དགེ་རྒན་ཆེ་མོ་ཉི་མ་བཀྲ་ཤིས་ནི་༡༩༦༤ལོར་གྲོང་ཁྱེར་ལྷ་སར་འཁྲུངས་ཤིང་། ཆུང་དུས་གངས་ཅན་ལྗོངས་དང་ཡར་ཀླུང་གཙང་པོ་རོལ་ཏེ་འཚར་ལོངས་བྱུང་བ་དང་། བྱིས་པའི་དུས་ནས་༼ཚན་རིག་བཪྙན་པར་༽ཞེས་པ་སོགས་ཚན་རྩལ་ཁྱབ་སྤེལ་གྱི་དུས་དེབ་ལྟ་བར་ཧ་ཅང་དགའ་བ་མ་ཟད། ཚན་རིག་དང་མཐུན་པའི་འཆར་སྣང་བརྩམས་སྒྲུང་དང་གློག་བཪྙན་སྣ་ཚོགས་ལྟ་བར་དགའ་བས་འཚར་ལོངས་བྱུང་རྗེས་མིག་ཤེལ་ཞིག་བཏགས་ཤིང་ཡོན་ཏན་ཅན་གྱི་ཉམས་འགྱུར་ལྡན་པ་དང་གཏམ་སྤྱོད་གང་གི་ཐད་ལའང་ཁེངས་སྐྱུང་ནན་ཏན་དང་ཁྲལ་སེལ་སླ་བཅོས་གཏན་ནས་མི་བྱེད་པའི་སྤྱོད་ཚུལ་མངོན་བཞིན་ཡོད། བོད་ཡིག་གི་མཉེན་ཆས་ཐོག་མར་གསར་གཏོད་བྱེད་མཁན།
ཉི་མ་བཀྲ་ཤིས་ནི་༡༩༩༨ལོར་ཧྭ་ཤར་དགེ་འོས་སློབ་གྲྭ་ཆེན་མོ་ནས་ཐོན་ཞིང་། སློབ་གྲྭ་ནས་ཐོན་རྗེས་ཕ་ཡུལ་དུ་ལོག་སྟེ་བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་དངོས་རིག་པའི་ཚན་ཁག་ཏུ་ལས་བགོས་བྱས་པ་རེད། སྐབས་དེ་དུས་ཁོང་ལ་སློབ་ཁྲིད་ལས་འགན་ལྗིད་པོ་རང་མེད་པས་ཁོང་གིས་ལས་ཞོར་དུས་ཚོད་སྤྱད་དེ་སློབ་གྲྭའི་དོ་དམ་མ་ལག་སོགས་སྡེ་ཁག་ལ་མཉེན་ཆས་ཆུང་གྲས་གསར་གཏོད་བྱེད་ཀྱི་ཡོད། བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་འཁོར་མི་དོན་དོ་དམ་མ་ལག་ཆ་ཚང་བ་ཨང་དང་པོ་དེ་ནི་ཁོང་གིས་མཚན་ལས་བྱས་ནས་བསྒྲུབས་པ་ཡིན།ཚོད་ལྟ་ཐོག་མ་བྱས་པ་ཙམ་གྱིས་ལེགས་འགྲུབ་བྱུང་བ་ལས་དགའ་སྤྲོ་ཆེན་པོ་སྐྱེས་པས། དུས་དེ་ནས་བཟུང་ཉི་མ་བཀྲ་ཤིས་ཀྱིས་བློ་རྩེ་གཅིག་ཏུ་སྒྲིམ་ནས་རྩིས་འཁོར་གྱི་མཉེན་ཆས་གསར་གཏོད་ལས་ཀ་བྱེད་བཞིན་ཡོད། ༡༩༩༢ལོའི་ཟླ་༡༠པར་ཉི་མ་བཀྲ་ཤིས་ཀྱིས་ཞིབ་འཇུག་བྱས་ཏེ་གསར་གཏོད་བྱས་པའི་༼TCEབོད་རྒྱ་དབྱིན་གསུམ་གྱི་ཆ་འཕྲིན་སྡུད་སྤེལ་མ་ལག་༽གི་མཉེན་ཆས་ལ་རང་སྐྱོང་ལྗོངས་ཀྱི་ཞིབ་བཤེར་བྱས་ཏེ་ཁས་བླངས་པ་རེད། མཉེན་ཆས་ཆ་ཚང་བ་དེས་བོད་ལྗོངས་སུ་གཞུང་ལས་རང་འགུལ་ཅན་དུ་འགྱུར་བ་དང་། བོད་ཡིག་ཆ་འཕྲིན་སྡུད་སྤེལ་ལག་རྩལ་གོང་དུ་འཕེལ་བ། བོད་ཡིག་པར་གཞི་གློག་རྡུལ་ཐོག་ནས་པར་སྐྲུན་བྱ་རྒྱུ་མངོན་དུ་འགྱུར་བ་བཅས་བྱེད་པར་ལེགས་སྐྱེས་ཕུལ་ཏེ་བོད་ལྗོངས་སུ་ནང་སའི་པེ་ཅིན་སློབ་ཆེན་ཧྥང་ཀྲེན་ཚོགས་པའི་སྐུལ་འོད་པར་སྒྲིག་མ་ལག་དང་མཚུངས་པའི་ཡི་གེའི་མཉེན་ཆས་མ་ལག་ཐེངས་དང་པོ་ཡོད་པར་གྱུར་ཅིང་། བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་བོད་ཡིག་མཉེན་ཆས་གསར་གཏོད་ཐེངས་དང་པོ་བྱས་པ་རེད། མཉེན་ཆས་མ་ལག་དེས་ཡིག་རིགས་མི་འདྲ་བའི་སྡུད་སྤེལ་འཕྲུལ་ཆས་ཐོག་བོད་རྒྱ་དབྱིན་གསུམ་གྱི་ཡི་གེའི་ཆ་འཕྲིན་སྤེལ་རེས་བྱ་རྒྱུའི་གནད་དོན་ཐག་གཅོད་ཧ་ཅང་ཡག་པོ་བྱས་པ་མ་ཟད། བོད་ཡིག་གི་ཨང་བསྒྲིགས་ཚད་གཞི་གཅིག་གྱུར་ཞིག་ཀྱང་ཆགས་པ་རེད། ཡུན་རིང་མ་སོང་བར་བོད་ལྗོངས་སློབ་གྲྭ་ཆེན་མོས་མཉེན་ཆས་མ་ལག་དེ་བེད་སྤྱད་དེ་དངོས་ཁམས་དང་། རྫས་འགྱུར། སྐྱེ་དངོས་ལ་སོགས་པའི་སློབ་དེབ་པར་འདེབས་བྱེད་འགོ་ཚུགས་པ་མ་ཟད། ལོ་རྒྱུས་ཀྱི་སྙན་ངག་རིང་པོ་༼གེ་སར་རྒྱལ་པོ་༽ལེགས་སྒྲིག་བྱེད་པའི་ལས་ཀར་ཡང་བེད་སྤྱོད་བྱས་པ་རེད། ཞིབ་འཇུག་གྲུབ་འབྲས་དེ་མགྱོགས་མྱུར་ངང་སྤྱི་ཚོགས་ཐོག་གི་ལས་ཁུངས་དང་སྡེ་ཚན་ཁ་ཤས་ཀྱིས་ལག་ལེན་དུ་བསྟར་བ་དང་། ལོ་དེ་རིང་ལ་ཉི་མ་བཀྲ་ཤིས་ཀྱིས་གྲུབ་འབྲསདེ་ཁྱེར་ཏེ་པེ་ཅིན་དུ་འཚོགས་པའི་༼རྒྱ་ཡིག་དང་ཆ་འཕྲིན་སྣ་མང་སྡུད་སྤེལ་མ་ལགདང་གཞུང་ལས་རང་འགུལ་ཅན་དུ་འགྱུར་བའི་༽འགྲེམས་སྟོན་ལ་ཞུགས་པས། རྒྱལ་ཁབ་ཕྱི་ནང་གི་ITཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པ་ཚོའི་དོ་སྡང་ཧ་ཅང་ཆེན་པོ་བྱ་ཡུལ་དུ་གྱུར་པ་རེད།
༡༩༩༣ལོར་རྒྱལ་ཁབ་ཀྱི་སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་མཉམ་དུ་༼ཆ་འཕྲིན་སྤེལ་རེས་བྱ་རྒྱུར་སྤྱོད་བྱེད་བོད་ཡིག་ཨང་བསྒྲིགས་རྒྱལ་ཁབ་ཀྱི་ཚད་གཞི་༽གསར་གཏོད་བྱ་རྒྱུའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་ཏེ་བོད་རང་སྐྱོང་ལྗོངས་དང་བོད་ལྗོངས་སློབ་གྲྭ་ཆེན་མོས་གཙོ་བོར་བྱེད་ཅིང་། ཀན་སུའུ་དང་མཚོ་སྔོན་མཐོ་རིམ་སློབ་གྲྭ་ཁ་ཤས་ཀྱིས་རམ་འདེགས་བྱེད་པའི་ཞིབ་འཇུག་ཚོ་ཆུང་བཙུགས་པ་རེད། ༡༩༩༤ལོའི་ལོ་འགོར་རྒྱལ་ཁབ་ཀྱི་ཆ་འཕྲིན་ལག་རྩལ་ཚད་ལྡན་དུ་འགྱུར་བའི་ཨུ་ཡོན་ལྷན་ཁང་གིས་བོད་ཡིག་ཚུད་པའི་ISO10646ཡི་གེའི་ཆ་འཕྲིན་གྱི་ཨང་སྒྲིགས་གཅིག་གྱུར་གྱི་རྒྱལ་སྤྱིའི་ཚད་གཞི་བཟོ་མཁན་འཚོལ་སྐབས་ཉི་མ་བཀྲ་ཤིས་ཀྱིས་རང་འགན་གཞན་ལ་དཀྲི་ཐབས་མེད་པའི་བསམ་པ་བཅངས་ཏེ་ལས་འགན་དེ་ཁུར་དུ་བླངས་པ་རེད།
༡༩༩༣ལོ་ནས་བཟུང་ཞིབ་འཇུག་བྱ་གཞི་གཉིས་གཙོ་སྐྱོང་བྱེད་མཁན་ཡིན་པའི་ཉི་མ་བཀྲ་ཤིས་ཀྱིས་ལས་གྲོགས་ཚོ་དང་མཉམ་དུ་ཞིབ་འཇུག་ལོ་བཞི་ཙམ་བྱས་རྗེས་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་ལྡན་དུ་སྒྱུར་བའི་རྩ་འཛུགས་སོ་སོར་ཨང་བསྒྲིགས་གྲོས་གཞི་ཁག་མང་པོ་ཕུལ་བ་དང་། དཀའ་སྤྱད་ཀྱིས་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད་༼ཆ་འཕྲིན་སྤེལ་རེས་བྱ་རྒྱུར་སྤྱོད་བྱེད་བོད་ཡིག་ཨང་བསྒྲིགས་ཡི་གེ་ཕྱོགས་བསྒྲིགས་༽ཞེས་པ་ཞིག་བཏོན་པ་རེད། ༡༩༩༧ལོའི་ཟླ་༧པར་ཨང་བསྒྲིགས་ཡི་གེ་ཕྱོགས་བསྒྲིགས་དེར་རྒྱལ་སྤྱིའི་ISOཡིས་གྲོས་ཞིབ་བྱས་ཏེ་བདེ་བླག་ངང་གྲོས་འཆམ་བྱུང་ཞིང་རྒྱལ་སྤྱིའི་ཚད་གཞིར་དངོས་སུ་གྱུར་པ་མ་ཟད། ༡༩༩༨ལོ་ནས་བཟུང་རྒྱལ་ཡོངས་སུ་ཁྱབ་སྤེལ་གྱིས་ལག་ལེན་བསྟར་འགོ་ཚུགས་པ་རེད། དེར་བརྟེན་ཉི་མ་བཀྲ་ཤིས་ཀྱིས་འགན་ཁུར་ཏེ་ཞིབ་འཇུག་བྱ་གཞིར་གློག་རྡུལ་བཟོ་ལས་པུའུ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཀྱི་ལག་རྩལ་ལྟ་སྐུལ་ཅུས་བཅས་ཀྱིས་མཉམ་འབྲེལ་བསྟོད་བསྔགས་ཐོབ་པ་རེད། གློག་རྡུལ་བཟོ་ལས་པུའུ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ལ་སོགས་པའི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་ད་དུང་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་སྲིད་གཞུང་ལ་ཤིས་བརྗོད་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྷ་སར་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་འཚོགས་ཏེ་ཉི་མ་བཀྲ་ཤིས་ཀྱིས་གཙོ་བོར་བྱེད་པའི་ཞིབ་འཇུག་ཚོ་ཆུང་ལ་བསྟོད་བསྔགས་གནང་པ་རེད། ལོ་