གནམ་ལོ་གསར་ཚེས་སླེབས་གྲབས་ཡོད་པའི་སྐབས་སུ་སྨྱུག་འཛིན་པས་རིག་པའི་གནས་ལྔ་ཡིས་ཐུགས་རྒྱུད་ཕྱུག་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་པོ་སྐུ་ནུབ་འོད་ཟེར་ལ་བཅར་འདྲི་བྱེད་དུ་ཆས་པ་ཡིན། ཁོང་ཉིད་དགུང་ལོ་གྱ་གཉིས་ལ་སོན་ཡོད་རུང་། བློ་དང་རིག་པ་ད་དུང་ཧ་ཅང་གསལ་པོ་འདུག་སྨྱུག་འཛིན་པ་ཁོང་གི་ཁྱིམ་དུ་ཐོན་སྐབས་སྐུ་ནུབ་འོད་ཟེར་ལགས་ཀྱིས་རྟའུ་ནས་འོངས་པའི་སློབ་མ་ཁ་ཤས་ལ་རྒྱུད་བཞིའི་དཀའ་གནད་འགྲེལ་བཤད་དང་སྨན་བཅོས་ལག་ལེན་གྱི་མན་ངག་དམར་ཁྲིད་བྱས་པ་དང་ཏག་ཏག་འཁེལ་སོང་། ངས་ཁོང་གི་སྐུ་མདུན་བཅར་བའི་རྒྱུ་རྐྱེན་བཤད་རྗེས་བཅར་འདྲི་བྱས་པར་ཐུགས་དགྱེས་པའི་ངང་ནས་དང་ལེན་བྱས་བྱུང་། སྐུ་ནུབ་འོད་ཟེར་ནི་རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལོ་སྟེ་སྤྱི་ལོ་༡༩༢༧ལོར་མདོ་ཁམས་རྟའུ་རྫོང་སྨུག་རོང་འབྲོག་སྡེའི་ཕ་བློ་བཟང་ཉི་མ་དང་མ་མ་ལིས་ཞེས་པའི་སྲས་སུ་སྐུ་འཁྲུངས།ཕ་མའི་བཀའ་ལྟར་རང་ལོ་བདུན་ལ་སོན་པའི་སྐབས་སུ་ཁོ་བོ་རི་འབྲུག་ཉི་མའི་སྐུ་མདུན་ནས་བོད་ཡིག་གི་འབྲི་ཀློག་ལ་བསླངས་ཤིང་། ཁོང་ཉིད་ཆུང་དུས་ནས་བློ་རིག་སྤྱང་གྲུང་ལྡན་ཞིང་དུས་ཚོད་སྐར་ཆ་ཙམ་ལ་ཡང་གཅེས་འཛིན་བྱས་པར་བརྟེན། རང་བློ་རྨོངས་པ་སེལ་བྱེད་ཀྱི་རིག་པའི་གནས་ལ་བརྩོན་པ་དྲག་པོ་བྱས་པའི་དབང་གིས་འབྲི་དང་དག་ཡིག་སོགས་ཀྱི་ཐད་རྩེར་སོན་པའི་འབྲས་བུ་རབ་ཏུ་སྨིན་ནས་ཕྱིན་ཆད་རང་ཉིད་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་འཕེལ་སྐྱོང་གི་ལམ་དུ་སྐྱོད་པར་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད་པ་རེད། ༡༩༣༧ལོར་ཁྱིམ་གྱི་ཕ་མ་དང་ཞང་པོ་སོགས་ཀྱི་བཀའ་ལྟར། ཁོ་བོ་སྐུ་ནུབ་སྟག་སྤྲུལ་གྱི་མདུན་ནས་འདོན་ཚོགས་སྐོར་དང་། བོད་ཀྱི་གསོ་བ་རིག་པ།སུམ་དག་རྟགས་གསུམ། སྙན་ངག