ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

འཇུ་སྐལ་བཟང་ལགས་སུ་བཅར་འདྲི་ཞུས་པ།

སྤེལ་དུས 2012-05-16 ཡོང་ཁུངས། དགེ་ཆོས་དྲ་བ། རྩོམ་པ་པོ། བསྟན་འཛིན་གྱིས་བསྒྲིགས།

 

ཁྱེད་ཀྱི་མཚན་ལ་ཅི་ཞིག་ཟེར།

ངའི་མིང་ལ་འཇུ་སྐལ་བཟང་།

ལོ་དུ་ཡིན།

ལོ་སུམ་ཅུ་སོ་དགུ།

ལས་ཁུངས་གང་དུ་བྱ་བ་སྒྲུབ་ཀྱི་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་།
དགེ་འདུན་ཆོས་འཕེལ་ཞེས་པའི་སྙན་རྩོམ་དེ་ཐེངས་གཅིག་ཀློག་རོགས་གནང་།

དགེ་འདུན་ཆོས་འཕེལ།

འཇིག་རྟེན་འཇིག་རྟེན་དུ་ཤེས་པ་ནས་བཟུང་།

ཁྱེད་རང་དགོད་སལ་ལ་ངུ་ཡང་སྐྱེན།


ཐ་སྙད་ཀྱི་རྫ་བུམ་ཆེ་ཆུང་དུ་མ་སིལ་བུར་བཅག་སྟེ།

ནམ་མཁའ་དང་ནམ་མཁའ་ཡུག་གཅིག་བསྲེས།

རེ་དོགས་ཀྱི་སྐུད་པ་སྐྱ་ཞིག་ཀྱང་།

རྣམ་གཞག་གི་ཁབ་མིག་ཇི་ལྟར་བསྐྱེད།

གཅིག་ནི་ཡོད་པའམ་ཡིན་པ་དང་།

ཅིག་ཤོས་ནི་མེད་པ་དང་མིན་པའི་མིག་ཟུང་དེ།

ཇི་ལྟར་བགྲད་ཀྱང་།

ཁྱེད་རང་མི་ཤོངས་པས།

སྐུ་ན་ལྔ་བཅུའི་གྲངས་ལ་ཉེ་བའི་ཚེ།

་་མིན།  ལོ་གྲངས་ལྔ་བཅུ་ནི་དུས་ཀྱི་བགྲོད་པ་ལགས་ཀྱི་ཁྱེད་ཉིད་ག་ལ་ཡིན།

ཁྱེད་ཀྱིས་སྡོམ་ཚིག་བགྲེས་པོ་ཞིག་བཞག་མེད་ལ།

རྒས་འཁོགས་ཀྱི་སྙན་ངག་ནི་དེ་བས་ཀྱང་བྲིས་མ་མྱོང་།

འཇིག་རྟེན་གྱི་མགོ་བོ་ཁྲག་ལ་བགྲེས་ཏེ།

འཇིག་རྟེན་གྱི་སྒོ་གླེགས་རྡུང་བ་ན།

བདག་གིས་ནི་རབ་རིབ་ཀྱི་ས་སྲོད་ཅིག་ལ།

ཁྱེད་རང་ལན་མེད་པའི་འདྲི་རྟགས་དུ་མ་ལས་གྲུབ་པའི།

ལྕགས་ཐག་རིང་པོ་ཞིག་དྲུད་དེ།

ས་སྒང་གི་གངས་ཐིག་མཐོ་ཤས་ལས།

དལ་བུར་བཞུད་པ་མཐོང་།


སྡིག་བོའུ་ཁྲ་རིང་གི་ཁ་ནའཐིབས་པའི།

རྫས་དུད་མོག་པོ་དེ་ཡུན་གྱིས་དྭངས་པ་ན།

ཁྱེད་ཀྱི་བང་སོ་དེ་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཞིག་ནས་རྙེད་བྱུང་།

དྲི་བ།  ཁྱེད་ལ་དགེ་འདུན་ཆོས་འཕེལ་ཞེས་པའི་སྙན་རྩོམ་འདི་འབྲི་རྒྱུའི་འཆར་སྣང་ཇི་ལྟར་སྐྱེས་པ་ཡིན་ནམ།

     ལན།   དགེ་འདུན་ཆོས་འཕེལ་ཞེས་པའི་མིང་འདི་ངས་ཕལ་ཆེར་ལོ་རབས་བདུན་ཅུའི་མཇུག  ༡༩༧༩དེ་འདྲ་ཞིག་ཏུ་ཐོས་པ་ཡིན།   ཡིན་ནའང་ཁོང་གི་གསུང་རྩོམ་གཅིག་གཉིས་ཞིག་མ་གཏོགས་མང་པོ་མཐོང་མ་མྱོང་།    དེབ་ཐེར་དཀར་བོ་ཞེས་པ་དེ་ཐོག་མར་མཐོང་སོང་།    དེ་ནས་ཁོང་གི་སྙན་ངག་གཅིག་གཉིས་ཞིག་མཐོང་སོང་།    སྔོན་ཆད་བདག་གིས་དགེ་འདུན་ཆོས་འཕེལ་ནི་སྙན་ངག་མཁས་པ་ཞིག་དང་ལོ་རྒྱུས་ཞིབ་འཇུག་པ་ཞིག་རེད་བསམ་པའི་ལྟ་ཚུལ་ཡོད།   དེ་ནས་ཡུན་གྱིས་ང་ལ་ལྟ་ཚུལ་ཞིག་བྱུང་བ་ནི་དགེ་འདུན་ཆོས་འཕེལ་དེ་ང་ཚོ་བོད་ཀྱི་སྐབས་དེའི་ང་ཚོའི་སྤྱི་ཚོགས་ཀྱི་ཁོར་ཡུག་དེ་འདྲ་ཞིག་གི་ནང་ལ་བཞག་ན་ཁོང་སྙན་ངག་པ་རྐྱང་རྐྱང་ཞིག་མ་རེད།    ལོ་རྒྱུས་པ་རྐྱང་རྐྱང་ཞིག་ཀྱང་མ་རེད།ངས་འདང་བརྒྱབ་བརྒྱབ་མཐར་ཁོང་སྐབས་དེར་བསམ་བློ་བ་ཁྱད་པར་ཅན་ཞིག་རེད་བསམ་སོང་།  ངའི་བསམ་ཚུལ་འདི་འགྲིག་མིན་མི་ཤེས།   དེ་ནས་ང་ལ་ཁོང་ལ་ཞེ་གཏིང་ནས་དད་མོས་འདྲ་བོ་ཞིག་སྐྱེས་སོང་།   དེ་ནས་ཁོང་གི་གསུང་རྩོམ་ལག་ཏུ་གང་ཚུད་ཚུད།   མ་མཐར་ཤོ་ལོ་ཀ་གཅིག་ཡིན་ནའང་ཀློག་ནས་མང་པོ་ཡོད་ན་མང་པོ་བལྟས།   ཉུང་ཉུང་ཡོད་ན་ཉུང་ཉུང་བལྟས་ནས།  ཁོའི་སྐོར་གྱི་ལོ་རྒྱུས་རྒྱུ་ཆ་དེ་འདྲ་གཞན་པའི་ཁ་ནས་ཐོས་ཚད་ལ་མཉམ་པར་བཞག་པ་ཡིན།  ཡིན་ནའང་ངས་འདི་ནས་གསལ་བཤད་བྱེད་རྒྱུ་ཞིག་ལ།   ངས་ཆེད་དུ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཞིབ་འཇུག་བྱས་པ་དེ་འདྲ་མིན།   ཁོ་རང་གི་བསམ་བློའི་འཁོར་ཕྱོགས་དེས་ང་ལ་སེམས་འགུལ་དྲག་པོ་ཞིག་ཐེབས་ནས་དེས་རྐྱེན་བྱས་ནས་སྙན་ངག་འདི་བྲིས་པ་ཡིན། 

དྲི་བ།   ཁྱོད་ཀྱིས་དགེ་འདུན་ཆོས་འཕེལ་གྱི་རྩོམ་འབྲི་སྟངས་ལ་ལད་ཟོལས་བྱས་མྱོང་ངམ།

ལན།    དགེ་འདུན་ཆོས་འཕེལ་གྱི་རྩོམ་དེ་ལ་འབྲི་སྟངས་ཡག་པོ་ཞིག་ཡོད་པ་རེད།   སྤྱིར་བཏང་དེ་ང་ཚོའི་བོད་ཀྱི་སྲོལ་རྒྱུན་གྱི་སྙན་ངག་དེ་འབྲི་གི་ཡོད་པ་རེད།   སྲོལ་རྒྱུན་གྱི་སྙན་ངག་འབྲི་བའི་མཚུངས་སུ་ང་ཚོ་ལ་ཁ་སྐད་ཅིག་ཡོད་པ་རེད།   སྲོལ་རྒྱུན་གྱི་སྙན་ངག་དེ་ཚོ་ཡིག་སྐད་དང་ཐག་ཉེ་བོ་ཡོད་པ་རེད།   ཁ་སྐད་དང་ཐག་རིང་དུ་ཕྱིན་ཡོད་པ་རེད།  ང་ཚོའི་མཁས་པ་སྔོན་མ་དེ་ཚོ་རྩོམ་བྲིས་ན་ཧ་ཅང་ཡག་པོ་ཡོད་པ་དེ་འདྲ་མང་པོ་བྱུང་བ་རེད།   དགེ་འདུན་ཆོས་འཕེལ་གྱི་རྩོམ་དེ་ལོ་རྒྱུས་ཐོག་གི་ང་ཚོའི་སྲོལ་རྒྱུན་གྱི་ཡིག་ཐོག་ནས་སྙན་ངག་པ་བྲིས་པ་དེ་འདྲ་བྱས་ན་ཡག་པོ་ཡོད་པ་རེད་དེ།  ཁོང་གིས་ཁྱད་ཆོས་ཞིག་ཟིན་ནས།   ང་ཚོའི་གཞི་རྩའི་མང་ཚོགས་ཀྱི་སྐད་ཆ་དེ་དང་ཐག་ཇེ་ཉེར་བཏང་ནས་ཁ་སྐད་དང་ཐག་ཉེ་བོའི་རྩོམ་ཞིག་བྲིས་པ་རེད།   ཁ་སྐད་དེ་ཁོ་ན་ཡང་མ་རེད།  ངས་འདི་ལྟར་འདང་ཞིག་བརྒྱབ་པ་ཡིན།   ང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཁ་སྐད་ཀྱི་ཐོག་ནས་རྩོམ་འབྲི་མཁན་སྐོར་ཞིག་ཡོད་པ་རེད་དེ།   དེའི་ནང་ནས་དགེ་འདུན་ཆོས་འཕེལ་ལ་བྱས་རྗེས་ཆེ་ཙམ་ཡོད་པ་རེད།    དེ་ནས་ཁ་སྐད་དང་ཡིག་སྐད་ཟུང་འབྲེལ་བྱས་ནས་བྲིས་ཏེ་མདོ་དབུས་ཁམས་གསུམ་གང་གིས་བལྟས་ན་གོ་བས་དེ་འདྲའི་རྩོམ་ཡག་པོ་ཞིག་ཡོད་པ་རེད།    དེ་ནི་ཁོང་གི་རྩོམ་གྱི་ཁྱད་ཆོས་གྲུབ་སྤྱད་ཀྱི་རྨང་གཞིའི་ཆ་རྐྱེན་ཞིག་ཏུ་གྱུར་བ་རེད།

དེ་བས་དགེ་འདུན་ཆོས་འཕེལ་གྱི་རྩོམ་ཡག་པོ་འདུག་བསམ་ནས་ངས་སྔོན་ཆད་དེ་ལ་ལད་མོ་བྱས་ནས་བྲིས་མྱོང་པ་རེད།    རྗེས་ནས་ངས་དགེ་འདུན་ཆོས་འཕེལ་གྱི་རྩོམ་དང་རྩ་བ་ནས་འདྲ་མོ་དེ་འདྲ་འབྲི་གི་མ་རེད།   རྩོམ་ཁ་ཤས་དགེ་འདུན་ཆོས་འཕེལ་གྱི་རྩོམ་དང་འདྲ་ཙམ་ཡོད་པ་རེད།   ངས་དགེ་འདུས་ཆོས་འཕེལ་གྱི་རྩོམ་མང་པོ་ཀློག་པའི་རྐྱེན་གྱིས་ང་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད།    འོན་ཀྱང་ངས་བསམ་བཞིན་དུ་དགེ་འདུན་ཆོས་འཕེལ་གྱི་རྩོམ་ལ་ལད་མོ་བྱས་ནས་བྲིས་པ་དེ་འདྲ་ཉུང་ཉུང་རེད།   ངས་སྔོན་མ་སྲོལ་རྒྱུན་གྱི་སྙན་ངག་བྲིས་པ་རེད།   དེ་ནས་དམངས་སྲོལ་གྱི་སྙན་ངག་བྲིས་པ་རེད།   རྗེས་ནས་རང་མོས་སྙན་ངག་བྲིས་པ་རེད།   དགེ་འདུན་ཆོས་འཕེལ་གྱིས་རང་མོས་སྙན་ངག་སྐབས་དེ་ལ་འབྲི་གི་མ་རེད་པ།    དེ་མིན་ན།   ང་ཚོས་རང་མོས་སྙན་ངག་ཅན་བྲིས་ན་དགེ་འདུན་ཆོས་འཕེལ་གྱི་རྩོམ་སྟངས་ལ་ལད་མོ་བྱེད་ས་དེ་འདྲ་ཡོད་པ་མ་རེད།   ཚིག་བསྡུས་ནས་བཤད་ན་དགེ་འདུན་ཆོས་འཕེལ་གྱི་རྩོམ་གྱི་ཤུགས་རྐྱེན་ང་ལ་ཐེབས་ཡོད་པ་རེད་མོད།  འོན་ཀྱང་དེ་ཇི་མ་ཇི་བཞིན་དུ་བྲིས་པ་ཉུང་ཉུང་རེད།  

