ཁོང་ནི་༡༩༤༢ལོར་མཚོ་སྔོན་དཔའ་རིས་ཁུལ་ཧུའུ་ཀྲུའུ་རྫོང་ཆར་ཁ་སྡེ་བར་སྐྱེས་ཤིང་། ༡༩༦༠ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་ཞུགས་ནས་བསླབ་སྦྱང་མི་དམན་པ་མཛད། མཐར་ཕྱིན་རྗེས་སློབ་གྲྭ་འདི་གའི་དགེ་རྒན་གྱི་འགན་བཞེས་མུར་བཤེས་གཉེན་དམ་པ་དུ་མ་བསྟེན་ནས་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་ཚད་མ་རིག་པར་ཐོས་བསམ་གང་ལེགས་གནང་། ལོ་ངོ་བཞི་བཅུའི་རིང་ལ་མི་རིགས་སོ་སོའི་ཆེད་སྦྱོང་སློབ་མ་དང་། དངོས་གཞི་སློབ་མ། ཞིབ་འཇུག་སློབ་མ་བཅས་ཆིག་སྟོང་ཉེ་བ་ལ་བོད་ཀྱི་གནའ་རབས་རྩོམ་རིག་དང་བོད་ཀྱི་རྩོམ་རིག་ལོ་རྒྱུས། བོད་བརྒྱུད་ཚད་མ་རིག་པ་སོགས་རིག་གཞུང་སྣ་མང་འཆད་ཉན་ལེགས་པར་སྤེལ་ཏེ་ཤེས་ལྡན་མང་པོ་གསོ་སྐྱོང་མཛད། ཁོང་ཉིད་ཡོན་ཏན་གྱི་རྒྱ་ཆེ་ཞིང་འཆད་ཁྲིད་གང་ལ་དེར་མཐུན་དང་། རྩ་གནད་འབུར་ཐོན་གྱི་ཁྱད་ཆོས་ལྡན་པས་རྒྱ་ཆེ་བའི་སློབ་མའི་དགའ་བསུ་ཐོབ། ཁོང་གིས་སློབ་ཁྲིད་གནང་ཞོར་དུ་བསླབ་དེབ་རྩོམ་སྒྲིག་དང་རིག་གཞུང་ཞིབ་འཇུག་གི་བྱ་བར་མཐོང་ཆེན་མཛད་དེ། བོད་ཀྱི་རྩོམ་རིག་བརྩམས་ཆོས་རི་བོའི་གཏོས་དང་མཉམ་པ་ལས་ཆེས་ལེགས་པའི་རྩོམ་ཡིག་སྐོར་ཞིག་འདེམ་སྒྲིག་བྱས་ཐོག དེ་ལས་མིང་བརྡ་ཅུང་གོ་དཀའ་བ་རྣམས་ལ་འགྲེལ་པ་ཞིབ་མོ་མཛད་པ་ལ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་གདེང་འཇོག་མཐོན་པོ་གནང་པར་མ་ཟད། སྐུ་དངོས་ཀྱིས་༼གངས་ལྗོངས་མཁས་དབང་རིན་བྱོན་གྱི་རྩོམ་རིག་གསེར་གྱི་སྦྲམ་བུ༽ཞེས་པའི་དཔེ་ཆའི་མཚན་བྱང་ཕྱག་བྲིས་གནང་། དཔེ་དེབ་འདི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱིས་བསླབ་དེབ་དུ་སྤྱོད་བཞིན་པར་མ་ཟད། ད་དུང་ཨ་རི་དང་། ཉི་ཧོང་། འཇར་མན་སོགས་ཕྱིའི་རྒྱལ་ཁབ་ཏུ་ཁྱབ་ཡོད་ཅིང་། རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་དཔེ་དེབ་འདིའི་རིག་གཞུང་གི་རིན་ཐང་ལ་ཚད་མཐོན་པོས་གདེང་འཇོག་གནང་། ༡༩༩༠ལོར་ནུབ་བྱང་དང་ལྷོ་ནུབ་ཀྱི་ཞིང་ཆེན་དང་ལྗོངས་དགུའི་སྐབས་དང་པོའི་སློབ་གསོའི་དཔེ་དེབ་ཕུལ་བྱུང་ཅན་གྱི་བ་དགའ་ཨང་གཉིས་པ་ཐོབ། ༡༩༩༨ལོར་ཁོང་གིས་༼ཚད་མ་རིག་པའི་སྤྱི་དོན༽ཞེས་པ་རྩོམ་སྒྲིག་མཛད་དེ་སློབ་གྲྭ་ཆེན་མོར་ཚད་མའི་བསླབ་དེབ་མེད་པའི་ལོ་རྒྱུས་ཀྱི་མཇུག་རྫོགས་པར་བྱས་ཤིང་། ཞིང་ཆེན་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ། གཞན་༡༩༨༢ལོ་ནས་བཟུང་ཁོང་གིས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་༣༠ལྷག་མཛད་པ་ལས། ལ་ལ་ཞིང་ཆེན་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་ཅིང་། ལ་ལ་ཞིག་རྒྱལ་ནང་གི་དུས་དེབ་མང་པོའི་སྟེང་བསྐྱར་དཔར་རམ་བརྒྱུད་འགོད་བྱས། ༡༩༩༣ལོར་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་གྲུབ་འབྲས་ཁྱད་འཕགས་ཅན་གྱི་རྒྱལ་ཁབ་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་ཅིང་། ཁོང་གི་སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག་ཕྱོགས་ཀྱི་མཛད་རྗེས་ལ་དམིགས་ཏེ། ༡༩༩༢ལོར་རྒྱལ་ཁབ་རིམ་པའི་ཆེད་མཁས་ལ་བདམས་ཤིང་སྲིད་གཞུང་གི་དམིགས་བསལ་གསོལ་ཕོགས་ལོངས་སུ་སྤྱོད་བཞིན་ཡོད། ད་ལྟ་ཁོང་གིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་པོ་ཧྲི་སློབ་མའི་སློབ་དཔོན་གྱི་འགན་ཟུར་བཞེས་གནང་མུར་བཞུགས་སོ།།