སྐར་རྩིས་ལ་སོགས་པའི་བོད་ཀྱི་ཐུན་མོང་གི་རིག་གནས་ལ་བསླབས་པ་ཟབ་པོ་མཛད་པས་མ་ཚད། སྤྱོད་འཇུག་དང་སྙིང་ཐིག་སྔོན་འགྲོ། ཡེ་ཤེས་བླ་མ་བཅས་ལ་བརྩོན་པ་དྲག་པོ་སྐྱེས་ནས་བསླབས་པར་བརྟེན།བོད་ཀྱི་ནང་དོན་རིག་པའི་ཐད་ལའང་རྨང་གཞི་བརྟན་པོ་བཏིང་ཡོད་ཅིང་། སྨྱུག་འཛིན་པས་དགེ་འོད་ཟེར་ལགས་དང་ཁ་བརྡ་ལབ་ཞོར་དུ་དེའི་དུས་ཀྱི་ཆ་རྐྱེན་དེང་དང་བསྡུར་ན་ཧ་ཅང་ཞན་པོ་ཡིན་གྱིན་རེད།ཁྱེད་ཀྱིས་དེའི་དུས་སྦྱོང་རྒྱུའི་ནང་དོན་དེ་འདྲ་མང་ཞིང་གཏིང་ཟབ་པ་དེ་དག་ཇི་ལྟར་བྱས་ནས་དགེ་རྒན་གྱི་ཐུགས་ལ་བབས་པ་བྱས་པ་ཡིན་ཞེས་དྲིས་དུས། རྒན་འོད་ཟེར་ལགས་ཀྱིས་དེའི་དུས་ཀྱི་ཆ་རྐྱེན་ཉིད་དེང་གི་རྣམ་པ་དང་བསྡུར་ན་བཤད་ཚོད་ཅིག་ག་ལ་ཡོད། འོན་ཀྱང་ཆ་རྐྱེན་ཞན་པའི་ཁྲོད་དུ་བརྩོན་པའི་ངར་ཤུགས་སྐྱེས་ཞེས་པའི་དཔེ་ལྟར། སུམ་རྟགས་རྩ་བ་དང་། སྤྱོད་འཇུག་རྩ་བ།བོད་ཀྱི་གསོ་རིག་རྒྱུད་བཞིའི་རྩ་བ་བློ་ལ་འཛིན་ནས་ཐོགས་མེད་ཆུ་རྒྱུན་བཞིན་དུ་འདོན་ཐུབ་ཀྱིན་ཡོད་ཅེས་ལན་འདེབས་བྱུང་། དེ་ལྟར་བཅར་འདྲི་བྱེད་ཞོར་དུ་སྨྱུག་འཛིན་པས་ཤེས་རྟོགས་བྱུང་རྒྱུར། རྒན་འོད་ཟེར་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པ་སྦྱངས་པའི་སྐབས་སུ་རིགས་པའི་གཞུང་ལུགས་ཐད་གོ་བ་ཟབ་ལོན་རྒྱུར་དོ་སྣང་མཛད་པ་དང་ཆབས་ཅིག ལག་ལེན་དངོས་ལ་བྱང་ཆུབ་པ་བྱ་རྒྱུ་དང་སྨན་སྦྱོར་བྱེད་སྟངས།སྨན་རྩྭ་ངོས་འཛིན་བྱེད་སྟངས་བཅས་ལ་རང་རྟོགས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་གཅེས་སྐྱོང་བྱས་པར་འཇོན་ནུས་ངེས་ཅན་ཞིག་གསོག་འཇོག་བྱས་ཡོད། བཅར་འདྲི་བྱེད་ཞོར་དུ་ཤེས་རྟོགས་བྱུང་བར་གཞིགས་ན། ༡༩༤༢ལོར་རྫོགས་ཆེན་མཁན་པོ་ཐུབ་བསྟན་སྙན་གྲགས་མི་ཉག་སྙན་ལམ་དགོན་དུ་བཞུགས་སྐབས་ཁོང་གི་སྐུ་མདུན་ནས་ལོ་གཉིས་ཀྱི་བར་དུ་གསན་སྦྱོང་རྒྱ་ཆེར་མཛད། ༡༩༤༤ལོར་རྫོགས་ཆེན