དྲི་བ།   དགེ་འདུན་ཆོས་འཕེལ་གྱིས་ཡིག་སྐད་དང་ཁ་སྐད་ཟུང་འབྲེལ་བྱས་ཏེ་འབྲི་དགོས་པའི་རྒྱུ་མཚན་ཅི་ཞིག་རེད་བསམ་གྱི་འདུག

ལན།  ངས་བསམ་ན་དེའི་རྒྱུ་མཚན་ནི་ཁོང་གི་བསམ་བློ་སྔོན་ཐོན་ཡིན་པས་རེད།   བྱ་བ་གང་ལ་བསྐོར་ན་ཁོའི་བསམ་བློ་སྔོན་ཐོན་རེད།   དེ་ལ་རྒྱུ་རྐྱེན་མང་པོ་ཞིག་ཡོད་པ་རེད།   ཁོས་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་ཤེས་ཡོད་པ་རེད།   ངས་འདི་འདྲ་ཞིག་བསམ་གྱི་འདུགང་ཚོ་བོད་ལ་དགེ་འདུན་ཆོས་འཕེལ་ལྟ་བུ་མང་པོ་ཞིག་ཡོད་ན་ཅི་མ་རུང་བསམ།   སྐབས་དེར་ཁོང་ལྟ་བུ་ཉུང་ཉུང་རེད།   རྗེས་ནས་ངས་དེ་ལ་བསམ་བློ་བཏང་དུས་དེ་ལ་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་འདུགནང་གི་རྒྱུ་རྐྱེན་དེ་དགེ་འདུན་ཆོས་འཕེལ་ཁོང་མི་རྣམ་དཔྱོད་ཅན་ཞིག་རེད།   ང་ཚོ་ལས་རིག་པ་ཡག་པོ་ཡོད་པ་རེད།  ཤེས་རབ་རླབས་ཆེན་པོ་ཡོད་པ་རེད།   ནང་གི་རྣམ་དཔྱོད་དེ་ལ་རག་ལས་ཡོད་པ་གཅིག་རེད།   དེ་ནས་ཤེས་བྱའི་སྐོར་ལ་འཚོལ་སྙེགས་བྱེད་རྒྱུར་མོས་པ་ཡོད་པ།  དེ་འདྲ་ལ་ནན་ཏན་ཤུགས་དྲག་པོ་བྱེད་རྒྱུ།དེ་འདྲ་ལ་བརྩོན་པ་ལྷོད་པ་མེད་པ་ཞིག་ཡོད་པ་རེད།   དེའི་མཚུངས་སུ་ཁོང་ང་ཚོ་བོད་ཀྱི་ནང་ནས་མ་བསྡད་པར་ཕྱི་ཚོ་ལ་འགྲོ་དུས་ཕྱི་ནས་རིག་གནས་སྜ྄རྠ་བ་མང་པོ་ཞིག་དང་ཐུག་ནས་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ཡོད་པ་རེད།   ཁོང་ཕྱི་ལ་འགྲོ་དུས་ང་ཚོའི་བོད་ཀྱི་རིག་གནས་དེ་ཁོང་གིས་བྱང་ཆུབ་ཡོད་པ་ལས་གཞན་འཛམ་གླིང་ཕྱིའི་གནས་ཚུལ་མང་པོ་ཞིག་དངོས་སུ་མཐོང་ཐོས་མྱོང་གསུམ་བྱུང་བ་དེ་ཕལ་ཆེར་དགེ་འདུན་ཆོས་འཕེལ་ཁོང་ལ་བསམ་བློ་སྔོན་ཐོན་ཅན་ཞིག་འབྱུང་སྤྱད་ཀྱི་རྒྱུ་རྐྱེན་གཅིག་རེད།   དེ་ཡིན་དུས་ཁོར་བསམ་བློ་ཅི་འདྲ་ཞིག་འཆར་བ་རྣམས་ཁོས་རྩོམ་བྲིས་ནས་བསམ་བློའི་ཤུགས་རྐྱེན་འདོན་དགོས་ཀྱི་རེད།

ངས་འདང་ཞིག་བརྒྱབ་ན།   ང་ཚོའི་སྔོན་མའི་བོད་ཀྱི་སྙན་ངག་འབྲི་མཁན་ཚོས་ཡིག་སྐད་ནང་ལྟར་ལྟར་བྲིས་པ་དེ་ལ་དགེ་མཚན་ཧ་ཅང་ཡག་པོ་ཞིག་ཡོད་པ་རེད།   བཟང་ཆ་ཡོད་པ་རེད།   དེ་ལ་གཞན་ལ་མེད་པའི་སྙན་ངག་གི་ཁྱད་ཆོས་ཡོད་པ་རེད།   དེ་ཚོ་ཚང་མ་དགེ་འདུན་ཆོས་འཕེལ་གྱིས་རྟོགས་སོང་བ་རེད།   དེའི་རིན་ཐང་ཚང་མ་ཤེས་ཚར་བ་རེད།

དེ་ནས་ཁོས་འདང་ཞིག་བརྒྱབ་ནས་ང་ཚོའི་བོད་ཀྱི་སྙན་ངག་ལ་དེའི་ཕན་གྱི་རིན་ཐང་མེད་པ་རེད་དམ།   ང་ཚོའི་བོད་ཀྱི་སྙན་ངག་ལ་གཞན་གྱི་ཆ་ནས་མི་འདང་ས་དང་སྐྱོན་ཆ།   ཞན་ཆ་ཅི་ཞིག་ཡོད་པ་བཙལ་བ་རེད།  དེ་བཙལ་དུས་ཕལ་ཆེར་ཁོ་རང་གིས་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དེ་ལ་འདང་ཞིག་བརྒྱབ་ནས།   ང་ཚོའི་དཔེ་ཆའི་ནང་གི་ཐ་སྙད་དེ་ཡུན་གྱིས་ང་ཚོའི་ཁ་སྐད་དུ་འཕེལ་རྒྱས་སུ་སོང་ན་དེའི་རྗེས་སུ་འགྲོ་གི་རེད།   དེ་ང་ཚོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་རེད།    ཁོང་ལ་བསམ་བློ་དེ་འདྲ་ཞིག་ཡོད་པ་རེད།   རྨང་གཞི་དེའི་སྟེང་ནས་ང་ཚོའི་སྙན་ངག་དེ་ལ་གནའི་ཡི་གེ་རྙིང་བ་དང་ཐ་སྙད་རྙིང་བ་དེ་ཚོ་ཁོ་ན་བྲིས་ན་འགྲིག་གི་མ་རེད།   སྤྱི་ཚོགས་འཕེལ་བའི་རྗེས་སུ་བསྐུན་དགོས་ཀྱི་རེད།    འཛམ་གླིང་གི་སྤྱི་ཚོགས་སྤྱིའི་འགྲོ་ཕྱོགས་སུ་བསྐུན་དགོས་ཀྱི་རེད།    ང་ཚོས་སྙན་ངག་བྲིས་པ་དེ་ཚོར་ཞབས་འདེགས་ཞུ་ཡུལ་གཅིག་ཡོད་པ་རེད།   ང་ཚོས་ད་ལྟའི་མི་རབས་ལ་ཞབས་འདེགས་ཞུ་དགོས་པ་རེད།    ང་ཚོས་བྲིས་པའི་སྙན་ངག་དེ་ལོ་རྒྱུས་སྟེང་ནས་འདས་ཟིན་པའི་སྔོན་གྱི་ལོ་རྒྱུས་སྟེང་གི་གཤེགས་ཟིན་པའི་མཁས་པ་དེ་ཚོ་ལ་སྟོན་རྒྱུ་མ་རེད།   ད་ལྟའི་བོད་ཀྱི་སྤྱི་ཚོགས་ཁྲོད་འཚོ་བ་རོལ་བཞིན་པའི་མི་དེ་ཚོར་སྟོན་རྒྱུ་རེད།    དེ་ཚོས་སྙན་ངག་དེར་བལྟས་པ་ཡིན་ན།   ནང་དོན་ཞིག་གོ་དགོས་ཀྱི་རེད། ནང་དོན་གོ་བ་ཡིན་ན།     སྒྱུ་རྩལ་གྱི་རིན་ཐང་ཡང་དེ་ནས་རྟོགས་ཀྱི་རེད།   བསམ་བློའི་རིན་ཐང་དེ་ཡང་ཁོའི་སྙན་ངག་བརྒྱུད་ནས་མི་ཚོར་དྲིལ་བསྒྲགས་བྱེད་དགོས་པ་རེད།   མི་ཚོར་ཤུགས་རྐྱེན་ཐེབས་སུ་འཇུག་དགོས་པ་རེད།    གལ་སྲིད་ཁོས་ཡིག་སྐད་རྐྱང་བ་བྲིས་ནས་ད་ལྟའི་ཁ་སྐད་ལ་སྣང་ཆེན་མ་བྱས་ན་ད་ལྟའི་མི་ལ་ཞབས་འདེགས་ཞུ་ཐུབ་ཀྱི་མ་རེད་ཅེས་ཁོས་དེ་འདྲའི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་གཅིག་ལ་འདང་བརྒྱབ་པ་ཨེ་ཡིན་ནམ་བསམ་བྱུང་། 

དྲི་བ་མི་འདུག

ལན།   ང་ཚོའི་སྔོན་མའི་སྲོལ་རྒྱུན་གྱི་གུ་དོག་པོ་དེ་ལས་བུད་ཚར་བ་རེད།    ཁོ་རང་གི་བསམ་བློ་དེ་ཆེན་པོ་རེད།    སྔོན་ཆད་ང་ཚོ་མི་ཐམས་ཅད་ཀྱི་བསམ་བློ་དེ་ཧ་ཅང་གུ་དོག་པ་ཅིག་གི་ནང་དུ་བཞག་ཡོད་པ་རེད།    དགེ་འདུན་ཆོས་འཕེལ་གྱི་བསམ་བློ་འཆིང་རྒྱ་དེ་ལས་གྲོལ་ཚར་བ་རེད།    ཁོང་ལ་གུ་དོག་པོའི་ལྟ་ཚུལ་དེ་ཡོད་པ་མ་རེད།    རིས་སུ་ཆད་པའི་གུ་དོག་པའི་ལྟ་ཚུལ་དེ་ཡོད་པ་མ་རེད།    ཡོད་པ་མ་རེད་དེ།   ཡིན་ནའང་ཁོར་ཡུག་གི་སྤྱི་ཚོགས་གུ་དོག་པོ་ཞིག་གི་ནང་དུ་འཚོ་དགོས་ཀྱི་ཡོད་པ་རེད།    དེ་འགལ་བ་ཞིག་ཆགས་ནས་བསྡད་ཡོད་པ་རེད།   ཁོའི་བསམ་བློ་དེའི་ནང་དུ་ཤོངས་ཀྱི་མ་རེད།   འོན་ཀྱང་ཁོར་ཡུག་གི་སྤྱི་ཚོགས་དེས་ཁོའི་བསམ་བློ་ཡིན་གཅིག་མིན་གཅིག་དེའི་ནང་དུ་འཇུག་གི་ཡོད་པ་རེད།   ཕྱོགས་གཅིག་ནས་ཁོར་ཡུག་གི་སྤྱི་ཚོགས་དེས་ཁོང་ཚུར་བཅུམ་གྱི་ཡོད་པ་རེད།   ཁོར་ཡུག་གི་སྤྱི་ཚོགས་དེ་སྔ་མའི་བོད་ཀྱི་སྤྱི་ཚོགས་ལ་ཟེར་གྱི་ཡོད།   ཕྱོགས་གཅིག་ནས་ཁོང་གི་བསམ་བློ་རྒྱ་ཆེན་པོ་ཆགས་ནས་འགག་རྒྱ་དེ་ལས་ཐར་ཚར་བ་རེད།ཐར་ཡོད་པ་རེད་དེ།    ཡོངས་སུ་ཐར་རྒྱུ་ཁག་པོ་རེད།   སྤྱིར་བཏང་སྲོལ་རྒྱུན་གྱི་སྤྱི་ཚོགས་དེ་འདྲའི་གུ་དོག་པོ་ཞིག་ཡོད་དུས་ཤུགས་རྐྱེན་ཅི་ཡང་མ་ཐེབས་པར་ཁོ་དེ་ནས་ཡོངས་སུ་ཐར་རྒྱུ་དེ་འདྲ་ཡོད་པ་མ་རེད།

དྲི་བ།   སྔོན་མའི་གུ་དོག་པོའི་སྤྱི་ཚོགས་ཁྲོད་དུ་ཁོང་གི་བསམ་བློར་ཇི་ལྟར་འགལ་རྐྱེན་འཕྲད་སྟངས་ཞིག་གསུང་རོགས།

ལན།   དཔེ་ཞིག་བཞག་ན།    ཀླུ་སྒྲུབ་དགོངས་རྒྱན་གྱི་ལྟ་བ་རེད།   ལྟ་བ་དེ་ལ་ང་ཚོའི་སྔོན་བྱོན་གྱི་མཁས་པ་ཚོས་ལམ་གཅིག་ལ་བཞག་ནས་ཤར་གཅིག་བཤད་ཚར་པ་རེད།    དེ་ཚོ་ཚང་མར་ངས་ཞིབ་འཇུག་བྱས་པ་མེད་མོད།    ནང་དོན་རིག་པའི་ལྟ་ཚུལ་གྱི་ཐོག་ནས་བཤད་ན་ལྟ་ཚུལ་དེ་ཡང་དག་པ་ཞིག་རེད།    ཡང་དག་པ་ཞིག་རེད་དེ།   མི་ཚང་མས་ལོ་བརྒྱ་ཕྲག་མང་པོའི་རིང་ལ་མཁས་པ་གཅིག་གི་རྗེས་སུ་གཅིག་འབྲངས་ནས་ལམ་ཕྲ་མོ་ཞིག་གི་ནང་ནས་འདི་ལ་ཐོན་དགོས་ཀྱི་ཡོད་པ་རེད།   གཞན་པ་ཚོས་འདི་ནས་བཤད།   དེ་ནས་བཤད།   ཕྱོགས་མང་པོ་ནས་བཤད་ན་འགྲིག་གི་མ་རེད།   ད་ངས་བསམ་ན།   དགེ་འདུན་ཆོས་འཕེལ་གྱིས་དབུ་མའི་གནས་ལུགས་མཐར་ཐུག་པ་དེ།   དཔེར་ན་འདི་ལ་ཐོན་དགོས་ཀྱི་རེད།   ཡིན་ནའང་ང་ཚོའི་མཁས་པ་མང་ཆེ་བ་ད་སྔ་འདི་ནས་སོང་ནས་འདི་ལ་ཡོང་གི་རེད།   གནས་ལུགས་ཁོང་དུ་ཆུད་སོང་ན་འདི་ནས་ཡོང་ནས་འདི་ལ་ཡོང་ནའང་ཆོག་གི་རེད།   འདི་ནས་ཡོང་ནས་འདི་ལ་ཡོང་ནའང་ཆོག་གི་རེད།   དམིགས་ཡུལ་འདི་ལ་ཐོན་གྱི་ཡོད་ན་གང་ལྟར་བྱས་ནའང་ཆོག་གི་རེད།

དགེ་འདུན་ཆོས་འཕེལ་ཁོང་ཤེས་ཡོན་འཛོམས་པོ་རེད།    བསམ་བློ་དེ་ཚོ་བཅིངས་རྒྱ་ལས་བཀྲོལ་ཡོད་པ་རེད།   འཆིང་རྒྱ་ལས་བཀྲོལ་ཡོད་དུས་མཐའ་གཅིག་ཏུ་འདི་ནས་འགྲོ་དགོས་ཀྱི་མ་རེད།   འདི་ནས་ཡོང་ནས་མཐའ་གཅིག་ཏུ་འདི་ལ་ཡོང་བ་རེད།    ང་རང་གི་ལྟ་ཚུལ་ཡིན་ན།   དགེ་འདུན་ཆོས་འཕེལ་གྱིས་དབུ་མ་བཤད་པ་དེ་ང་རང་ཚོའི་མཁས་པ་སྔོན་མ་ཚོས་དབུ་མ་བཤད་པ་དང་ཕལ་ཆེར་གཅིག་པ་རེད།   ཁྱད་པར་ཅན་བོད་ན་མེད་པ་དེ་འདྲ་ཞིག་ཁོས་བཤད་ཡོད་པ་མ་རེད།   མཐར་ཐུག་ཀླུ་སྒྲུབ་དགོངས་རྒྱན་ནང་དུ་གང་བཤད་ཡོད་པ་དེ་མཁས་པ་སྔོན་མ་ཚོས་བཤད་པ་དང་མཐུན་པ་རེད།  འོན་ཀྱང་བཤད་སྟངས་མ་འགྲིག་པ་རེད།   ཁོས་སྔོན་མ་དེ་ཚོས་བཤད་སྟངས་དང་མ་འདྲ་བར་ཕྱོགས་གཞན་ཞིག་ནས་བཤད་པ་རེད།

དེ་འདྲ་ཡིན་དུས་བསམ་བློ་དེ་རྒྱ་ཆེ་སོང་བ་རེད།   སྔོན་ཆད་ཀྱི་སྲོལ་རྒྱུན་དེ་གུ་དོག་དྲགས་ནས།   མཁས་པ་སྔོན་མ་གཅིག་གིས་གང་ལྟར་བཤད་ཡོད་པ་དེ་ནང་བཞིན་ཚང་མ་ཡོང་དགོས་ཀྱི་རེད།  ཅུང་ཙམ་དེ་དང་མ་འདྲ་ན་ཚང་མས་ངོ་རྒོལ་བྱེད་ཀྱི་རེད།   སངས་རྒྱས་སྟོང་གི་རིང་ལ་བྱོན་མ་མྱོང་བ་ཞིག་དགེ་འདུན་གཅིག་གི་རིང་ལ་བྱོན་ན་འགྲིག་གི་མ་རེད་ཅེས་ངོ་རྒོལ་བྱེད་ཀྱི་རེད།   དགེ་འདུན་ཆོས་འཕེལ་དེ་ལྟར་མ་རེད།  ཤེས་ཡོན་རྒྱ་ཆེན་པོ་ཡིན་པས་བསམ་བློ་བཅིངས་འགྲོལ་ཐོབ་བསྡད་ཡོད་པ་རེད།    དེ་ཡིན་ན།   ཁོང་ཚོ་སྔོན་མའི་སྲོལ་རྒྱུན་གྱི་མི་གཅིག་གིས་གཏན་འབེབས་བྱས་བཞག་ཡོད་པ་ནང་ལྟར།ཁོང་གིས་དེ་ལ་མཐའ་གཅིག་ཏུ་བསྐུན་གྱི་མ་རེད།

དྲི་བ།    དགེ་འདུན་ཆོས་འཕེལ་ཤི་རྒྱུ་སྔ་དྲགས་ནས་ཁོའི་བསམ་བློ་ལག་བསྟར་བྱེད་ཐུབ་ཡོད་པ་མ་རེད་ཅེས་བཤད་པ་དེ་ལ་འགྲེལ་བཤད་ཅིག་གནང་རོགས།

  ལན།    དགེ་འདུན་ཆོས་འཕེལ་གཤེགས་པའི་དུས་སྐབས་དེ་ལ།   ཁོའི་བསམ་བློ་མང་པོ་ཞིག་འཆར་གཞི་མང་པོ་ཞིག་ཡོད་པ་རེད།  དེ་ཚོ་ཚང་མ་སྐབས་དེའི་བོད་སྤྱི་ཚོགས་ཀྱི་ཁོར་ཡུག་གི་དབང་གིས་དང་ལེན་བྱས་ཡོད་པ་མ་རེད།   ཁོང་གི་དམིགས་ཡུལ་མང་པོ་ཞིག་འགྲུབ་ཡོད་པ་མ་རེད།   དམིགས་ཡུལ་དེ་མ་འགྲུབ་པ་རེད།   འདི་མ་འགྲུབ་པ་རེད་ཅེས་བྱེ་བྲག་ལ་བཀར་ནས་བཤད་ཀྱི་མེད།  འོན་ཀྱང་སྤྱིར་བཏང་བཤད་ན་ཁོང་གིས་བོད་འདི་ལ་ཤེས་རིག་གསར་རྙིང་ཞིག་བརྗེ་རྒྱུ།  འཛམ་གླིང་སྔོན་ཐོན་མི་རིགས་ཀྱི་རྗེས་སུ་འགྲོ་རྒྱུ།   ང་ཚོའི་བོད་ཀྱི་སྲོལ་རྒྱུན་ཇི་མ་ཇི་བཞིན་གྱི་གུ་དོག་པོ་དེ་འདྲ་ཞིག་གི་ནང་ནས་མི་འདུག་རྒྱུའི་བསམ་བློ་ཡོད་པ་རེད།  འགན་འཁུར་ཡང་དེ་འདྲ་ཞིག་ཡོད་པ་རེད།  ཁོང་གསོན་པའི་རིང་ལ་དེ་འདྲ་མང་པོ་ཞིག་དྲིལ་བསྒྲགས་མང་པོ་ཞིག་བྱས་ཡོད་པ་རེད་དེ།  སྐབས་དེའི་སྤྱི་ཚོགས་ཀྱི་དབང་གིས་ཁོའི་དེ་ཚོ་ལམ་དུ་ཕྱིན་པ་ཉུང་ཉུང་ཞིག་རེད།   ཤུགས་རྐྱེན་ཞིག་ཐེབས་ཡོད་པ་རེད་དེ།   ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པ་མ་རེད།

ངའི་བསམ་པར།   སྐབས་དེར་ཁོའི་སེམས་སུ།   ངས་ང་ཚོ་བོད་འདི་ལ།   ང་ཚོའི་མི་རིགས་ལ།   ང་ཚོའི་མི་དམངས་འདི་ལ་བསམ་བློ་ཡག་པོ་ཞིག་བཟུང་ནས།   དེ་ཚོའི་མདུན་ལམ་འདི་འདྲ་ཞིག་ལ་འདང་བརྒྱབ་པ་ཡིན་ཏེ།   གཞན་དེ་ཚོས་ཁོར་ཡུག་གི་དབང་གིས་དེ་ལ་དང་ལེན་བྱེད་ཀྱི་མི་འདུག   དེ་ག་རེ་རེད།   འདི་མངོན་དུ་མི་འགྱུར་བའི་རྒྱུ་མཚན་ག་རེ་རེད།  དེ་མངོན་དུ་མི་འགྱུར་བའི་རྒྱུ་མཚན་ག་རེ་རེད་ཅེས་འདི་འདྲ་མང་པོ་ཞིག་ལ་བསམ་བློ་གཏོང་བཞིན་ཁོང་གཤེགས་པ་མིན་ནམ་བསམ།   དེའི་རྐྱེན་གྱིས་ངས་ངའི་སྙན་ངག་གི་ནང་དུ་ཁོང་གིས་དེ་འདྲའི་འདྲི་རྟགས་མང་པོ་ཞིག  ལན་མེད་པའི་འདྲི་རྟགས་མང་པོ་ཞིག་འཁྱེར་ནས་སྐུ་གཤེགས་པ་རེད་ཅེས་བྲིས་པའི་རྒྱུ་མཚན་དེ་འདྲ་རེད།   ཚིག་བསྡུས་ནས་བཤད་ན་ཁོང་རང་གི་འཆར་གཞི་མང་པོ་ཞིག་མངོན་དུ་འགྱུར་ཐུབ་ཡོད་པ་མ་རེད།   སྐབས་དེར་ཁོང་རང་ལ་བསམ་བློ་རྒྱ་ཆེན་པོ་ཞིག་ཡོད་པ་རེད་དེ།   བོད་སྤྱི་ཚོགས་ཀྱིས་དེ་དང་ལེན་བྱེད་ཐུབ་ཡོད་པ་མ་རེད།   དེ་ཡིན་དུས་ཁོང་རང་ཕངས་སེམས་ཞིག་དང་ལྷན་དུ་སྐུ་གཤེགས་པ་རེད།  

དྲི་བ།ཁྱེད་ཀྱིས་དགེ་འདུན་ཆོས་འཕེལ་བཞུགས་སྐབས་ཀྱི་སྤྱི་ཚོགས་དེ་ཟིང་ཆ་ཅན་གྱི་སྤྱི་ཚོགས་ཞིག་ཏུ་ངོས་འཛིན་བྱས་པའི་སྐོར་ལ་འགྲེལ་བཤད་ཅིག་གནང་རོགས།

ལན།   དགེ་འདུན་ཆོས་འཕེལ་ཡོད་དུས་ཀྱི་ང་ཚོའི་ངས་བོད་སྤྱི་ཚོགས་ལ་མཚོན་ན།   ཐོག་མར་བསམ་བློ་དང་འདུ་ཤེས་འཛིན་སྟངས་ཀྱི་ཐོག་ལ་རྙོག་དྲ་ཡོད་པ་ཞིག་ཏུ་བསམ་པ་ཡིན།  དེའི་སྔོན་ལ་བོད་རང་གི་འགྲོ་ལུགས་འདུག་སྟངས།   བྱ་བ་བྱེད་སྟངས།ཡུལ་སྲོལ་གོམས་གཤིས་དེ་ཚོ་ཚང་མ་ཆུ་ལྟ་བུ་ཞིག་ཡིན་ན་རྒྱུགས་ཀྱི་མེད་པར་ཁ་ཆགས་ནས་འཇམ་པོ་བྱས་ནས་བསྡད་ནས་བསྡད་ཡོད་པ་རེད།  དེའི་ནང་ན་ཅི་ཡང་ཡོད་པ་མ་རེད།   ཁྱོའི་དེ་འདྲ་བྱས་ནའང་བོད་ཀྱི་གཤིས་ལུགས་རེད།   ཁྱོས་དེ་འདྲ་བྱས་ནའང་བོད་ཀྱི་གཤིས་ལུགས་རེད།  དེ་ཚོ་ཚང་མའི་བར་ན་འགལ་བ་ཆེན་པོ་ཡོད་པ་མ་རེད།   འོན་ཀྱང་དབེན་ཅིང་འཇགས་པ།   ཕལ་ཆེར་དེ་འདྲའི་སྤྱི་ཚོགས་ཞིག་གི་ནང་དུ་བསྡད་ནས་ལོ་མང་པོ་ཞིག་འགོར་སོང་བ་རེད་དེ།   དེའི་ནང་ལ་རྩ་བ་ནས་འགལ་བ་མེད་པ་དེ་འདྲ་མ་རེད།   ང་ཚོའི་བོད་སྤྱི་ཚོགས་ཧྲིལ་བོ་ལ་དེ་འདྲའི་རྙོག་དྲ་ཆེན་པོ་ཞིག་ཡོད་པ་མ་རེད།

