ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ཀང་ཀྲུའུ་ཨའོ་ཟམ་ཆེན་ཤར་གཏོང་མཛད་སྒོར་ཕེབས་པ།

སྤེལ་དུས 2018-10-25 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ལྕགས་བྱམས།
           ཀང་ཀྲུའུ་ཨའོ་ཟམ་ཆེན་ཤར་གཏོང་ཐུབ་པའི་མཛད་སྒོ་དེ་སྤྱི་ཚེས་ཉི་ཤུ་གསུམ་ཉིན་གྱི་སྔ་དྲོ་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའི་གྲོང་ཁྱེར་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཕེབས་པ་མ་ཟད། ཟམ་ཆེན་ཤར་གཏོང་ཐུབ་པ་ཁྱབ་བསྒྲགས་གནང་བ་དང་ཆབས་ཅིག་ཟམ་ཆེན་ལ་གཟིགས་བསྐོར་གནང་བ་དང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཟམ་ཆེན་ཇུས་འགོད་དང་། འཛུགས་བསྐྲུན། དོ་དམ་བཅས་གནང་མཁན་གྱི་རྒྱ་ཆེའི་ལས་དོན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་བསམ་དག་པའི་འཚམས་འདྲི་ཞུས་ཡོད་པ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་གསུངས་པ་རེད།
           ཀང་ཀྲུའུ་ཨའོ་ཟམ་ཆེན་ནི་ལིང་ཏིང་ཡང་མཚོ་ཐོག་ཏུ་བསྐྲུན་ཡོད་པ་དང་། ཤར་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་སྦྲེལ་ཡོད་པ་དང་། ནུབ་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའི་གྲོང་ཁྱེར་དང་ཨའོ་མན་དམིགས་བསལ་སྲིད་འཛིན་ཁུལ་དང་སྦྲེལ་ཡོད་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ༥༥ཡོད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འོག་ཀོང་ཏུང་དང་། ཤང་ཀང་། ཨའོ་མན་བཅས་ས་ཁུལ་གསུམ་གྱིས་ཐེངས་དང་པོར་མཉམ་ལས་བྱས་ནས་བསྐྲུན་པའི་མཚོ་སྒྲོལ་འགྲིམ་འགྲུལ་ལས་གྲ་ཆེས་ཆེ་བ་ཞིག་ཡིན། ཟམ་ཆེན་དེ་ཤར་གཏོང་ཐུབ་པ་དེ་ནི་གཡོས་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་གྱི་འཛུགས་བསྐྲུན་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན།
           ཤར་གཏོང་མཛད་སྒོ་དེ་ཀྲུའུ་ཧའི་འགག་སྒོའི་འགྲུལ་བཞུད་ཞིབ་བཤེར་ཁང་ཆེན་གྱི་ཕྱིར་སྐྱོད་ཚོམས་ཆེན་དུ་གཉེར་བ་དང་། ཆུ་ཚོད་དགུ་དང་ཕྱེད་ཀར་དགའ་སྤྲོ་འཁོལ་བའི་མགྲོན་བསུའི་རོལ་དབྱངས་ལ་དང་ལྷན་དུ་ཞི་ཅིན་ཕིང་སོགས་མཛད་སྒོ་གཉེར་སར་ཕེབས་པ་དང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་ཐལ་མོ་རྡེབ་ཡོད་པ་རེད།
           ཟམ་ཆེན་འཛུགས་བསྐྲུན་གནས་ཚུལ་བཀོད་པའི་བརྙན་མཐོང་གཟིགས་རྗེས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཤིའི་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེན་གཡོས་ཨོ། ཨའོ་མན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུད་ཧྲེ་ཨན་དང་། ཧན་ཀྲེང་སོགས་ནས་སྔ་རྗེས་སུ་ཤིས་ཚིག་གསུངས་པ་རེད།