་མཁན་པོ་ཐུབ་བསྟན་སྙན་གྲགས་དང་མཉམ་དུ་གྲྭ་ས་ཆེན་དུ་བྱོན་ནས་ལོ་བརྒྱད་ཀྱི་རིང་ལ་ཐུབ་བསྟན་སྙན་གྲགས་གཙོས་པའི་རྫོགས་ཆེན་མཁན་པོ་ངག་དབང་ནོར་བུ། འཇིགས་མེད་ཡོན་ཏན་མགོན་པོ།པད་མ་ཚེ་དབང་། མཁན་ལྷ་རྒྱལ་སོགས་ཀྱི་སྐུ་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པར་མཐར་ཕྱིན་མཛད་པར་མ་ཟད། གཞན་རྫོགས་ཆེན་གོང་སྤྲུལ་དང་གླིང་བླ་སྐུ་ཆེན། ཡིད་བཞིན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། འབྲུག་པ་སྐུ་ཆེན།དྲི་མེད་བློ་གྲོས་སོགས་ཀྱི་སྐུ་མདུན་དུ་དབང་ལུང་སྣ་ཚོགས་ཞུས་པ་སོགས་ཐོས་བསམ་གྱི་ལས་ལ་ཉིན་མཚན་ལྟོས་མེད་དུ་གཞོལ་བས་མཁས་པའི་གྲགས་པ་ཐོབ། གསེར་ས་འོག་སྦས་ན་འོད་གནམ་མཁའ་ལ་འཕྲོ་ཞེས་པའི་དཔེར་ལྟར། རྫོགས་ཆེན་གྱི་བཤད་གྲྭ་ནང་སློབ་སྦྱོང་བྱས་ནས་ལོ་གཉིས་ཙམ་འདས་རྗེས་སྐུ་ནུབ་འོད་ཟེར་ཉིད་བཤད་གྲྭ་དེའི་སྐྱོར་དཔོན་དུ་བསྐོས་མཐར། ཁོང་གིས་རང་གི་མཁས་པའི་རྩལ་རྫོགས་ཀྱི་འཇོན་ནུས་ལ་བརྟེན་ནས་རིག་གཞུང་སོ་སོའི་དཀའ་གནད་སེལ་རོགས་དང་ཟུར་ཁྲིད་བྱས་པར་བརྟེན། བཤད་གྲྭ་དེའི་དགེ་སློབ་ཡོངས་རྫོགས་ཀྱི་ཁྲོད་དུ་སྐུ་ནུབ་འོད་ཟེར་གྱི་བློ་དང་རིག་པ་ཞེས་བསྔགས་བརྗོད་ཀྱི་ཕྲེང་བ་སྦྲེལ་མཐུད་དུ་སྤེལ་ནས་སློབ་མཐར་ཕྱིན་སྐབས་རྫོགས་ཆེན་དགོན་པའི་མཁན་པོའི་མཚན་སྙན་གནང་བ་རེད། ༡༩༥༢ལོར་སྐུ་ནུབ་དགོན་དུ་ཕྱི་ཕེབས་ཏེ་དགོན་པ་དེའི་མཁན་པོ་མཛད་པའི་སྐབས་སུ་སློབ་མ་གང་མང་ཞིག་ལ་སུམ་རྟགས་དག་གསུམ་དང་། བོད་ཀྱི་གསོ་བ་རིག་པ།སྙན་ངག་དང་སྐར་རྩིས་ལ་སོགས་པའི་ཐུན་མོང་རིག་གནས་ཁྲིད་ལུང་གནང་ནས་བོད་ཀྱི་རིག་གནས་མ་ཉམས་གོང་དུ་འཕེལ་བར་རང་གི་འཇོན་ནུས་འཕུལ་བ་དང་ཆབས་ཅིག བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་གཅེས་སྐྱོང་བྱེད་མཁན་གྱི་རྗེས་རབས་པ་གསོ་སྐྱོང་བྱེད་པའི་འཕྲིན་ལས་སྤེལ་འགོ་ཚུགས། ༡༩༦༠ལོར་གོང་རིམ་འབྲེལ་ཡོད་སྡེ་ཁག་གི་བཀོད་སྒྲིག་ལྟར། ཁོ་བོ་སྐུ་ནུབ་སྟག་སྤྲུལ་དང་ལྷན་དུ་དེའི་སྐབས་ཀྱི་མགར་ཐར་རྫོང་མི་དམངས་སྨན་ཀང་དུ་བོད་སྨན་གྱི་སྨན་བཅོས་ཕྱག་ལས་གནང་། སྨྱུག་འཛིན་པས་སྐུ་ནུབ་འོད་ཟེར་ལ་བཅར་འདྲི་བྱས་པའི་སྐབས་སུ་ཏག་ཏག་དེའི་དུས་ཁོང་གི་ལས་རོགས་ཞིག་དང་འཕྲད་བྱུང་། ལས་རོགས་དེས་ངོ་སྤྲོད་བྱས་པར་ལྟར་ན། དུས་དེར་དཔལ་འབྱོར་ཆ་རྐྱེན་དང་། སྨན་སྦྱོར་སྒྲིག་ཆས་ཅི་ས་གང་གི་ཐད་ལ་དཀའ་ངལ་ཡོད་ནའང་། སྐུ་ནུབ་འོད་ཟེར་ལགས་ཀྱིས་རང་གིས་ཁོང་དུ་ཆུབ་པའི་གསོ་བ་རིག་པའི་རིགས་གཞུང་ལག་ལེན་དངོས་སུ་སྤྱོད་པར་འབད་བརྩོན་ལྷུན་ལེན་བྱས་ནས། ཉེ་འཁོར་གྱི་ནད་པ་དག་ལ་ནད་ཀྱིས་མནར་བའི་གདུང་བ་སེལ་བས་མ་ཚད། ཉག་ཆུ་དང་རྟའུ། བྲག་འགོ དར་མདོ། རོང་བྲག་བཅས་ཁྱིམ་མཚེས་རྫོང་ཁག་རྣམས་ཀྱི་ནད་པ་མང་པོར་ནད་བཅོས་སྲོག་སྐྱོབ་ཀྱི་ལས་ཀ་རྒྱ་ཆེར་སྤེལ་བའི་དུས་མཚུངས་སུ། སྨན་བཅོས་ཀྱི་ཕྱག་ལས་མཛད་པ་ཕུད་ཁ། ད་དུང་དབྱར་གྱི་དུས་སུ་ངལ་བ་དུ་མར་མ་འཛེམས་པ་སློབ་མ་དག་ཁྲིད་ནས་རི་ལ་སྨན་རྩྭ་འཐུ་རུ་ཕྱིན་པའི་སྐབས་སུ། སློབ་མ་དག་ལ་སྨན་རྩྭ་ངོས་འཛིན་བྱེད་སྟངས། སྨན་རྩྭ་དེ་ནད་རིགས་གང་ལ་ཕན་པ། སྨན་སྦྱོར་བྱེད་སྟངས་བཅས་ཀྱི་ཐད་ལ་ལག་ལེན་གྱི་མན་ངག་དམར་ཁྲིད་བྱས་པར་བརྟེན། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་གཅེས་སྐྱོང་བྱེད་པར་རྗེས་རབས་པ་གསོ་སྐྱོང་བྱེད་པའི་འཕྲིན་ལས་ཀྱི་སྨུ་གུ་གསར་དུ་འཁྲུངས། ༡༩༧༨ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པར་བརྟེན་ཤར་རི་ཕྲག་ནས་ཉི་གཞོན་གྱི་འོད་སྟོང་སྦྱིན་པ་དང་ལྷན་དུ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་ཅུས་ཀྱི་གདན་ཞུ་ལྟར། ཁོང་ཉིད་དར་རྩེ་མདོར་ཕེབས་ནས《བོད་ཀྱི་གསོ་རིག་རྒྱུད་བཞི》དང《ཤེལ་གོང་ཕྲེང་》གཉིས་ཐོག་མར་ལྕགས་པར་བྱས་པའི་སྐབས་སུ་འགན་ཁུར་རྩོམ་སྒྲིག་པ་གཙོ་བོ་མཛད་ཅིང་། བོད་ཀྱི་གསོ་རིག་གཞུང་ལུགས་གྲགས་ཆེན་འདི་གཉིས་པར་སྐྲུན་བྱས་རྗེས་རང་རེའི་ཞིང་ཆེན་གྱི་བོད་ཀྱི་གསོ་རིག་སློབ་གྲྭ་མཐའ་དག་གི་སློབ་དེབ་གཙོ་བོར་གྱུར་པས་མ་ཚད། བོད་ལྗོངས་དང་མཚོ་སྔོན། ཀན་སུའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཁང་ལའང་གསོ་རིག་སློབ་དེབ་ཏུ་འདོན་སྤྲོད་བྱས་ནས་བསྐྱར་དཔར་ཐེངས་མང་པོ་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་སྙན་པའི་གྲགས་པ་ཁྱབ་བའི་གསོ་རིག་གཞུང་ལུགས་འདི་གཉིས་ཐོག་མར་ལྕགས་པར་བྱས་པའི་སྐབས་སུ། དག་ཆའི་ཐད་སྤུས་ཀ་རྩེར་སོན་པར་མ་ཟད། པར་སྐྲུན་ཞུ་དག་བྱས་པའི་སྐབས་སུ་རྩོམ་སྒྲིག་པས་གཞུང་ལུགས་ཁྲོད་ཀྱི་དཀའ་གནད་དག་ལ་ཟུར་བཀོད་ཀྱི་མཆན་འགྲེལ་གནང་ཡོད་པས། རྒྱ་ཆེའི་གསར་སྐྱེས་སློབ་བུ་དག་གིས་ཆེས་དགའ་བསུ་བྱ་ཡུལ་དུ་གྱུར། ༡༩༨༡སི་ཁྲོན་ཞིང་ཆེན་བོད་སློབ་གྲྭས་གདན་ཞུས་ལྟར། བོད་ཡིག་སློབ་གྲྭ་དེའི་སློབ་དེབ་རྩོམ་སྒྲིག་དང་པར་སྐྲུན་གྱི་འགན་བཞེས་ཤིང་། དེའི་རྗེས་སློབ་ཁྲིད་དང་བོད་སྨན་གྱི་ཕྱག་ལས་གནང་སྟེ་དགེ་སློབ་ཡོངས་རྫོགས་ལ《ཡིད་བཞིན་མཛོད》སོགས་ནང་དོན་རིག་པའི་སྐོར་དང་། 《ནག་རྩིས》དང་《གསོ་རིག་རྒྱུད་བཞི》སོགས་ཐུན་མོང་གི་རིག་གནས་སྐོར་སློབ་ཁྲིད་གནང་བ་དང་ཆབས་ཅིག སློབ་གྲྭའི་བོད་སྨན་བཅོས་ཀྱི་ཕྱག་ལས་གནང་ནས་ལོ་རེར་ནད་པ་བརྒྱ་ཕྲག་དུ་མར་སྨན་བཅོས་བྱས་ཡོད་པར་ཟད། གཞན་གྱི་བཅོས་སྡུག་གི་ནད་པ་གྲིབ་དང་བད་ཀན། སྐྲན། འབམ་ནད་ཅན་མང་པོར་ཕན་པ་རྒྱ་ཆེར་བྱུང་ཡོད་པ་དང་། ད་དུང་ལོ་རེ་བཞིན་དངོས་སྦྱོང་སློབ་མར་མཛུབ་སྟོན་དགེ་རྒན་ཡུན་རིང་གནང་ནས་ལག་ལེན་གྱི་ཆུད་ཚད་མཐོ་རུ་བཏང་སྟེ་བོད་སྨན་གྱི་བརྒྱུད་འཛིན་པ་ཚད་ལྡན་འབོར་ཆེན་ཞིག་གསོ་སྐྱོང་གནང་བ་རེད།