ཡིན་ནའང་སྐབས་དེ་ལ་མཚོན་སོང་ན།   ང་ཚོའི་བོད་དུ་ཕྱི་རྒྱལ་ནས་མི་རིགས་གཞན་དང་གཞན།   འཛམ་གླིང་གི་འགྲོ་ཕྱོགས་ལས་ཕྱོགས།   དེའི་སྐད་ཆ་བཤད་སྟངས།   མི་རིགས་ཀྱི་འགྲོ་ཕྱོགས།   རིག་གནས་ཀྱི་ཁ་ཕྱོགས།   ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས་སོགས་སྔོན་བོད་ལ་མེད་པ་དེ་འདྲ་མང་པོ་ཞིག་ཐོག་མར་བོད་དུ་བྱུང་བཞིན་པའི་སྐབས་ཞིག་རེད།  དེ་ལ་ང་ཚོ་བོད་མི་མང་པོ་ཞིག་གིས་དེ་དག་ཕར་བཞག་ནས་བོད་རང་གི་སྲོལ་རྒྱུན་དེ་མཁྲེགས་འཛིན་བྱས་ནས་ཕར་ལ་ངོ་རྒོལ་འདྲ་བྱས་པ་དང་།   ཉུང་ཤས་ཞིག་གིས་དེའི་ནང་ནས་ཚུར་ལེན་བྱེད་པའི་དུས་ཚོད་དེ་འདྲ་ཞིག་བྱུང་བ་རེད།  ངས་བཤད་བཞིན་པ་འདིའི་ནང་དུ་ཆབ་སྲིད་དང་དཔལ་འབྱོར་གཉིས་ཀ་འདུས།   དེ་ནས་རིག་གནས་འདུསའདི་ཚོ་ཚང་མའི་ཕྱོགས་ནས་དེ་འདྲ་ཞིག་གི་སྐབས་རེད།  དེ་ཡིན་དུས་སྐབས་དེར་གཅིག་གིས་རེད་ཅེས་གཅིག་གིས་མ་རེད་ཅེས་བོད་ལ་མཐའ་གཅིག་ཏུ་ཁས་ལེན་བྱེད་ཐུབ་པ་དེ་འདྲ་ཞིག་མེད་ཅིང་།   དེ་ནས་ང་ཚོའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཀྱི་ཕྱོགས་ནས་ཀྱང་དབྱིན་ཇི་བའི་སྟོབས་ཤུགས་དང་དེ་མིན་པའི་གཞན་གྱི་སྟོབས་ཤུགས་མང་པོ་ཞིག་གི་ནང་དུ་ལྷགས་ཞིང་།   དེ་ནས་ང་ཚོའི་རིག་གནས་ཀྱི་ཕྱོགས་ནས་རྒྱ་གར་ནས་ཚུར་བརྒྱུད་པ་དང་དབྱིན་ཇིའི་ནས་ཚུར་བརྒྱུད་པ།  རྒྱ་ནག་ནས་ཡར་བརྒྱུད་པ་བཅས་དེ་འདྲ་མང་པོ་ཞིག་བོད་ཀྱི་སྤྱི་ཚོགས་ནང་ལ་ཐོན་ནས་ཚང་མས་སྐོར་ཞིག་གིས་དེ་ལ་དང་ལེན་བྱས།   སྐོར་ཞིག་གིས་འདི་ལ་དང་ལེན་བྱས་ནས་གཅིག་གྱུར་བྱེད་ཐུབ་མེད་པའི་དུས་ཞིག་ཡིན་པས་སྐབས་དེའི་ང་ཚོའི་བོད་ཀྱི་སྤྱི་ཚོགས་འདི་རྙོག་འཛིང་ཡོད་པ་དེ་གཅིག་ཡིན།གཉིས་བཤད་པ་དེ།   སྐབས་དེར་ང་ཚོ་བོད་མིའི་བསམ་བློ་གསར་རྙིང་གཉིས་བརྗེ་བའི་དུས་སྐབས་ཞིག་སྟེ།   རྙིང་པ་དེ་ལ་ཕོག་ཐུག་ཅིག་བཏང་ནས་སྔོན་ཆད་ཀྱི་རྙིང་པའི་གནས་སྟངས་དེ་རང་དུའང་སྡོད་མ་ཐུབ་ཅིང་།   གསར་པ་དེའང་ཆ་ཚང་ཞིག་ཡོངས་སུ་ལེན་མ་ཐུབ་པར།   གསར་རྙིང་གཉིས་ཀྱི་བར་དུ་འདི་ལྟར་འགལ་བ་བྱེད་བཞིན་པའི་སྐབས་ལ་འཁེལ་བ་རེད།   དེ་བས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་འཁྲུག་འཛིང་དང་རྙོག་དྲ་ཅན་ཟེར་བ་དེ་ངས་འདི་འདྲ་ཞིག་ལ་ངོས་འཛིན་བྱས་པ་ཡིན།

ཁྱེད་ཀྱི་བསམ་ཚུལ་ལྟར་ན་དགེ་འདུན་ཆོས་འཕེལ་གྱིས་སྐབས་དེའི་སྤྱི་ཚོགས་ལ་ཕན་ནུས་ཅི་ཞིག་ཐོན་ཡོད་པ་རེད།

ལན།   ཚིག་གཅིག་ལ་བསྡུས་ན་བཤད་ན།  ང་ཚོ་ལ་བསམ་བློ་གསར་བ་ཞིག་འཁྱེར་ནས་ཡོང་རེད།  ང་ཚོའི་བོད་ཀྱི་སྤྱི་ཚོགས་ནང་དུ་སྔ་ན་མེད་པའི་བསམ་བློ་གསར་བ་ཞིག་འཁྱེར་ཡོང་བ་རེད།   དེ་ཁོང་བྱས་རྗེས་ཆེན་པོ་རེད།   ང་ཚོའི་བོད་ཀྱི་སྤྱི་ཚོགས་རྙིང་པ་དེ་ལ་ཁོས་ཕན་ཐོགས་ཆེན་པོ་ཞིག་བྱུང་བ་དེ་ཁོས་བསམ་བློ་གསར་བ་ཞིག་འཁྱེར་ཡོང་བ་རེད།  དེ་ལ་འགྲེལ་བཤད་བརྒྱག་རྒྱུ་ཞིག་ལ།   བསམ་བློ་གསར་བ་འཁྱེར་ཡོང་མཁན་ཁོ་མ་གཏོགས་གཞན་པ་སྐོར་ཞིག་ཀྱང་ཡོད་པ་རེད།   ཁོང་ཚོས་བསམ་བློ་གསར་བ་ཞིག་འཁྱེར་ཡོང་ནས་ཐད་ཀར་བོད་ཀྱི་སྤྱི་ཚོགས་ནང་དུ་བཞག་ན།   དང་ལེན་བྱེད་ཀྱི་མ་རེད། བོད་ཀྱི་སྤྱི་ཚོགས་ཀྱིས་ཕར་འདེད་བྱེད་ཀྱི་རེད།  དགེ་འདུན་ཆོས་འཕེལ་ཁོང་ཤེས་ཡོན་ཅན་རེད།  ང་ཚོའི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་དེ་ཚོ་ལ་བྱང་ཆུབ་པ་རེད།  དེ་འདྲ་ཞིག་གི་ཐོག་ནས་ཁོང་གིས་བསམ་བློ་གསར་བ་འཁྱེར་ཡོང་སྟེ།  བོད་ཀྱི་སྲོལ་རྒྱུན་གྱི་བསམ་བློ་དང་བསམ་བློ་གསར་བ་དེ་གཉིས་ཟུང་འབྲེལ་ལེགས་པོ་ཞིག་བྱས་ནས་སྲོལ་རྒྱུན་ཡང་ཡིན་པ་དེའི་ནང་དུ་བསམ་བློ་གསར་བའང་ཡོད་པ་དེ་འདྲ་ཞིག་བྱས་ན་སྐབས་དེར་བོད་མི་མང་ཆེ་བ་ཞིག་གིས་ལྟོས་བཅས་ཀྱི་ཐོག་ནས་དང་ལེན་བྱེད་ཐུབ་པ་འདྲ་བོ་ཞིག་ཡོད་པ་རེད།  གཞན་པ་ཚོ་དཔེར་ན།   རྒྱ་ནག་ནས་ཡུན་རིང་པོ་སྡོད་མཁན་དེ་འདྲའི་མི་དང་།ཕྱི་རྒྱལ་ནས་ཡུན་རིང་པོ་སྡོད་མཁན་འདྲའི་མི།  དེ་འདྲ་ཞིག་གིས་གློ་བུར་དུ་ང་ཚོ་བོད་ཀྱི་བྱེད་ལུགས་བྱེད་སྟངས་འདི་འགྲིག་གི་མི་འདུག   དེ་འགྲིག་གི་མི་འདུག  འདི་རྗེས་ལུས་རེད།  ང་ཚོ་མུ་མཐུད་ནས་མདུན་དུ་བསྐྱོད་དགོས་ཀྱི་རེད།  བསམ་བློ་འདི་འདྲ་དགོས་ཀྱི་མ་རེད།   དེ་འདྲ་དགོས་ཀྱི་རེད་ཅེས་བཤད་ན།   སྐབས་དེར་བོད་སྤྱི་ཚོགས་ཀྱིས་དང་ལེན་བྱེད་ཐུབ་ཀྱི་མ་རེད།   དེ་རྒྱུ་མཚན་ག་རེ་རེད་ཟེར་ན།   ཁོས་བོད་སྤྱི་ཚོགས་ཤེས་ཀྱི་མ་རེད།  བོད་ཀྱི་སྲོལ་རྒྱུན་དེ་ཚོ་བྱང་ཆུབ་ཀྱི་མ་རེད།  དེ་མ་ཐུབ་ན་དེ་གཉིས་ཟུང་འབྲེལ་བྱེད་ཐུབ་ཀྱི་མ་རེད།  ཟུང་འབྲེལ་བྱེད་མ་ཐུབ་ན་གཞན་པ་ཚོས་ཤེས་ཀྱི་མ་རེད།  དགེ་འདུན་ཆོས་འཕེལ་གྱིས་བསམ་བློ་གསར་བ་ཞིག་འཁྱེར་ཡོང་བའི་དེའི་མཚུངས་སུ།  སྲོལ་རྒྱུན་གྱི་དེ་ཚོ་ཁྱོད་ལས་ངས་་དགེ་འདུན་ཆོས་འཕེལ་་ ཤེས་ཀྱི་རེད།  ཁྱོས་དབུ་མ་བཤད་ན་ངས་ཁྱོའི་ཡན་གྱི་དབུ་མ་བཤད་ཀྱི་རེད།   ཁྱོས་ཚད་མ་བཤད་ན་ངའི་ཁྱོའི་ཡན་གྱི་ཚད་མ་བཤད་ཀྱི་རེད།   ཁྱོས་སྙན་ངག་བཤད་ན་ངས་ཁྱོའི་ཡན་གྱི་སྙན་ངག་བཤད་ཀྱི་རེད།   དེའི་ཞོར་ལ་ང་མིན་པའི་གཞན་པ་ཚོའི་བསམ་བློ་འདི་འདྲ་དང་དེ་འདྲ་རེད་ཅེས་བཤད་ན་གཞན་གྱིས་དང་ལེན་བྱེད་ངེས་རེད།   ངས་ཚིག་གཅིག་ལ་བསྡུས་ནས་བཤད་ན།   བོད་ཀྱི་སྤྱི་ཚོགས་རྙིང་པ་དེ་ལ་ཁོས་བསམ་བློ་གསར་བ་ཞིག་འཁྱེར་ཡོང་བ་རེད།  དེའི་མཚུངས་སུ་ཁོས་བསམ་བློ་གསར་བ་དེ་དང་སྲོལ་རྒྱུན་གྱི་རིག་གནས་རྙིང་བ་དེ་གཉིས་ཟུང་འབྲེལ་ཡག་པོ་ཞིག་བྱས་སོང་བ་རེད།   དེ་བྱས་ནས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་མི་སྐོར་ཞིག་གིས་དང་ལེན་བྱས་པ་རེད། 

འདིའི་མཚམས་ནས་དཔེ་བརྗོད་ཅིག་འཇོག་རྒྱུ་ཡིན།

སྔོན་མ་ང་ཚོ་བོད་ཀྱི་དཔེ་ཆ་རྙིང་བ་དེ་ཚོའི་ནང་ལ་ང་ཚོ་འདུག་སའི་ས་སྒང་།   སའི་གོ་ལ་འདི་ལ།   ང་ཚོའི་བོད་ཀྱི་རིག་གནས་རྙིང་བའི་ནང་དུ་བཤད་ཚུལ་མང་པོ་ཞིག་ཡོད་པ་རེད།   འོན་ཀྱང་ས་སྒང་འདི། འདི་འདྲའི་རིལ་རིལ་ཅིག་ཟལུམ་པོ་ཞིག་ཡིན་ཞེས་བཤད་རྒྱུ་ཡོད་པ་མ་རེད།   འདིའི་སྐོར་ལ།  ང་ཚོ་བོད་ཅིག་ཕྱི་ལ་སོང་ནས་ཕྱིར་ཡོང་མཁན་ཞིག་གིས།   ཨེ།   ང་ཚོ་འདུག་སའི་སའི་གོ་ལ་འདི།  འདི་འདྲའི་ལེབ་ལེབ་ཅིག་མ་རེད།   འདི་འདྲའི་མདོང་མདོང་ཞིག་མ་རེད།  འདི་འདྲའི་ཟལུམ་པོ་ཞིག་རེད་ཅེས་ང་ཚོ་བོད་མི་ཚོར་བཤད་ན་དེ་ཁས་ལེན་གྱི་མ་རེད།  དགེ་བཤེས་ཆེན་པོ་དང་གྲྭ་བ་དེ་ཚོས་ཤེས་ཀྱི་མ་རེད།   ཁོང་ཚོས་ད་དུང་མི་དེས་ཤེས་ཀྱི་མི་འདུག   ང་ཚོ་ས་སྒང་འདི་འདྲ་ཞིག་གི་སྟེང་ལ་འདུག་ས་འགྲོ་གི་མ་རེད།  ང་ཚོའི་གཞུང་ལུགས་ཀྱི་ནང་དུ་འདི་འདྲ་ཞེས་བཤད་ཡོད་པ་རེད།   དེ་འདྲ་ཞེས་བཤད་ཡོད་པ་རེད།  ཡིན་ནའང་ཁོས་དེ་འདྲ་མཐོང་མྱོང་ཡོད་པ་མ་རེད།  ཁོས་དེ་ཤེས་ཀྱི་མ་རེད་ཅེས་ཁོ་ལས་སལ་བོའི་ཐོག་ནས་ཕར་འདེད་ཀྱི་རེད།  དེ་ནས་དགེ་འདུན་ཆོས་འཕེལ་གྱིས་སའི་གོ་ལ་འདི་རིལ་རིལ་རེད་ཅེས་དེ་འདྲ་ཞིག་བཤད་ཡོད་པ་རེད།  ཁོས་སྔོན་མ་ནས་མངོན་པའི་ནང་ན་འདི་འདྲ་ཞིག་བཤད་ཡོད་པ་རེད།  དུས་འཁོར་གྱི་ནང་ན་འདི་འདྲ་ཞིག་བཤད་ཡོད་པ་རེད་ཅེས་དེ་ཚོ་ཚང་མ་ཁོས་ཁོངས་སུ་ཆུབ་ཡོད་པ་རེད།  དེ་ཚོ་ཚང་མ་ངས་བལྟས་མྱོང་བ་རེད།  ངས་ཤེས་ཀྱི་རེད།  དགེ་བཤེས་ཞིག་ལ་ཐུག་ནས་ཁ་བརྡ་བྱེད་ནའང་།  དགེ་བཤེས་ཁྱོས་ཤེས་ཀྱི་རེད་དེ་ངས་དགེ་བཤེས་ཁྱོད་ལས་ཀྱང་མང་ང་ཤེས་ཀྱི་རེད།  འོན་ཀྱང་ངས་གནས་ལུགས་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་ན།  ད་ཐེངས་ཀྱི་གནས་ལུགས་ངོ་མ་དེ་ས་སྒང་འདི་ཟལུམ་པོ་ཞིག་རེད་བསམ་གྱི་འདུག   དེའི་རྒྱུ་མཚན་ག་རེ་ག་རེ་ཡིན་པ་སྲོལ་རྒྱུན་གྱི་རིག་གནས་ལ་ཟུང་འབྲེལ་བྱས་ནས་གོ་བརྡ་སྤྲད་པ་ཡིན་ན་གོ་བརྡ་སྤྲད་ཤེས་ཀྱི་རེད།  དེ་ནས་ཁོ་ཚོས་རྩོད་པ་བརྒྱབ་ཕོད་ཀྱི་མ་རེད།   ཁོ་ཚོས་གནས་ལུགས་ཤེས་འགྲོ་གི་རེད།   ཁྱོའི་དེ་ཕལ་ཆེར་ཡིན་རྒྱུ་རེད་ཅེས་དང་ལེན་བྱེད་འགྲོ་གི་རེད།  གཞན་པ་ཞིག་གིས་དེ་འདྲ་ཡོང་གི་མ་རེད།

དྲི་བ།ཁྱོད་ཀྱིས་བསམ་ན་ད་ལྟའི་སྤྱི་ཚོགས་ལ་དགེ་འདུན་ཆོས་འཕེལ་གལ་ཆེན་པོ་ཆགས་ཡོད་པ་རེད་དམ།

ལན།   ད་ལྟའི་ང་ཚོའི་སྤྱི་ཚོགས་ལ་དགེ་འདུན་ཆོས་འཕེལ་གྱིས་ཕན་ཐོགས་ཀྱི་རེད།  ད་ལྟ་དགེ་འདུན་ཆོས་འཕེལ་དེ་ང་ཚོས་སྙིང་སྟོབས་ཞིག་ལ་གོ་བ་ལེན་འགྲོ་གི་རེད།  ང་ཚོའི་མི་རིགས་རང་གི་རིག་གནས་དེ་ཚོར་བྱང་ཆུབ་པ་དང་།   དེའི་མཚུངས་སུ་གཞན་དང་གཞན་གྱི་ལེགས་ཆ་དེ་ཚོ་ཚུར་ལེན་ཕོད་པ།   རྙིང་བ་དེ་གཏོར་ཕོད་པ།  གསར་བ་དེ་ལེན་ཕོད་པ།  དེ་ནས་ཡང་ཁོང་གིས་ལབ་བརྒྱབ་པ་མ་ཡིན་པར་ཁོ་རང་གི་ནུས་པའི་ཐོག་ནས་ལས་ཐུབ་མཁན་དེ་འདྲ་ཞིག་ཏུ་གྱུར་ཡོད་པ་རེད།

དེ་འདྲའི་མིག་དཔེ་ཞིག་ང་ཚོ་བོད་སྤྱི་ཚོགས་ལ་མཚོན་སོང་ན།   ད་ལྟ་དགོས་ཀྱི་རེད་ལ།མ་འོངས་པ་ལ་དགོས་ཀྱི་རེད།   ནམ་ཞིག་ཡུན་རིང་ཡུང་རིང་དུ་ད་དུང་དགོས་ཀྱི་རེད།  ཁོང་མི་རིགས་ཀྱི་མཚོན་དཔེ་རེད།   སྙིང་སྟོབས་རེད།   མི་རིགས་ཀྱི་དར་ཆ་ཞིག་རེད།  ད་ལྟ་དང་མ་འོངས་པ་ལ་དགེ་འདུན་ཆོས་འཕེལ་གྱིས་ང་ཚོ་བོད་སྤྱི་ཚོགས་ལ་ཕན་ཐོགས་གཅོ་བོ་དེ་གང་རེད་ཟེར་ན།  ངས་བལྟས་ན།   མི་རིགས་ཞིག་གི་སྙིང་སྟོབས་སུ་གྱུར་ཡོད་པ་རེད།  དེའི་ས་རྔོབས་པ་དང་ནུས་པ་དེ་ལ་སློབ་སྦྱོང་བྱེད་དགོས་ཀྱི་རེད།  དེ་མ་གཏོགས་བྱེ་བྲག་ཏུ་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་བོའམ།  ཡང་ན་དེ་འདྲའི་རྩོམ་ཞིག་ལ་ང་ཚོའི་མི་རབས་འདིས་སློབ་སྦྱོང་བྱེད་པ་དང་།  མི་རབས་རྗེས་མས་སློབ་སྦྱོང་བྱེད་པ།  ཡང་དེའི་མི་རབས་རྗེས་མས་སློབ་སྦྱོང་བཅས་བྱས་ན་ཕན་ཐོགས་ཡོད་སྲིད་ཀྱི་རེད་མོད།  ཡིན་ནའང་ཡུན་གྱིས་ལོ་རྒྱུས་འཕེལ་རྒྱས་སུ་སོང་ན།  དེའི་ནུས་པ་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་གི་རེད།  ང་ཚོ་ལ་དགོས་པ་དེ་དགེ་འདུན་ཆོས་འཕེལ་གྱིས་རྙིང་བ་གཏོར་ཕོད་པ།   གསར་བ་ལེན་ཕོད་པ།  དེ་གཉིས་ཟུང་འབྲེལ་ལེགས་པོ་བྱེད་ཐུབ་པའི་བསམ་བློའི་སྙིང་སྟོབས་དང་ནུས་པ་དེ་ལ་ང་ཚོས་སློབ་སྦྱོང་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད།  དགེ་འདུན་ཆོས་འཕེལ་གྱིས་ང་ཚོའི་སྤྱི་ཚོགས་ལ་ཕན་པ་ཡོད་དགོས་ན་ཁོའི་སྙིང་སྟོབས་ཀྱིས་ང་ཚོ་ལ་ཕན་པ་ཡོང་གི་རེད། 

དྲི་བ།དགེ་འདུན་ཆོས་འཕེལ་ཁོང་རང་ཉིད་ཀྱི་ཕ་ཡུལ་རེབ་གོང་དང་ཡང་ན་ཨ་མདོ།ཡང་ན་བོད་སྤྱི་ཡོངས་ཀྱི་ཆེད་དུ་གལ་ཆེ་བའི་མི་ཞིག་རེད་དམ་མ་རེད།

ལན།  དྲི་བ་དེ་གསལ་པོ་ཞིག་གོ་མ་སོང་མོད།   དགེ་འདུན་ཆོས་འཕེལ་གྱི་ཕ་ཡུལ་དེ་རེབ་གོང་ཞོ་འཕོང་རེད།  ཡིན་ནའང་དགེ་འདུན་ཆོས་འཕེལ་གྱི་རིན་ཐང་གི་ཆ་ནས་བཤད་ན།   ཁོང་ཞོ་འཕོང་ཙམ་གྱི་མ་རེད།   ཨ་མདོ་ཙམ་གྱི་མ་རེད།   རེབ་གོང་གི་ཡང་མ་རེད།   ང་ཚོ་བོད་ཀྱི་རེད།  ཐ་ན་ང་ཚོ་མིའི་རིགས་ཀྱི་ཀླད་པ་འགུལ་ཕྱོགས་ཀྱི་ཆ་ནས་རིན་ཐང་ཡོད་མཁན་གྱི་མི་དེ་འདྲ་ཞིག་རེད་བསམ་བྱུང་། 

དྲི་བ།ད་ལྟའི་བོད་རིགས་གཞོན་ནུ་ཚོར་དགེ་འདུན་ཆོས་འཕེལ་ནི་ཕན་ཐོགས་ཅན་ཞིག་རེད་དམ།

ལན། ད་ལྟའི་མི་ལ།  ད་ལྟའི་མི་ལ་དགེ་འདུན་ཆོས་འཕེལ་ཕན་ཐོགས་ཡོད་པ་ཨེ་རེད་ཟེར་ན།

དྲི་བ།དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཉེ་ཆར་ནས་དོ་སྣང་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་ཅི་ཞིག་རེད