           ཆུ་ཚོད་བཅུ་པ་ཙམ་ལ་ཞི་ཅིན་ཕིང་ཀྲུའུ་ཞི་སྟེགས་བུར་ཕེབས་ནས་ཀང་ཀྲུའུ་ཨའོ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་གནང་བས། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད་པ་རེད།
           ཤར་གཏོང་མཛད་སྒོ་གྲོལ་རྗེས་ཞི་ཅིན་ཕིང་སོགས་རླངས་འཁོར་ལ་བཞུགས་ནས་ཀྲུའུ་ཧའི་འགག་སྒོའི་འགྲུལ་བཤེར་ཁང་ཆེན་ནས་ཀང་ཀྲུའུ་ཨའོ་ཟམ་ཆེན་ལ་གཟིགས་བསྐོར་དུ་ཕེབས་པ་རེད།
           ཤར་མི་བཟོས་གླིང་ཕྲན་ནི་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཆུ་ཐོག་སྒྲོམ་གཞི་དང་ཆུ་འོག་ཕུག་ལམ་གྱི་མཐུད་མཚམས་དེ་ཡིན་ཞིང་། དེ་ནི་ཟམ་ཆེན་འཛུགས་བསྐྲུན་ཁྲོད་ཀྱི་འགག་གནད་ལས་གྲ་ཞིག་རེད། ཞི་ཅིན་ཕིང་སོགས་རླངས་འཁོར་ལ་བཞུགས་ནས་དེ་གར་ཕེབས་ཤིང་། ནུབ་ངོས་ཀྱི་སྟེགས་བུར་འཛེགས་གནང་ནས་ཟམ་ཆེན་ལ་གཟིགས་པ་དང་། པར་རིས་དང་དཔེ་དབྱིབས་དང་ཟུང་འབྲེལ་གྱིས་ཟམ་ཆེན་འཛུགས་བསྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཟམ་ཆེན་དོ་དམ་དང་འཛུགས་བསྐྲུན་བྱེད་མཁན་གྱི་འཐུས་མི་དང་མཇལ་འཕྲད་གནང་བ་དང་། ཁོང་རྣམ་པར་རེ་རེ་བཞིན་ཕྱག་བཏང་ཞིང་། བྱམས་བརྩེའི་བཀའ་མོལ་གནང་ཡོད། ཁོང་གིས། ཀང་ཀྲུའུ་ཨའོ་ཟམ་ཆེན་ནི་རྒྱལ་ཁབ་ཀྱི་ལས་གྲ་གལ་ཆེན་ཞིག་ཡིན་པས། ཁྱེད་རྣམ་པ་ཟམ་ཆེན་ཇུས་འགོད་དང་། འཛུགས་བསྐྲུན། བདག་སྐྱོང་སོགས་ནང་ཞུགས་ནས། བློ་གྲོས་འདོན་སྤེལ་གྱིས་འཛམ་གླིང་རིམ་པའི་དཀའ་གནད་མང་པོ་སེལ་ཡོད་པ་དང་། འཛམ་གླིང་ཐོག་གི་ཆེས་སྔོན་ཐོན་གྱི་དོ་དམ་ལག་རྩལ་དང་ཉམས་མྱོང་གཅིག་སྡུད་ཐོག སྤུས་ཚད་དང་གྲངས་ཚད་འགན་ལེན་གྱི་ཐོག་ནས་ལས་འགན་ལེགས་གྲུབ་ཐུབ་ཡོད། ཁྱེད་ཚོ་ནི་ང་ཚོའི་སྤོབས་པ་རེད། རེ་བར་ཁྱེད་རྣམ་པས་སླར་ཡང་རྡོག་ཐོན་བྱས་ནས་མུ་མཐུད་གྲུབ་འབྲས་གསར་པ་རྩེ་གྲ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག
           ཞི་ཅིན་ཕིང་གིས། ཀང་ཀྲུའུ་ཨའོ་ཟམ་ཆེན་འཛུགས་བསྐྲུན་གྱིས་འཛམ་གླིང་གི་ཟིན་ཐོ་མང་པོ་གཏོད་ཡོད་པས། དེ་ནི་ལས་སླ་པོ་ཞིག་གཏན་ནས་མིན། དེས་རྒྱལ་ཁབ་ཀྱི་རི་དང་འཕྲད་སྐབས་ལམ་བསྐྲུན་པ་དང་ཆུ་དང་འཕྲད་སྐབས་ཟམ་པ་བསྐྲུན་པའི་འབད་འཐབ་སྙིང་སྟོབས་མཚོན་པ་དང་། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རང་བརྟེན་གསར་གཏོད་ནུས་པ་མངོན་པ། འཛམ་གླིང་གི་ཆུ་ཚད་རྩེ་གྲ་གཏོད་པའི་མི་རིགས་ཀྱི་སྙིང་སྟོབས་མངོན་གྱི་ཡོད། དེ་ནི་བསམ་གྲུབ་ཟམ་པ་དང་། སེམས་མཐུན་ཟམ་པ། བློ་སྤོབས་ཟམ་པ། བསྐྱར་དར་ཟམ་པ་བཅས་ཡིན། ཟམ་ཆེན་དེར་རླངས་འཁོར་ཤར་གཏོང་ཐུབ་པ་དེས་རང་རེའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