཚོས་ཁ་ན་ཏ་དང་ཨ་ཀེན་ཐིན། མོ་རོ་ཁོ་སོགས་ཕྱི་རྒྱལ་གྱི་ཁེ་ལས་ལ་ལི་གྲོའི་ས་བོན་ཕྱིར་གཏོང་བྱས་ནས་ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་ཇེ་ཆེ་དང་སྟོབས་ཆེར་གཏོང་རྩིས་ཡོད་ཅེས་གསུངས།

ཉེ་བའི་ལོ་ཤས་རིང་ལ། མཚོ་སྔོན་གྱི་ས་བོན་ལས་རིགས་དར་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་ཆེད། ཟི་ལིང་འགག་སྒོས་ལས་སྒོའི་རྐང་འཛིན་པ་འདེམས་ནས་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ཏེ། རྒྱུན་རྣམ་ཅན་གྱིས་འགག་སྒོའི་འགོ་འཛིན་གྱིས་སྲིད་ཇུས་སྐྱེལ་བ་ཞེས་པའི་བྱེད་སྒོ་སོགས་སྤེལ་བ་དང་། དུས་ཐོག་ཏུ་ཁེ་ལས་ལ་ཡོ་རོབ་མནའ་འབྲེལ་གྱི་རིམས་བཤེར་གྱི་བླང་བྱ་དྲིལ་བསྒྲགས་དང་། ཁེ་ལས་ཀྱིས་བླང་བྱ་གཞིར་བཟུང་ཐོན་སྐྱེད་དོ་དམ་བྱེད་ཐབས་ལེགས་སུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས་ཕྱིར་གཏོང་ཐོན་རྫས་ཕྱི་རྒྱལ་གྱི་ཁྲིམས་སྲོལ་གྱི་བླང་བྱ་དང་མཐུན་པར་འགན་ལེན་བྱས་པ་མ་ཟད། ཁེ་ལས་སུ་བསྐྱོད་དེ་ཕན་ཚུན་རོགས་སྦྲེལ་ཞེས་པའི་གནད་འཁེལ་རོགས་སྐྱོར་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་ཀྱིས་བརྒྱུད་རིམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུར་རོགས་རམ་བྱས་པ་དང་། ཞིང་ཁའི་ནད་ཡམས་ཞིབ་བཤེར་དང་ཐོན་སྐྱེད་སྤུས་ཚད་ཚོད་འཛིན། ཕྱོགས་བསྡུས་དཔྱད་འཇོག་སོགས་འབྲེལ་ཐག་ཡོངས་ཀྱི་ལྟ་སྐུལ་དོ་དམ་བྱེད་སྟངས་བཙུགས་ཏེ། “སྤུས་གསར་ལྟ་སྐུལ་དོ་དམ་ནུས་པར”བརྟེན་ནས“སྤུས་གསར་ཐོན་སྐྱེད་ནུས་ཤུགས”ལ་ནུས་པ་འདོན་སྤྲོད་བྱས་ཡོད།