ལན།  དོ་སྣང་དེ་འདྲ་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་དེ།   ཨུན་ཨང་།  དེ་ཡག་པོ་ཞིག་འདུག   དེ་ལ་ལྟ་ཚུལ་འདྲ་གི་མ་རེད།   ལ་ལས་བཤད་ན་དགེ་འདུན་ཆོས་འཕེལ་ཕྱོགས་འདི་ནས་མིང་གྲགས་ཅན་ཞིག་ཏུ་གྱུར་སོང་བ་རེད།   གཞན་ཞིག་གིས་བལྟས་ན་ཕྱོགས་གཞན་ནས་མིང་གྲགས་ཅན་དུ་གྱུར་བ་སོགས་བཤད་རྒྱུ་མང་པོ་ཡོད་པ་རེད།   ངའི་ལྟ་ཚུལ་ཡིན་ན།   སྐབས་དེའི་ང་ཚོའི་བོད་སྤྱི་ཚོགས་ཀྱི་ནང་དུ་བོད་མི་མང་པོ་ཞིག་ཡོད་པ་རེད་དེ།   ཁོང་ལྟ་བུ་མི་ཉུང་ཉུང་ཞིག་ཆགས་སོང་བ་རེད།   དེ་ཡིན་ན།   ངའི་བསམ་པར་དཔེར་ན།   སྐབས་དེར།  བོད་ཀྱི་སྤྱི་ཚོགས་ཀྱི་བསམ་བློ་འདི་འདྲ་ཞིག་ལ་ཡོད་ན།   ཁོ་གཅིག་པུའི་བསམ་བློ་དེ།   དེ་འདྲ་ཞིག་ལ་བུད་སོང་བའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེས་ང་ཚོ་ཁོང་ལ་མོས་པ་ཆེན་པོ་ཡོད་པའི་རྒྱུ་མཚན་གཅིག་དེ་ཡིན་ནི་རེད།   དེ་ཡིན་ན་ངའི་བསམ་པར་ཁོའི་བསམ་བློ་སྐབས་དེའི་བོད་སྤྱི་ཚོགས་ལ་མཚོན་ན་བསམ་བློ་སྔོན་ཐོན་བུད་དུ་སོང་བ་རེད།   དེ་ནས་ང་ཚོས་ཞིབ་འཇུག་བྱེད་དགོས་པའི་བསམ་བློ་གཙོ་བོ་འདི་ནས་ཡོང་བ་ཡིན་རྒྱུ་རེད་བསམ།   ངས་བསམ་བློ་ཟེར་བ་དེའི་ནང་ལ།   ང་ཚོའི་ཆབ་སྲིད་ཀྱི་ཁ་འཁོར་ཕྱོགས་དང་དཔལ་འབྱོར།   གཙོ་བོ་རིག་གནས་བཅས་ཀྱི་སྟེང་ནས་དེ་འདྲ་མང་པོ་ཞིག་ཡོད་པ་རེད།   བསམ་བློ་གཅིག་གི་སྟེང་ནས་ཁོང་རྩེ་མོར་ཕྱིན་པ་རེད།   དགེ་འདུན་ཆོས་འཕེལ་ལ་རྩོམ་བྲིས་པ་ཡིན།   ཁོང་སྙན་གྲགས་ཆེ་སོང་བ་རེད།   མི་སྣ་གྲགས་ཅན་དུ་གྱུར་སོང་བ་རེད་ཅེས་བཤད་པ་མིན།   ཁོས་ཕྱོགས་མང་པོ་ཞིག་ནས་འདང་བརྒྱབ་པ་དེ་བོད་མང་ཚོགས་སྤྱི་ལས་སྔོན་དུ་ཐོན་ཡོད་པ་རེད།   དེའི་སྐབས་ཀྱིས་ད་ལྟ་ང་ཚོས་ཞིབ་འཇུག་བྱས་ན་རིན་ཐང་ཞིག་ཡོད་པ་རེད།   དེ་མིན་བཏང་ན།  དེའི་གཞུག་གི་བོད་སྤྱི་ཚོགས་ནང་ལ་དགེ་འདུན་ཆོས་འཕེལ་གྱི་བསམ་བློ་དེ་འདྲ་ཡོད་མཁན་ཡོད་པ་རེད།   དེའི་སྔོན་མའི་བོད་ཀྱི་སྤྱི་ཚོགས་ནང་ལ་དེ་འདྲ་ཡོད་ནི་མ་རེད།   དེའི་མ་ཚད་སྐབས་དེ་ལ་དེ་འདྲའི་བསམ་བློ་ཅན་ཉུང་ཉུང་རེད།   དེ་ཡིན་ན།   ད་ཐེངས་ངས་ཚུར་སྤྱི་སྡོམ་ཞིག་ཚིག་གཅིག་གིས་བཤད་པ་ཡིན་ན།   སྐབས་དེའི་སྤྱི་ཚོགས་ཀྱི་ཁོར་ལ་བལྟས་ན་ཁོའི་བསམ་བློ་སྔོན་ལ་ཐོན་པ་རེད།   དེ་ནས་ཁོང་མིང་གྲགས་ཅན་དེ་འདྲ་ཞིག་ཏུ་ལོགས་སོང་བ་རེད།  

དྲི་བ།ད་ལྟའི་བོད་རིགས་གཞོན་ནུ་ཚོར་དགེ་འདུན་ཆོས་འཕེལ་ལ་དགའ་ཞེན་ཡོད་པ་རེད་དམ་མ་རེད།

ལན།   ད་ལྟའི་བོད་རིགས་གཞོན་ནུ་ཚོར་དགའ་མོས་ཆེན་པོ་ཡོད་པ་རེད།   དེའི་རྒྱུ་མཚན་གང་ཡིན་པ་ངས་སྔོན་ལ་བཤད་པ་ལྟར།   དགེ་འདུན་ཆོས་འཕེལ་གྱི་སྙིང་སྟོབས་ཞིག་ཡོད་པ་རེད།   སྙིང་སྟོབས་དེ་ལ་ཁོང་ཚོར་ཞེན་པ་ཡོད་པ་རེད།   དེ་མ་ཡིན་པའི་ཕྱོགས་གཞན་པའི་རྒྱུ་རྐྱེན་ཡང་མང་པོ་ཞིག་ཡོད་པ་རེད།   སྙན་ངག་བྲིས་ན་ཡག་པ།   ལོ་རྒྱུས་ཀྱི་ཞིབ་འཇུག་བྱས་ན་བདེན་པ་དང་དྲང་པོ་བྱས་ཏེ་བཤད་པ་རེད།    སྐད་ཆ་དེ་ཐམས་ཅད་དྲང་མོར་བཤད་པ་རེད།    དེ་ཚོ་ལ་སོགས་པ་རྒྱུ་རྐྱེན་མང་པོ་ཞིག་གི་ཐོག་ནས་ད་ལྟའི་བོད་ཀྱི་ལོ་གཞོན་ཚང་མས་ཁོང་ལ་དགའ་བོ་བྱེད་ཀྱི་ཡོད་པ་རེད།   ཕལ་ཆེར་མང་ཆེ་བ་དེ་འདྲ་རེད།   ཡང་དེའི་ནང་ནས་བརྒྱ་ཆའི་བརྒྱ་ཐམ་པ་དེ་འདྲ་རེད་ཅེས་བཤད་ཐུབ་ཀྱི་མ་རེད།   ཡིན་ནའང་མང་ཆེ་བ་དགའ་མོས་ཡོད་པ་དེ་འདྲ་རེད།

དྲི་བ།ཁྱེད་རང་གིས་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་བཀླགས་མྱོང་ཡོད་དམ།

ལན། བཀླགས་མྱོང་།

ཁྱེད་དགའ་མོས་ཆེ་ཤོས་ཀྱི་རྩོམ་དེ་གང་ཡིན་ནམ།

ལན།  ངས་དགེ་འདུན་ཆོས་འཕེལ་གྱི་ལྔགས་རྩོམ་ལས་གཏམ་རྒྱུད་གསེར་གྱི་ཐང་མ་ཞེས་རྒྱ་གར་ལ་སོང་བའི་ཡུལ་སྐོར་ཟིན་ཐོ་ཞིག་ཡོད་པ་དེ་ཡག་པོ་འདི་འདྲ་ཞིག་རེད་བསམ་བྱུང་།   དེ་ནས་ཁོས་སྙན་ངག་བྲིས་པ་ཁག་ཅིག་སྒྱུ་རྩལ་གྱི་ཆ་ནས་བསམ་བློའི་ཆ་ནས་ཕྱོགས་གཉིས་པོ་ནས་དཔེ་མེད་ཅིག་རེད་བསམ་བྱུང་།   གསུམ་པའི་སྟེང་ནས་བཤད་ན།   ཀླུ་སྒྲུབ་དགོངས་རྒྱན་ཡག་པོ་རེད།   ང་ཚོའི་ནང་དོན་རིག་པའི་ཆ་ནས་རྩོམ་ཁྱད་པར་ཅན་ཞིག་རེད།   ངས་སྔོན་ལ་བཤད་ཟིན་པ་ལྟར།   བཤད་རྒྱུ་དེ་གཅིག་པ་ཡིན་ནའང་།   བཤད་སྟངས་དེ་སྔོན་མའི་བཤད་སྟངས་དང་མི་འདྲ་བར་རིགས་ལམ་གསར་བ་ཞིག་བཏོད་ནས་བཤད་ཡོད་པ་རེད།   དེས་ང་ཚོ་མི་ལ་བློ་ཁ་གསར་ཞིག་བསྐྱེད་ཡོད་པ་རེད།   སྔོན་མའི་དེ་ཚོར་བལྟ་དུས།   འོ་དེ་འདི་འདྲ་བྱས་ནས་བཤད་ན་ཆོག་གི   དེ་འདྲ་བྱས་ནས་བཤད་ནའང་འགྲིག་གིཞེས་ང་ཚོ་མི་ལ་བློ་ཁ་གསར་བ་སྐྱེད་ཐུབ་པ་དང་།   སྐུལ་སལོང་གསར་བ་གཏོང་ཐུབ་པའི་རྩོམ་དེ་འདྲ་ཞིག་ཆགས་བསྡད་ཡོད་པ་རེད།   བཞི་བ།  ཁོང་གི་ལོ་རྒྱུས་ཀྱི་ཞིབ་འཇུག་དེ་རེད།   བོད་ཀྱི་ལོ་རྒྱུས་དེ་ཚོ་ཁོང་གིས་བདེན་པ་བདེན་ཐུབ་བཤད་ཡོད་པ་རེད།   སྔོན་མ་དེ་ཚོ་ནང་ལྟར་མ་ཤེས་ཤེས་ཁུལ་དང་།   འདི་འདྲ་ཞིག་བྱས་ཡོད་པ་དེ་འདྲ་ཞིག་བྱས་ཡོད་པ་རེད་ཅེས་འུད་བརྗོད་བྱས་ཡོད་པ་མ་རེད།   དེ་ཡང་ང་ཚོས་བཤད་དགོས་རྒྱུ་དེ་ཚང་མ་ཁོང་གིས་བཤད་ཐུབ་ཡོད་པ་རེད།   ཁོང་གིས་ལོ་རྒྱུས་ཀྱི་སྟེང་ནས་ཁུངས་ཡོད་པ་རེད།   ལུངས་ཡོད།   དེའི་སྟེང་ནས་བདེན་པ་བདེན་ཐུབ་རེད།   ཤུགས་རྐྱེན་ཆེ་ཙམ་བྱུང་།   དགེ་འདུན་ཆོས་འཕེལ་གྱི་དཔེ་ཆ་གཅིག་ཡིན་ན།   ཚིག་ཤོ་ལོ་ཀ་གཅིག་ཡིན་ནའང་།  ང་ལ་ཆ་རྐྱེན་ཡོད་ན།   གོ་སྐབས་ཡོད་ན།   ཚང་མ་བལྟ་གི་རེད།   བལྟ་ཡ་མང་པོ་ཞིག་བལྟས་ཡོད་པ་རེད།   ལ་ལ་ཞིག་བརྗེད་འདུག  

ཁྱེད་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་གྱི་སྐོར་ལ་གྲུབ་མཐའི་ཕྱོགས་ཞེན་མ་ཡིན་པའི་གནད་འགག་གཞན་ཞིག་མཐོང་གི་འདུག་གམ།

ལན།   ངས་འདི་འདྲ་ཞིག་བསམ་བྱུང་།   དགེ་ལུགས་དང་རྙིང་མའི་གྲུབ་མཐའ་གཉིས་ཀྱི་སྟེང་ནས་བཤད་ན།    ཁོང་གི་མཐར་ཐུག་གི་ལྟ་བ་དེ་རྙིང་མའི་གྲུབ་མཐའ་རྙིང་མའི་དབུ་མའི་ལྟ་བ་དེ་ཁོང་གི་ཐུགས་ལ་འབབ་ཙམ་དང་ཕྱོགས་ཙམ་བྱུང་ཨེ་ཡོད་སྙམ་བྱུང་།  གསར་རྙིང་གི་ཐོག་ནས་བཤད་ན་ངས་དེ་འདྲ་ཞིག་བྱུང་ཨེ་ཡོད་སྙམ་བྱུང་།   འོན་ཀྱང་ཁོས་མཐའ་གཅིག་ཏུ་དགེ་ལུགས་པའི་ལྟ་བ་དེ་དགག་པ་དང་།   རྙིང་མའི་ལྟ་བ་དེ་སྒྲུབ་པ་དེ་འདྲ་མ་རེད།   དེའི་སྟེང་ནས་ངས་བསམ་བློ་ཞིག་རྙེད་བྱུང་བ་དེ།   ཁོས་ཆོས་ལུགས་ཀྱི་དབུ་མ་བ་ལ་དཔྱད་པ་བྱས་པ་ཡིན་ན།   དབུ་མའི་ལྟ་བ་སྲོལ་འབྱེད་མཁན་དེ་སློབ་དཔོན་ཀླུ་སྒྲུབ་ཆགས་བསྡད་ཡོད་པ་རེད།   ཁོའི་ཐོག་མའི་འདང་བརྒྱག་ཕྱོགས་ནས་མཐའ་མའི་གཏན་ཚིག་འཇོག་སྟངས་བར་དུ།   མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བ་ངོ་མ་དེ་གང་ཡིན་ན་ཁོས་དེ་འདྲ་འདྲ་ཞིག་བསམ་ནས་ཁོས་དེ་འདྲ་འདྲ་ཞིག་ཨེ་ལོན་བལྟས་ནས།   མཐའ་སྔ་མ་ལ་ངའི་ལྟ་ཚུལ་ཡིན་ན་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བ་ཕལ་ཆེར་འདི་འདྲ་ཞིག་ཡིན་རྒྱུ་རེད་ཅེས་དེ་འདྲ་ཞིག་གི་སྟེང་ལ་བུད་སོང་བ་རེད།   དེ་ཡིན་ན་ངའི་ལྟ་ཚུལ་ཡིན་ན།    ཁོང་གི་བསམ་བློ་གོང་དུ་བཤད་པ་ལྟར་འཆིང་རྒྱལ་ལས་གྲོལ་བསྡད་ཡོད་པ་རེད།སྲོལ་རྒྱུན་གྱི་འཆིང་རྒྱ་ལས་གྲོལ་ཡོད་ན།   གྲུབ་མཐའི་གུ་དོག་པོའི་ལྟ་བ་དེ་ལས་ཀྱང་གྲོལ་བསྡད་ཡོད་པ་རེད།   དེ་ནས་ང་ཚོ་བོད་ཀྱིས་འདི་བཤད་ཀི།   རྒྱ་གར་གྱིས་འདི་བཤད་ཀི།   རྙིང་མས་འདི་བཤད་ཀི།   དགེ་ལུགས་པས་འདི་བཤད་ཀི་ཞེས་དེ་འདྲ་ཞིག་ལ་འདང་བརྒྱབ་ཡོད་པ་མ་རེད།   ཁོའི་བསམ་བློ་རྒྱ་ཆེན་པོར་སོང་ནས།   དབུ་མའི་ལྟ་བ་དེ་ང་ཚོ་ནང་དོན་རིག་པའི་ལྟ་བའི་མཐར་ཐུག་འཇོག་ས་དེ་རེད།   དེ་སྲོལ་ཕྱེ་མཁན་དེ་མགོན་པོ་ཀླུ་སྒྲུབ་རེད།   མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བ་དངོས་དེ་གང་ཡིན་ན་ཞེས་ཁོས་དེའི་སྟེང་ལ་འདང་བརྒྱབ་པ་རེད།   ཆོས་ལུགས་ཀྱི་ལྟ་བ་དང་གྲུབ་མཐའི་ཕྱོགས་རིས་དེ་ལས་ཐར་སོང་བ་རེད།   དེ་ལས་བུད་བསྡད་ཡོད་པ་རེད།   ཁོས་བཙལ་རྒྱུ་དེ་གནས་ལུགས་དང་བདེན་དོན་བཙལ་ཡོད་པ་རེད།  གནས་ལུགས་མཐར་ཐུག་དང་བདེན་དོན་བཙལ་ཡོད་པ་རེད།  གཞན་པ་ཚོ་ལ་ཁོས་འདང་བརྒྱག་གི་ཡོད་པ་མ་རེད།