་བློ་སྤོབས་དང་། རིགས་གཞུང་བློ་སྤོབས། ལམ་ལུགས་བློ་སྤོབས། རིག་གནས་བློ་སྤོབས་བཅས་སྔར་བས་བརྟན་དུ་གཏོང་ཐུབ་ཅིང་། དེ་ལས་སྤྱི་ཚོགས་རིང་ལུགས་ནི་དཀའ་སྤྱད་ཀྱིས་སྒྲུབ་པ་ཞིག་ཡིན་པ་དང་། དུས་རབས་གསར་པ་ཡང་དཀའ་སྤྱད་ཀྱིས་སྒྲུབ་པ་ཞིག་ཡིན་པ་གསལ་བཤད་གང་ལེགས་བྱེད་ཐུབ། ཀང་ཀྲུའུ་ཨའོ་ཟམ་ཆེན་ལྟ་བུའི་ལས་གྲ་གལ་ཆེན་འདི་རིགས་གཅིག་ནས་སྤུས་ཚད་མཐོ་པོས་འཛུགས་བསྐྲུན་ཡག་པོ་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་སྤུས་ལེགས་ལས་གཞི་དང་། དཔེ་མཚོན་ལས་གཞི། བདེ་འཇགས་ལས་གཞི། སྤྱོད་གཙང་ལས་གཞི་བཅས་སུ་འགྱུར་བ་བྱ་དགོས་ལ། ཟམ་ཆེན་བེད་སྤྱོད་ཡག་པོ་དང་དོ་དམ་ཡག་པོ་བྱས་ནས། གཡོས་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་གྱི་འཛུགས་བསྐྲུན་ལ་ནུས་པ་གལ་ཆེན་འདོན་དགོས་ཞེས་ནན་སྟོན་གནང་འདུག
           ཧན་ཀྲེང་གིས་ཟམ་ཆེན་ཤར་གཏོང་ཐུབ་པའི་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས། གཡོས་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་གྱི་འཛུགས་བསྐྲུན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་བཏང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་རེད། ཀང་ཀྲུའུ་ཨའོ་ཟམ་ཆེན་བསྐྲུན་ཚར་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ནི་ས་ཁུལ་དེ་གསུམ་གྱི་མི་སྣའི་སྤེལ་རེས་དང་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་ཕན་པ་ཡོད་པ་དང་། གཡོས་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ། ནང་ས་དང་། ཤང་ཀང་། ཨའོ་མན་བཅས་ཀྱི་གཉིས་ཕན་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། མི་གཙོ་བོར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་དང་། ཟམ་པ་རྩེ་གྲ་དང་འགག་སྒོ་རྩེ་གྲའི་རྨང་གཞིའི་ཐོག་གཉེར་སྐྱོང་ཞབས་ཞུ་རྩེ་གྲ་མཁོ་འདོན་བྱས་ནས། ཀང་ཀྲུའུ་ཨའོ་ཟམ་ཆེན་དེ་ཀོང་ཏུང་དང་། ཤང་ཀང་། ཨའོ་མན་བཅས་ས་ཁུལ་གསུམ་དམ་པོར་སྦྲེལ་བའི་དམངས་སེམས་ཟམ་པ་ཞིག་ལ་འགྱུར་བ་བྱ་དགོས་པ་དང་། ཞིབ་མཆན་འགྲོ་ལུགས་སྔར་བས་སྟབས་བདེ་རུ་གཏོང་བ་དང་། འགག་སྒོ་སྒྲོལ་བའི་དུས་ཚོད་ཐུང་དུ་བཏང་ནས། ཀང་ཀྲུའུ་ཨའོ་ཟམ་ཆེན་དེ་ཤང་ཀང་དང་། ཨའོ་མན། ནང་ས་བཅས་ཀྱིས་རོགས་ལས་གསར་གཏོད་དང་མཉམ་འདྲེས་གོང་འཕེལ་གཏོང་བའི་སྦྲེལ་ཟམ་དུ་འགྱུར་བ་བྱ་དགོས་པ། ལས་གྲའི་འཛུགས་བསྐྲུན་གྱི་འགག་རྩའི་ལག་རྩལ་དེ་ལས་རིགས་ཀྱི་ཚད་གཞིར་བསྒྱུར་ནས། ཀང་ཀྲུའུ་ཨའོ་ཟམ་ཆེན་དེ་ཀྲུང་གོའི་ཟམ་ཆེན་ཕྱིར་སྐྱོད་པའི་མིང་བྱང་མཚར་པོ་ཞིག་ཏུ་འགྱུར་བ་བྱ་དགོས་ཞེས་གསུངས་འདུག