མཚོ་སྔོན་དགེ་ཐོན་སློབ་ཆེན་མདོ་དབུས་མཐོ་སྒང་རིག་གནས་ཞིབ་འཇུག་ཁང་གི་མགོ་གཙོ་དང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ། མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་རྒྱ་ཡེ་བཀྲ་བྷོ་ལགས།
བཀྲ་བྷོ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་དཔེ་དེབ་ཁ་ཤས།
རྒན་བཀྲ་བྷོ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་དཔེ་དེབ་ཁ་ཤས།
རྒྱ་ཡེ་བཀྲ་བྷོ་ལགས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རྒྱ་ཡེ་སྡེ་བའི་མི་ཡིན་པ་དང༡༩༨༧ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རམས་འབྱམས་པའི་མཚན་གནས་བླངས། དེའི་རྗེས་སུ་ཉི་ཧོང་རྒྱལ་ཁབ་ཏུ་ཕྱི་འགྲིམ་སློབ་མ་བྱས་པ་དང༢༠༠༢ལོའི་ཟླ་བ་དང་པོར་སློབ་དཔོན་ཆེན་མོའི་གོ་གནས་བླངས། ༢༠༠༤ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པའི་མཚན་གནས་བླངས། ཁོང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་མདོ་དབུས་མཐོ་སྒང་རིག་གནས་ཞིབ་འཇུག་ཁང་གི་མགོ་གཙོ་དང་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ། སློབ་དཔོན་ཆེན་མོ། མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་བཅས་ཀྱི་འགན་བཞེས་ཡོད། ཁོང་གི་ལོ་དུ་མའི་རིང་དུ་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་བོད་སྐད་ཡིག་ལ་ཞིབ་འཇུག་བྱས་ཏེ་གྲུབ་འབྲས་བཟང་བོ་བླངས་ཡོད་པར་མ་ཟད།བོད་ཀྱི་ཤེས་རིག་གི་གར་སྟེགས་སུ་གོ་གནས་ངེས་ཅན་ཟིན་ཡོད་པའི་བོད་ཀྱི་སློབ་གསོ་བ་ཞིག་ཀྱང་རེད། ཁོང་གིས་གཙོ་སྒྲིག་འགན་ཁུར་གནང་བའི༼བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན༽དང༼ལེགས་བཤད་ཟླ་བའི་སྣང་བ༽༼བོད་ཀྱི་གནའ་རབས་རྩོམ་རིགས་ཀྱི་རིགས་དང་ལུས་ཀྱི་རྣམ་བཞག་ཚངས་པའི་ཚད་ཡིག༽༼སློབ་ཆེན་བོད་ཀྱི་སྐད་ཡིག༽༼ཚད་ལྡན་ཉི་ཧོང་སྐད་ཡིག༽གཙོ་བྱས་པའི་བརྩམས་ཆོས་མང་པོ་པར་སྐྲུན་བྱས་པ་དང་། ༼ཀྲུང་གོའི་བོད་རིག་པ༽སོགས་རྒྱལ་ཁབ་རིམ་པའི་དུས་དེབ་སྟེང་༼རོ་སྒྲུང་ཉེར་ལྔའི་ཞིབ་འཇུག ༽དང་༼བོད་ཀྱི་གཏེར་མའི་རྣམ་བཤད༽སོགས་དཔྱད་རྩོམ་བཅུ་ཕྲག་སྤེལ་མྱོང་། ༼བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན༽ལ༢༠༠༣ལོར་མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་མཚན་ཉིད་སྤྱི་ཚོགས་ཚན་རིག་གླིང་གི་ཨང་གསུམ་པའི་བྱ་དགའ་གནང་བ་དང་༼བོད་ཀྱི་གནའ་རབས་རྩོམ་རིགས་ཀྱི་རིགས་དང་ལུས་ཀྱི་རྣམ་བཞག་ཚངས་པའི་ཚད་ཡིག༽ལ་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་མི་གཞུང་ཚན་རིག་གླིང་གི་ཨང་གསུམ་པའི་བྱ་དགའ་ཐོབ།༼ཚད་ལྡན་གྱི་ཉི་ཧོང་སྐད་ཡིག༽ཅེས་པ་བོད་ཡིག་ཏུ་བསྒྱུར་ཏེ་པར་སྐྲུན་བྱས། ཁོང་གིས་རིག་གཞུང་ཐད་ཞིབ་འཇུག་བྱས་པའི་གྲུབ་འབྲས་མང་བོར་རྒྱལ་ཁབ་མི་གཞུང་སྤྱི་ཚོགས་ཚན་རིག་གླིང་གིས་གནང་བའི་བྱ་དགའ་ཐེངས་མང་ཐོབ་མྱོང་། ད་ལྟ་ཁོང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་དང་མི་རིགས་དགེ་འོས་སློབ་གླིང་གི་མགོ་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།