དྲི་བ།   ཁྱེད་ཀྱི་བསམ་པར་ཀླུ་སྒྲུབ་དགོངས་རྒྱན་ལ་ནང་པའི་ཆོས་ལས་བརྒལ་བའི་དོན་དག་ཅིག་ཡོད་པ་རེད་བསམ་གྱི་འདུག་གམ།

ལན།  ངས་དེ་ལ་ཆེད་དུ་ཞིབ་འཇུག་བྱས་པ་དང་ཆེད་དུ་བསམ་བློ་བཏང་བ་དེ་འདྲ་མེད།   དེ་འདྲ་མེད་དེ།   ངས་བལྟས་ན་ཁོའི་མཐར་ཐུག་གི་ལྟ་བ་དེ།   འཇིག་རྟེན་གྱི་གནས་ལུགས།   ང་ཚོ་བོད་ཀྱི་བཤད་སྟངས་ཡིན་ན།   འཇིག་རྟེན་འདི་ཐམས་ཅད་བརྟན་དང་གཡོ་བ་གཉིས་སུ་འདུས་ཀྱི་རེད།   མཐའ་སྔ་མའི་བརྟན་དང་གཡོ་བ་གཉིས་ཀྱི་གནས་ལུགས་འདི་ཅི་འདྲ་ཞིག་ཡིན་པ་དེའི་སྟེང་ལ་འདང་བརྒྱབ་ཡོད་པ་རེད།    ད་བར་གྱི་སྐད་ཆས་བཤད་ན་ཁོས་མཚན་ཉིད་རིག་པའི་ལྟ་ཚུལ་དེ་འདྲ་ཞིག་ལ་འདང་བརྒྱབ་ཡོད་པ་རེད།   ང་ཚོའི་མགོན་པོ་ཀླུ་སྒྲུབ་ཀྱིས་འདི་འདྲ་ཞིག་གསུངས་ཡོད་པ་རེད།   དེ་ངོ་མ་བཤད་ན་མཐར་ཐུག་གི་འཇིག་རྟེན་གྱི་གནས་ལུགས་ཨེ་རེད།   འཇིག་རྟེན་གྱི་འཁོར་དང་འདས་པ་གཉིས་ཀྱི་མཐར་ཐུག་གི་གནས་ལུགས་བཙལ་རྒྱུ་དེ།   ནང་དོན་རིག་པ་གཅིག་པུའི་དམིགས་ཡུལ་མ་རེད། འཛམ་གླིང་སྟེང་གི་ཆོས་ལུགས་སོ་སོ།   གྲུབ་མཐའ་སོ་སོ།   མཚན་ཉིད་རིག་པ་སོ་སོས་ད་ལྟའི་བར་དུ་བཙལ་རྒྱུ་དེ།   མཚན་ཉིད་རིག་པ་དང་སློབ་དཔོན་ཆེན་པོ་ཐམས་ཅད་ཀྱིས་བཙལ་རྒྱུ་དེ་འཇིག་རྟེན་གྱི་མཐར་ཐུག་གི་གནས་ལུགས་དེ་བཙལ་གྱི་ཡོད་པ་རེད།   དེ་བཙལ་རྒྱུ་དེའི་སྐོར་ལ་འདང་ཞིག་བརྒྱབ་ནས་བསམ་བློ་འཛིན་པ་འཇིག་རྟེན་གྱི་མཐར་ཐུག་གི་གནས་ལུགས་དེ།   དེ་འདྲ་ཞིག་རེད་དང་མ་རེད་ཅེས་དེའི་ཐོག་ལ་བསམ་བློ་བཏང་ཡོད་རྒྱུ་རེད་བསམ་བྱུང་།

དྲི་བ།   དགེ་འདུན་ཆོས་འཕེལ་བཙོན་དུ་ཚུད་དོན་ཅི་ཞིག་རེད་བསམ་གྱི་འདུག་གམ།

ལན།   དེ་ལ་ངས་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་དང་རྣམ་ཐར་ལ་ཆེད་དུ་ཞིབ་འཇུག་བྱས་པ་དེ་འདྲ་མེད།   མེད་དེ་ངས་བལྟས་ན་དེ་ལ་ང་ཚོས་བཤད་ཤེས་མི་ཤེས་ཀྱི་རྒྱུ་རྐྱེན་མང་པོ་ཞིག་མེད་དམ་བསམ།   དེ་ལས་གཅིག་ནི་ཁོས་བསམ་བློ་གསར་བ་དང་ལྟ་བ་གསར་བ་དེ་ཚོ་དྲིལ་བསྒྲགས་བྱེད་རྒྱུ་དེ་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་བློ་ལ་མ་བབས་པ་རེད།   སྐུ་དྲག་མི་དྲག་དེ་ཚོས་སྔོན་མའི་སྲིད་ལུགས་ནང་ལྟར་དང་ལེན་བྱེད་མ་ཐུབ་པ་རེད།   དེ་ཚོ་དེའི་ནང་གི་ཆ་རྐྱེན་གཅིག་ཡིན་རྒྱུ་རེད་བསམ་བྱུང་།   དེ་ལས་གཞན་པའི་ཆབ་སྲིད་ཀྱི་སྐོར་ནས་རྒྱུ་རྐྱེན་ཡོད་དང་མེད་དེ་ཚོ།   རྣམ་ཐར་དེ་ཚོའི་ནང་དུ་ད་སྔ་མང་པོ་ཞིག་བཤད་ཀྱི་འདུག   ཞིབ་འཇུག་བྱེད་མཁན་དེ་ཚོས་མང་པོ་ཞིག་བཤད་ཡོད་པ་རེད།   ངས་ཆེད་དུ་ཞིབ་འཇུག་བྱས་པ་དེ་འདྲ་མེད།   ཕ་ལམ་ཡོད་ཤས་ཆེ་མེད་ཤས་ཆེ།   དེ་ཤེས་ཀྱི་མེད།  དེའི་ནང་གི་རྒྱུ་མཚན་གཅིག་ཁོས་བསམ་བློ་གསར་བ་དང་ལྟ་བ་གསར་བ་དེ་ཚོ་དྲིལ་བསྒྲགས་བྱས་ན།   བོད་སྤྱི་ཚོགས་ལ་ད་སྔ་བཤད་རྒྱུ་མེད་པ་གྲགས་མ་མྱོང་བ་གོ་མ་མྱོང་བ་དེ་འདྲ་མང་པོ་ཞིག་བཤད་པ་དེ་གཞན་ཚོའི་ངྱ་བར་མ་འགྲོ་བ་རེད  ། དེ་ལ་འབྲེལ་བ་ཡོད་ཀྱི་རེད་བསམ་བྱུང་།   དེ་དེའི་ནང་གི་རྒྱུ་མཚན་གཅིག་ཡིན་རྒྱུ་རེད།   ཚང་མ་ཡིན་རྒྱུ་མ་རེད། 

དྲི་བ།   དགེ་འདུན་ཆོས་འཕེལ་བཙོན་ནས་གློད་རྗེས་ཁོས་ཆང་དང་ཐ་མ་འཐེན་རྒྱུ་ཇེ་མང་དུ་སོང་བ་དེའི་སྐོར་ལ་ཁྱེད་ལ་བསམ་ཚུལ་ཅི་ཞིག་འདུག

ལན།   དེ་ལ་ང་ཚོ་བོད་ལ་བཤད་སྟངས་གཉིས་ཡོད་པ་རེད།   གཅིག་དེ་ཆོས་ཀྱི་བཤད་སྟངས་རེད།   ཆོས་ལུགས་ཀྱི་ལྟ་བའི་སྟེང་ནས་བཤད་ན།   ང་ཚོ་བོད་བརྒྱུད་ནང་བསྟན་སྤྱི་དང་།   ལྷག་པར་དུ་ང་ཚོ་རྙིང་མའི་ལྟ་བ་དེ་ལ།   བར་གཅིག་ལ་ཐོན་སོང་ན།  ལྟ་བ་ཚད་མཐོན་པོ་ཞིག་ལ་ཐོན་སོང་ན།  རེ་དོགས་གཉིས་ཀྱི་འཆིང་རྒྱ་ལས་ཐར་སོང་བའི་དུས་ཞིག་ཡོད་པ་རེད།  དེའི་སྐབས་དེ་ལ་གང་འདོད་འདོད་དང་ཅི་བསམ་བསམ་དེ་འདྲ་སྐྱོད་ཆོག་པའི་སྐབས་ཞིག་ཡོད་པ་རེད།  དེའི་ནང་དུ་འབྱོར་བའི་སྐྱོད་པ་ལྷུག་པོར་གཏོང་བ་ཞེས་འཇིག་རྟེན་གྱིས་ཅི་ཞིག་ཟེར་བ་ལ་འདང་བརྒྱག་གི་མ་རེད།  ང་ཚོ་ཆོས་ལུགས་ཀྱི་ཚད་གཞི་མཐོན་པོ་ཞིག་ལ་ཐོན་སོང་ན།  འཇིག་རྟེན་གྱིས་ཡག་པོ་རེད་ཟེར་ན་ཁོ་དགའ་རྒྱུ་མ་རེད།  འཇིག་རྟེན་གྱིས་བཙོག་པོ་རེད་ཟེར་ན་ཁོ་སྡུག་རྒྱུ་མ་རེད།  ཁྱོའི་དེ་འགྲིག་གི་མ་རེད་ཟེར་ན།   དེ་ལ་འགྲིག་མི་འགྲིག་གལ་ཡོད་པ་མ་རེད།   འཇིག་རྟེན་གྱི་ཡོད་མེད་ཡིན་མིན་གྱི་རྣམ་གཞག་གི་དྲ་རྒྱ་དེ་ཚོ་ལས་བུད་ཚར་བ་རེད།

དེ་ཡིན་ན།   ང་ཚོ་བོད་ཀྱི་ནང་བསྟན་སྤྱི་དང་།   ལྷག་པར་དུ་རྙིང་མ་བའི་ལྟ་བ་ནང་ལྟར་ཡིན་ན་ཚད་མཐོན་པོ་ཞིག་ལ་སླེབས་ན་དེ་འདྲའི་ཚད་ལ་ཐོན་རྒྱུའི་དུས་ཞིག་ཡོད་པ་རེད།  གཞན་ཚོས་བཤད་ན་ཁོ་དེའི་ཚད་ལ་སླེབས་སོང་བ་རེད་ཟེར་རྒྱུ་ཞིག་ཡོད་པ་རེད།  དེ་ང་ཚོའི་ཆོས་ཀྱི་སྟེང་ནས་བཤད་ཕྱོགས་རེད།   ངས་དེ་འདྲ་རེད་ཅེས་བཤད་ཤེས་ཀྱི་མེད།   མ་རེད་ཅེས་ཀྱང་བཤད་ཤེས་ཀྱི་མེད།  དེ་ང་ཚོའི་ཆོས་ཀྱི་སྟེང་གི་བཤད་ཕྱོགས་ཞིག་རེད།