དེར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བོད་ཡིག་ཨང་བསྒྲིགས་ཚད་གཞི་གསར་གཏོད་བྱས་པའི་མཉེན་ཆས་དེ་ཚན་རྩལ་པུའུ་ཡིས་གྲུབ་འབྲས་དེར་དམིགས་ཏེ་༼བོད་ཡིག་ཨང་བསྒྲིགས་རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་ཚད་གཞིས་རྨང་གཞི་བྱེད་པའི་རྩིས་འཁོར་བོད་ཡིག་ལས་སྟེགས་གསར་གཏོད་བྱ་རྒྱུ་རྒྱལ་ཁབ་ཀྱི་༽༨༦༣འཆར་གཞིའི་ཞིབ་འཇུག་བྱ་གཞིར་བཀོད་པ་རེད། ༡༩༩༨ལོ་ནས་ད་བར་འགག་སྒྲོལ་ཞིབ་འཇུག་བྱ་གཞི་སྒྲུབ་པར་དཀའ་ངལ་མང་པོ་ཐུག་ཡོད་ཅིང་། ཉི་མ་བཀྲ་ཤིས་ཀྱིས་ “ད་རེས་ཀྱི་ལག་རྩལ་འགག་སྒྲོལ་བྱེད་པར་དུས་ཚོད་མང་པོ་འགོར་བ་དང་། ལག་རྩལ་ཐོག་གི་དཀའ་གནད་མང་པོ་ཡང་དེ་སྔོན་བསམ་ཡུལ་ལས་འདས་པ་ཤ་སྟག་རེད་”ཅེས་གསུངས་མོད། འོན་ཀྱང་ཁོང་གིས་གདེང་ཚོད་ཧ་ཅང་ཆེན་པོ་ཡོད་པའི་སྒོ་ནས་“ཞིབ་འཇུག་བྱ་གཞི་འདི་༢༠༠༢ལོའི་ལོ་མཇུག་ཏུ་སྒྲུབ་ཐུབ་ངེས་ཡིན་”ཞེས་གསུངས་པ་རེད། གངས་ཅན་ལྗོངས་ཀྱི་དུས་རབས་ལས་བརྒལ་བའི་རིག་གཞུང་ཚན་ཁག་གི་གཞོན་ནུ་སྣེ་ཁྲིད་པ།༡༩༩༤ལོའི་གོང་ལ་བོད་ལྗོངས་སློབ་གྲྭ་ཆེན་མོར་རྩིས་འཁོར་གྱི་ཚན་རིག་དང་ལག་རྩལ་ཆེད་སྦྱོང་ཚན་ཁག་ད་དུང་མེད་ཅིང་། ༡༩༩༤ལོར་སྒྲིག་ཆས་དང་དགེ་རྒན་ཧ་ཅང་དཀོན་པའི་གནས་ཚུལ་འོག་རྩིས་འཁོར་ཆེད་སྦྱོང་ཚན་ཁག་བཙུགས་པ་རེད། སྐབས་དེར་ཉི་མ་བཀྲ་ཤིས་ཚུད་ནའང་སློབ་གྲྭ་ཡོངས་ལ་རྩིས་འཁོར་གྱི་སློབ་ཚན་ཁྲིད་མཁན་དགེ་རྒན་བཞི་ལས་མེད། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བ་དང་སྤྱི་ཚོགས་ཀྱི་དགོས་མཁོར་བསྟུན་ཏེ་༢༠༠༠ལོའི་ཟླ་༡༠པར་རྩིས་འཁོར་ཚན་ཁག་དངོས་སུ་བཙུགས་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་འཁོར་ཚན་ཁག་ནས་དངོས་གཞིའི་སློབ་མ་བསྡུ་འགོ་ཚུགས་ཤིང་། རྩིས་འཁོར་སློབ་མཁན་དགེ་རྒན་ཡང་མི་གྲངས་བཞི་ལས་མེད་པ་ནས་༡༧ལ་མང་དུ་ཕྱིན་པ་རེད།༡༩༩༧ལོར་རྒྱལ་ཁབ་ནས་བོད་ལྗོངས་སློབ་གྲྭ་ཆེན་མོ་དེ་ཉིད་CERNET(ཀྲུང་གོའི་སློབ་གསོ་དང་ཚན་ཞིབ་རྩིས་འཁོར་དྲ་འབྲེལ་)བོད་ལྗོངས་ཀྱི་ས་ཚིགས་གཙོ་བོ་གནས་སར་གཏན་འབེབས་བྱས་པ་རེད། སློབ་གྲྭ་ཆེན་མོས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བརྟེན་ཏེ་ཉི་མ་བཀྲ་ཤིས་ཀྱིས་འགན་འཁུར་སེམས་ཥ་ཅང་ཆེན་པོ་བཅངས་པའི་སྒོ་ནས་སློབ་དཔྱོད་ཁང་གི་བློ་མཐུན་གཞན་དག་རྣམས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་སྣ་ཚོགས་ཁྱད་བསད་བས་ནས་CERNET་བོད་ལྗོངས་ས་ཁུལ་གྱི་ས་ཚིགས་གཙོ་བོ་གནས་ས་འཛུགས་སྐྲུན་བྱེད་པའི་ལས་འགན་བདེ་བླག་ངང་བསྒྲུབས་ཤིང་། ཞིབ་བཤེར་རྩིས་ལེན་བས་པ་དང་གདེང་འཇོག་ཡག་པོ་ཐོབ་པ་རེད། ༢༠༠༠ལོར་བོད་ལྗོངས་སློབ་གྲྭ་ཆེན་མོས་དངུལ་བུན་བླངས་ཏེ་སློབ་གྲྭའི་ནང་ཁོངས་ཀྱི་དྲ་འབྲེལ་འཛུགས་སྐྲུན་བྱ་རྒྱུའི་གཏན་འབེབས་བྱས་ཤིང་ཉི་མ་བཀྲ་ཤིས་ཀྱིས་འགན་དངོས་སུ་འཁུར་མཁན་བྱས་ཏེ་སློབ་གྲྭ་དང་གཞོགས་འདེགས་བྱས་ནས་འཛུགས་སྐྲུན་ལས་འགན་འདི་ལེགས་པར་བསྒྲུབས་པ་རེད། ད་ལྟ་རང་སྐྱོང་ལྗོངས་ཡོངས་ལ་དྲ་ཐོག་ཆ་འཕྲིན་སྡུད་སྤེལ་གྱི་ཞབས་འདེགས་ཞུ་བཞིན་ཡོད། ལྟེ་གནས་འདིས་ད་དུང་འཛམ་གླིང་ཐོག་གི་དྲ་འབྲེལ་སྒྲིག་ཆས་ཀུང་སི་ཆེ་གྲས་ཤིག་ཡིན་པའི་སི་ཁོ་ཀུང་སི་(CISCO)དང་མཉམ་ལས་བྱས་ནས་སི་ཁོ་ཀུང་སིས་མི་དམངས་ཤོག་སྒོར་སྒོར་ཁྲི་༡༢༠ལེགས་སྐྱེས་སུ་ཕུལ་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོར་བོད་ལྗོངས་སི་ཁོ་དྲ་འབྲེལ་ལག་རྩལ་སློབ་གྲྭ་ཆེན་མོ་བཙུགས་པ་རེད། ན་ནིང་ལོ་འགོར་སློབ་འགོ་ཚུགས་པའི་སི་ཁོ་དྲ་འབྲེལ་ལག་རྩལ་སློབ་གྲྭ་ཆེན་མོ་དེ་བོད་ལྗོངས་ཀྱི་མཐོ་རིམ་དྲ་འབྲེལ་ལག་རྩལ་དོ་དམ་མི་སྣ་གསོ་སྐྱོང་བྱེད་པའི་རྟེན་གཞི་ཞིག་ཏུ་གྱུར་ཡོད། ལས་ཀའི་རྐྱེན་གྱིས་ཉི་མ་བཀྲ་ཤིས་ཀྱིས་ད་དུང་རྟག་ཏུ་གྲོང་ཁྱེར་ཁག་བར་ཡར་རྒྱུག་མར་རྒྱུག་བྱ་དགོས་པ་མ་ཟད། སྔ་རྟིང་དུ་ཐུར་ཁེ་དང་། སུའེ་ཙེར། ཧྥིན་ལན། ཏེན་མག