ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

སློབ་དཔོན་དཔའ་བོའི་མཛད་རྣམ་རགས་བསྡུས།

སྤེལ་དུས 2012-05-31 ཡོང་ཁུངས། ཆོས་གྲོགས་དྲ་བ། རྩོམ་པ་པོ། བསྟན་འཛིན་གྱིས་བསྒྲིགས།

  རྒྱལ་བ་མ་ལུས་གང་ནས་གཤེགས་པའི་ཤུལ། །

རྒྱལ་སྲས་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །

རྒྱས་སྲས་སྤྱོད་པར་སློབ་པའི་གཞུང་མཛད་པོ། །

རྒྱལ་བའི་སྲས་མཆོག་དཔའ་བོའི་ཞབས་ལ་འདུད། །

      ཅེས་མཆོད་པར་བརྗོད་པས་མདུན་བསུས་ཏེ་སློབ་དཔོན་དཔའ་བོའི་མཛད་རྣམ་རགས་རིམ་ཙམ་ཞིག་སྐྱེས་རབས་དོན་གསལ་ལས་བཏུས་ཏེ་འདིར་འཆད་པར་བྱའོ། །དེ་ཡང་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་སྟོན་པའི་གཞུང་མཆོག་ཏུ་གྱུར་པ་སྐྱེས་རབས་སོ་བཞི་པ་ཞེས་ཡོངས་སུ་གྲགས་པའི་ཐེག་པ་ཆེན་པོའི་བསྟན་བཅོས་འདི་མཛད་པ་པོ་ནི་མཁས་མཆོག་དཔའ་བོ་ཞེས་སྲིད་པ་གསུམ་ན་ཡོངས་སུ་གྲགས་པ་དེ་ཡིན་ལ།   བདག་ཉིད་ཆེན་པོ་དེ་ནི་ཁ་ཆེའི་ཡུལ་ཤཱ་ཀེ་ཏ་ཀ་ཞེས་བྱ་བར་བྲམ་ཟེ་འབྱོར་བ་དང་ལྡན་པ་ཞིག་གི་ཁྱིམ་དུ་ཡབ་བྲམ་ཟེ་སིངྒྷ་གུ་ཧྱ་ཞེས་པ་དང་།   ཡུམ་གསེར་མིག་མའམ་བདེ་ལྡན་མ་ཞེས་པ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་མང་པོ་དང་བཅས་ཏེ་འཁྲུངས་སོ། །སློབ་དཔོན་འདིའི་འཁྲུངས་ཡུལ་དང་།   ཡབ་ཡུམ་གྱི་མཚན་སོགས་སྔོན་གྱི་ཆོས་འབྱུང་ཕལ་མོ་ཆེར་ནི་མི་གསལ་ཞིང་། བཤད་པ་རྣམས་ནའང་མི་མཐུན་པ་ཆེས་མང་ཡང་།   སློབ་དཔོན་འདི་ཉིད་ཀྱིས་མཛད་པའི་སངས་རྒྱས་ཀྱི་སྤྱོད་པ་བསྟན་པ་ལས།   ཡུལ་ཤཱ་ཀེ་ཏ་ཀའི་གསེར་མིག་མའི་བུ་བཙུན་པ་རྟ་དབྱངས་ཞེས་འབྱུང་ཞིང་།  སློབ་དཔོན་འདི་ཉིད་ཀྱིས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་ལས། སྨན་པའི་བདག་པོ་དགེ་འདུན་གསང་བའི་བུ་ཕ་ཁོལ་ཞེས་འབྱུང་།   དེའི་འགྲེལ་པ་གནད་ཀྱི་ཟླ་སྐར་ཞེས་བྱ་བ་སློབ་དཔོན་དཔའ་བོ་ཉིད་ཀྱི་དབོན་སྲས་ཁ་ཆེའི་པཎྜི་ཏ་ཟླ་དགས་མཛད་པ་ལས།   བདག་གི་མེས་པོར་གྱུར་པ་ནི། །དཔའ་ཆེན་དགའ་བ་ཞེས་གྲགས་ཡིན། །དེ་ནི་ད་ལྟའང་ས་གསུམ་ན། །གྲགས་པ་དྲི་མེད་སྒྲོག་པར་བྱེད། །དེ་ཡི་བུར་གྱུར་ཆགས་བསལ་དགའ། །དེའི་བུ་ཟླ་བ་ལ་དགའ་བདག །སློབ་དཔོན་བློ་གྲོས་ཆེན་པོ་ནི། །རྒྱུན་ཤེས་དོན་ལྡན་མིང་བཏགས་པ། །དོན་དམ་ཞེས་བྱ་སྨན་པའི་མཆོག །ཁ་ཆེའི་ཡུལ་དུ་སྐྱེས་པ་ཡིན། །རྒྱལ་པོ་དཔལ་ལྡན་ཐ་ཁ་ན། །དཔའ་བོ་ལ་སོགས་ཡོན་ཏན་ལྡན། །ས་སྟེང་དགྲ་ལས་རྒྱལ་བ་ཡི། །ས་བདག་ཀུན་ཏུ་རྒྱལ་གྱུར་ཅིག །ཅེས་སློབ་དཔོན་དཔའ་བོའི་འཁྲུངས་ཡུལ་ཁ་ཆེ་ཡིན་པར་བསྟན་པ་ལྟར་འདིར་བཀོད་དོ། །དེ་ལྟར་བྲམ་ཟེའི་རིགས་སུ་འཁྲུངས་པ་ན་ཡབ་ཡུམ་གྱིས་མཚན་མཁན་ལ་བསྟན་པས། མཚན་བཟང་བར་རྟོགས་ནས་བསྔགས་པ་ཆེར་བྱས་ཤིང་དཔའ་ཆེན་དགའ་བ་བདུད་རྩིའི་བུམ་པ་ཅན་ཞིག་མིང་དུ་བཏགས་སོ། །སློབ་དཔོན་འདི་ལ་དཔའ་བོ་ཞེས་མཚན་ཡོངས་སུ་གྲགས་པའང་འཁྲུངས་མ་ཐག་ཡབ་ཡུམ་དང་་མཚན་མཁན་གྱིས་བཏགས་པ་དེར་མངོན་ནོ། །