སྲིད་ཀྱི་སྟེང་གི་བཤད་ཕྱོགས་དེ་ལ་ངས་འདང་ཞིག་བརྒྱབ་ན།   ང་དེ་ལ་ཡག་པོ་བཤད་རྒྱུ་མེད།   དེ་ངས་བལྟས་ན་ཕལ་ཆེར་ཁོ་བོད་ཀྱི་སྤྱི་ཚོགས་དེ་ལ་ཧ་ལམ་ཡིད་ཆད་སོང་བ་དེ་འདྲ་ཞིག་ཨེ་ཡིན་བསམ་བྱུང་།   ཁོའི་བསམ་པར་ཁོ་ལ་རེ་བ་ཡོད་མ་སོང་།   ཁོ་རང་རང་གི་སྤྱི་ཚོགས་ཀྱི་གོ་གནས་དེ་ལ་འདང་ཞིག་བརྒྱབ་ན།   སྤྱི་ཚོགས་ཀྱི་རིམ་པ་འདི་འདྲ་མང་པོ་ཡོད་ན།   ཁོས་སྤྱི་ཚོགས་ཀྱི་སྟེང་ལ་འཁྱེར་ཡོང་བའི་ནུས་པ་དེ།   ཁོ་རང་གི་ནུས་པ་དེ་།   ཁོས་སྤྱི་ཚོགས་ལ་ཤུགས་རྐྱེན་གཏོང་བའི་ནུས་པ་དེ་ལ།མ་གཞི་ཁོ་རང་གིས་རེ་བ་ཆེན་པོ་ཞིག་བཅངས་ཡོད་པ་རེད།  བོད་ཀྱི་སྤྱི་ཚོགས་དེ་ལ་འདི་འདྲའི་ཕན་ཞིག་ཐོགས་རྒྱུ་རེད།   འདི་འདྲའི་ནུས་པ་ཞིག་ཐོན་རྒྱུ་རེད།   འདི་འདྲའི་ཤུགས་རྐྱེན་ཞིག་ཐེབས་རྒྱུ་རེད་ཅེས་དེ་འདྲ་མང་པོ་ཞིག་བསམ་ཡོད་པ་རེད།   ཡིན་ནའང་ལག་ལེན་གྱི་ནང་དུ་ཁོས་བཤད་པ་དེ་འདྲ་མང་པོ་ཞིག་ལམ་དུ་སོང་ཡོད་པ་མ་རེད།   མ་སོང་ན་རྗེས་ནས་བཙོན་ཁང་ནང་དུ་སོང་།   དེ་ནས་ང་ཚོ་བོད་ཀྱི་གུ་དོག་པོའི་བསམ་བློ་དེ།   ནང་ནས་ཕན་ཚུན་འཁྲུག་རྩོད་བྱེད་ཀྱི་ཡོད་པ་དེ།   གཅིག་གིས་གཅིག་ལ་དེ་འདྲ་བྱེད་ཀྱི་ཡོད་པ་དེ་དག་མང་པོ་ཞིག་མཐོང་ནས།  བོད་ཀྱི་སྤྱི་ཚོགས་དེ་ལ་ཡང་བསྐྱར་ཁོས་གོ་བ་ཞིག་བླངས་ནས།  ད་ང་རང་གི་བྱ་བ་དོན་དག་མང་པོ་དེ་ཚོ་འགྲུབ་ཐུབ་རྒྱུ་མ་རེད་ཅེས་ཕལ་ཆེར་ཁོ་རང་ཡིད་ཆད་དེ།   ཁོ་རང་གི་གསུངས་ཀྱི་ནང་ན།   འཛམ་གླིང་ན་དཀོན་པའི་བེྟྲུརྱའི་བུམ་པ་ཞིག་རྡོ་ལ་བརྒྱབ་སོང་བ་རེད།  ད་ནི་གང་ལྟར་བྱས་ན་ཆོག་གི་རེད་ཅེས་འདི་འདྲའི་གསུངས་ཞིག་གསུངས་ཡོད་པ་རེད།   ཁོས་རང་གིས་རང་ལ་གདེང་འཇོག་ལེགས་པོ་ཞིག་ཡོད་པ་རེད།   ཁོས་ཧ་ལམ་འདི་འདྲའི་ནུས་པ་ཞིག་ཐོན་ཆོག་རྒྱུ་རེད།   བོད་སྤྱི་ཚོགས་ལ་འདི་འདྲའི་ཕན་པ་འཁྱེར་ཡོང་རྒྱུ་རེད་བསམ་པ་ཡིན་ཏེ།    ད་ལྟའི་བོད་སྤྱི་ཚོགས་འདི་ལ་བལྟས་ན་ཐུབ་རྒྱུ་མ་རེད་བསམ་ནས།    ཁོ་ཕལ་ཆེར་ཡིད་ཆད་སོང་བ་མིན་ནམ་ཞེས་ཆོས་ལུགས་མིན་པ་སྲིད་ཀྱི་ཐོག་ནས་བཤད་ན་ངས་དེ་འདྲའི་རྒྱུན་རྐྱེན་ཞིག་མིན་ནམ་བསམ། 

དྲི་བ།  དགེ་འདུན་ཆོས་འཕེལ་བོད་ཀྱི་ལོ་རྒྱུས་ཐོག་གི་བླ་མ་སྨྱོན་པའི་གྲས་ལྟ་བུ་ཞིག་རེད་དམ།

ལན།   ད་དེ་ལ་ངས་རེད་ཅེས་བཤད་ན་ཆོག་རྒྱུ་རེད་བསམ་གྱི་འདུག    དེ་འདྲའི་ཨ་ལགས་སྨྱོན་པ་ཞིག་རེད་ཅེས་བཤད་ན་མི་འགྲིག་རྒྱུ་ཡོད་པ་མ་རེད།   འོན་ཀྱང་ང་ཚོའི་བོད་ཀྱི་སྨྱོན་པ་དེ་ལ་གོ་བ་གཉིས་ལེན་རྒྱུ་ཡོད་པ་རེད།   རྒྱ་ནག་གི་བཤད་སྟངས་ལྟར་སྨྱོན་པ་ཡག་ག་གཅིག་དང་བཙོག་ག་གཅིག་ཅེས་དེ་འདྲའི་གོ་རིམ་ཞིག་ཡོད་པ་རེད།   ང་ཚོའི་སྤྱིར་བཏང་གི་འཚོ་བའི་ནང་གི་སྨྱོན་པ་ཟེར་བ་དེ་སྨྱོན་པ་སྨྱོན་པ་རེད།   དེ་བསྟོད་པ་ཞིག་མ་རེད།    སྨད་པ་ཞིག་རེད།   ང་ཚོ་བོད་སྤྱི་ཚོགས་ལ་བསྟོད་པའི་ཆ་ནས་ཀྱང་སྨྱོན་པ་ཞིག་ཡོད་པ་རེད།   དེ་ང་ཚོའི་སྔོན་མའི་བོད་ཀྱི་སྤྱི་ཚོགས་ནང་དུ་སྨྱོན་པ་ཟེར་བ་སྐོར་ཞིག་ཡོད་པ་རེད།  ལྷ་ས་ལ་དབུས་སྨྱོན་ཟེར་བ་ཞིག་ཡོད་པ་རེད།   གཙང་ལ་གཙང་སྨྱོན་ཟེར་བ་ཞིག་ཡོད་པ་རེད།  འབྲུག་ལ་འབྲུག་སྨྱོན་ཟེར་བ་ཞིག་ཡོད་པ་རེད།  དེའི་མིང་ལ་བོད་ཀྱི་སྨྱོན་པ་རྣམ་གསུམ་ཞེས་བོད་ཀྱི་ལོ་རྒྱུས་སྟེང་གི་སྨྱོན་པ་གསུམ་རེད།  དེ་ཚོ་ཚང་མ་ག་རེ་རེད་ཟེར།  དེ་ཚོ་ཆོས་ལུགས་ཀྱི་ཐོག་ནས་ནང་དོན་རིག་པའི་ཐོག་ནས་ཁོ་ཚོ་ལྟ་བ་མཐོར་པོར་བུད་ཚར་བ་རེད།  ང་ཚོ་འཇིག་རྟེན་པའི་ལྟ་བ་དང་ཁོ་ཚོའི་ལྟ་བ་འདྲ་གི་མ་རེད།  མ་འདྲ་ན་ང་ཚོས་བལྟས་ན་ཁོ་སྨྱོས་ཡོད་པ་འདྲ་ཞིག  ཁོས་བལྟས་ན་ང་ཚོ་སྨྱོས་བསྡད་ཡོད་པ་དེ་འདྲ་ཞིག་ཡོད་པ་རེད།  ང་ཚོའི་ཁ་དཔེ་ལ།   མི་ལས་བལྟས་ན་འཁོར་བ་སྨྱོ། འཁོར་བས་བལྟས་ན་མི་ལ་སྨྱོ་ཟེར།མི་ལ་རས་པ་ནི་ཟ་རྒྱུ་གོན་རྒྱུ་གང་ལའང་ཡག་བཙོག་མི་བལྟ་མཁན།    ཐ་ན་ཁོ་འཇིག་རྟེན་པའི་ལུགས་ལྟར་ངོ་ཚ་ཤེས་ཀྱི་མ་རེད།   ཁོའི་སྲིང་མོ་ཡོང་ན་ཁོས་གོན་རྒྱུ་མ་གོན་པར་གཅེར་ཧྲེང་ལ་འགྲོ་བ་དེ་ལྟར་བྱེད་ཀྱི་རེད།   དེ་ལ་སོགས་པ་ང་ཚོ་འཇིག་རྟེན་པས་བལྟས་ན་དེ་སྨྱོན་པ་རེད།   ཁོ་སྨྱོ་བསྡད་འདུག་དེ་འདྲ་ཟེར་གྱི་རེད།  མི་ལ་རས་པ་ཁོ་རང་ལ་གནས་ལུགས་ཞིག་ཡོད་པ་རེད།   ཁོ་རང་གི་གནས་ལུགས་དེ་མཚན་ཉིད་རིག་པའི་འཇིག་རྟེན་ལྟ་བ་ཞིག་ཡོད་པ་རེད།   ཁོས་བལྟས་ན་ཁྱེད་ཚོའི་གནས་ལུགས་བྱེད་སྟངས་འདི་ཚོ་སྨྱོན་པ་རེད།  ངའི་འདི་འདྲ་བྱས་ན་གནས་ལུགས་ཡག་པོ་རེད་ཅེས་ཞེས་གསུངས་ཡོད་པ་རེད།   དེ་འདྲའི་མིང་ལ་ང་ཚོ་འཇིག་རྟེན་པས་སྨྱོན་པ་ཟེར་གྱི་རེད།   འདིའི་སྐབས་ཀྱི་སྨྱོན་པ་དེ་སྨད་པའི་ཆ་ནས་སྨྱོན་པ་མ་རེད།   བསྟོད་པའི་ཆ་ནས་སྨྱོན་པ་རེད།   གཙང་སྨྱོན་ཧེ་རུ་ཀ་ཟེར་ན།   འབྲུག་སྨྱོན་ཟེར་ན།  དབུས་སྨྱོན་ཟེར་ན་དེ་ཚོ་ཚང་མ་བསྟོད་པ་རེད།   བོད་ཀྱི་སྨྱོན་པ་རྣམ་གསུམ་ཟེར་ན་དེ་ཡག་པོ་ཞིག་རེད།     དེ་ནས་བཅིངས་འགྲོལ་མ་བྱས་སྔོན་གྱི་ལྔ་བཅུ་ང་བརྒྱད་ཡར་སྔོན་ལ།   ཡུས་ཧྲུའུ་ས་ཆ་འདི་ཁུལ་དུ་སྨྱོན་པ་ཟེར་རྒྱུ་སྐོར་ཞིག་ཡོད་པ་རེད།  དེ་ཚོ་ཚང་མ་སྨྱོན་པ་ཡིན་བཏང་ན་ཕལ་ཆེར་གྲུབ་ཐོབ་འདྲ་འདྲ་དེ་འདྲ་ཞིག་ལ་གོ་བ་ལེན་དགོས་རྒྱུ་རེད།   འོ་ན་དགེ་འདུན་ཆོས་འཕེལ་སྨྱོན་པ་རེད་ཟེར་བ་དེ།   ཁོ་བསྟོད་པའི་ཆ་ནས་སྨྱོན་པ་ཡིན་དང་སྨད་པའི་ཆ་ནས་སྨྱོན་པ་ཡིན་ཟེར་རྒྱུ་དེ་ཁག་པོ་ཞིག་རེད་དེ།   སྨྱོན་པ་ཟེར་ན་ཆོག་ཆོག་གི་རེད། དེ་ག་རེ་རེད་ཟེར་ན།  ཁོའི་ལྟ་བ་དང་ལྟ་ཚུལ་དེ་དག་འཇིག་རྟེན་ཕལ་བ་དང་ཏོག་ཙམ་མི་མཐུན་ན་འཇིག་རྟེན་པས་དེ་ལ་སྨྱོན་པ་ཟེར་གྱི་རེད།   མཚན་ཉིད་རིག་པའི་ཆ་ནས་བཤད་ན་དེ་ལ་ནང་དོན་ཡོད་པ་མ་རེད།  

དྲི་བ།   ཚིག་སྙིང་སྡུས་ཞིག་གི་ཐོག་ནས་དགེ་འདུན་ཆོས་འཕེལ་ངོ་སྤྲོད་ཅིག་གནང་རོགས།

ལན།   ང་རང་གི་ལྟ་ཚུལ་ཡིན་ན་ཚིག་ཉུང་སྡུས་ཞིག་གིས་བཤད་ན་དགེ་འདུན་ཆོས་འཕེལ་ཟེར་བ་དེ་དུས་རབས་ཉི་ཤུ་བའི་དཀྱིལ་ཙམ་ལ་བྱུང་བའི་བོད་ཀྱི་བསམ་བློ་བ་ཞིག་དང་གསར་གཏོད་པ་ཞིག་རེད་བསམ།