ཨ་མེ་རི་ཁ་ལ་སོགས་པའི་རྒྱལ་ཁབ་ལྔའི་རྩིས་འཁོར་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་མྱོང་། ཉི་མ་བཀྲ་ཤིས་ཀྱིས་“བོད་ལྗོངས་ཀྱི་རྩིས་འཁོར་ཁྱབ་ཁོངས་གོང་དུ་འཕེལ་བའི་མྱུར་ཚད་ཧ་ཅང་མགྱོགས་རུང་། ས་ཁུལ་གཞན་དག་དང་བསྡུར་ན་ད་དུང་རྗེས་ལུས་ཐེབས་ཡོད་པ་དང་། རྒྱལ་ཕྱིའི་ITལས་རིགས་དང་བསྡུར་ན་ཧེ་བག་དེ་བས་ཆེན་པོ་ཡོད། མིག་སྔར་བོད་ལྗོངས་ལ་རྩིས་འཁོར་ཆེད་ལས་ཀྱི་ཤེས་ལྡན་པ་ཕུལ་བྱུང་ཅན་ཧ་ཅང་དཀོན་པོ་ཡིན་ཞིང་། བོད་ལྗོངས་ཀྱིས་མཉེན་ཆས་གསར་གཏོད་དང་། ཆ་འཕྲིན་ལེགས་སྒྲིག་སྡུད་སྤེལ། རྩིས་འཁོར་བེད་སྤྱོད་ཞབས་ཞུ། གློག་རྡུལ་ཚོང་དོན་འཕེལ་རྒྱས་སོགས་བྱེད་པའི་ཐད་ད་དུང་ངེས་པར་དུ་ཐབས་ལམ་རྒྱ་སྐྱེད་གཏོང་དགོས་ཤིང་། དེའི་ནང་ཤེས་ལྡན་པ་ནི་བོད་ལྗོངས་ཀྱི་རྩིས་འཁོར་ཐོན་ལས་གོང་དུ་སྤེལ་བའི་རྐང་བྱེད་སྲོག་ཤིང་རིན་ཐང་བྲལ་བ་ཞིག་རེད་”ཅེས་གསུངས་པ་རེད།ཉི་མ་བཀྲ་ཤིས་ཀྱིས་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པ་དང་ལེགས་སྐྱེས་འགངས་ཆེན་ཕུལ་བས་༡༩༩༧ལོར་སློབ་གྲྭ་ཆེན་པོ་ནས་ཁོང་དམིགས་བསལ་གྱིས་དགེ་རྒན་ཆེན་མོ་གཞོན་པར་གནས་སྤར་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་ཐོག་གི་དགེ་རྒན་ཆེན་མོ་གཞོན་པ་གཞོན་ཤོས་སུ་གྱུར་པ་དང་ཆབས་ཅིག་སློབ་གྲྭའི་ནང་དགེ་རྒན་ཆེན་མོའི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་ཡོད། ༡༩༩༨ལོར་བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་ལས་བརྒལ་བའི་རིག་གཞུང་སྣེ་ཁྲིད་པར་གཏན་འབེབས་བྱས་པ་དང་། ལོ་དེར་རྒྱལ་ཡོངས་ཀྱི་དགེ་རྒན་ཕུལ་བྱུང་ཅན་དང་པའོ་ཁང་དགེ་རྒན་ཕུལ་བྱུང་ཅན་གྱི་དམིགས་བསལ་བྱ་དགའ་ཐོབ་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་དགེ་རྒན་ཕུལ་བྱུང་ཅན་གྱི་གཟི་བརྗིད་མཚན་སྙན་ཐོབ་པ། ༡༩༩༩ལོར་བོད་རང་སྐྱོང་ལྗོངས་ཀྱི་“སྐབས་དང་པོའི་ན་གཞོན་ཚན་རྩལ་བྱ་དགའ་”དང་“བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་ཕུལ་བྱུང་ཅན་བཅུ་”ཞེས་པའི་མཚན་སྙན་ཐོབ་པ་མ་ཟད། རྒྱལ་ཁབ་མི་དོན་པུའུ་ཡིས་གནང་བའི་བྱས་རྗེས་རིམ་པ་དང་པོའི་བྱ་དགའ་ཐོབ་པ། ༢༠༠༠ལོར་སློབ་གསོ་པུའུ་ནས་གནང་བའི་ན་གཞོན་དགེ་རྒན་ཕུལ་བྱུང་ཅན་གྱི་བྱ་དགའ་ཐོབ་པ་བཅས་སོ།