    དེ་ནས་ཡི་གེ་འབྲི་ཀློག་ལ་སྦྱངས་པས་གཟིགས་པ་ཙམ་གྱིས་འབྲི་ཀློག་གཉིས་ཀ་དུས་གཅིག་ཏུ་ཐོགས་པ་མེད་པར་མཁྱེན་ཅིང་རིག་གནས་གང་དང་གང་ལའང་བློ་གྲོས་ཐོགས་པ་མེད་པ་ཞིག་བྱུང་བས།   བློ་གྲོས་ཆེན་བའི་ཚུལ་ལ་ཀུན་གྱིས་བསྔགས་ཏེ་མ་ཏི་ཙིཏྲ་ཞེས་མིང་དུ་ཆགས། མ་ཏི་ཙིཏྲ་ནི་བོད་སྐད་དུ་བློ་གྲོས་བཀྲ་བའོ། །དེ་ནས་རིགས་དང་མཐུན་པར་བྲམ་ཟེའི་རིག་བྱེད་བཞི་ལ་སྦྱངས་པས་མཁས་པའི་ཡུལ་དུ་ཕྱིན་ཅིང་། དེའི་ཚེ་རིག་བྱེད་འདོན་པ་ལ་སྐད་ཀྱི་གདངས་ཤིན་ཏུ་སྙན་པས་རྟ་དབྱངས་ཞེས་མིང་དུ་གྲགས།   ཕ་མ་གཉིས་ལ་ཤིན་ཏུ་གུས་ཤིང་སྲི་ཞུ་ཆེ་བ་བྲན་ལྟར་བྱེད་པ་ཞིག་ཡོད་པས་ཕ་ཁོལ་དང་མ་ཁོལ་ཞེས་སྐྱེ་བོ་རྣམས་ཀྱིས་མིང་དུ་བརྗོད་དོ། དེ་ནས་ཡུམ་དེ་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་གུས་པས་རྒྱལ་བའི་བསྟན་པ་གཟུད་པར་འདོད་ཀྱང་རིགས་ཀྱི་དབང་གིས་དབང་ཕྱུགས་ལ་སྐྱབས་སུ་བཟུང་སྟེ་མུ་སྟེགས་རྟག་སྨྲ་བའི་གྲུབ་མཐའ་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཅིང་། དེ་ནས་དབང་ཕྱུག་གི་བླ་མཚོ་ཡོད་པའི་སར་ཕྱིན་ཏེ་དབང་ཕྱུག་མ་མཐོང་གི་བར་དུ་བསྒྲུབ་པ་དམ་བཅས་ཏེ།   དབང་ཕྱུག་གི་མཚོའི་ནང་དུ་ཞུགས་ནས་ཁྲུས་དང་རིག་སྔགས་ཀྱི་སྦྱོར་བ་རྣམས་ཚང་བར་བྱས་ཏེ་སྔགས་རྒྱུན་མ་ཆད་པར་བཟླས་པས་ཞག་བདུན་སོང་བ་ན་དབང་ཕྱུག་ཆེན་པོ་དངོས་སུ་མཐོང་སྟེ་དངོས་གྲུབ་ཅི་འདོད་ཅེས་ཟེར་བ་ན། བདག་ཕྱོགས་ལས་རྣམ་པར་རྒྱལ་བ་ཞིག་འདོད་དོ་བྱས་པས།   མངལ་སྐྱེས་ཐམས་ཅད་ཀྱིས་ཐུབ་པ་མེད་པར་གྱུར་ཅིག་ཅེས་མཆོག་སྦྱིན་ཞིང་།   དེའི་རྩར་ཚངས་པ་བཀུག་ནས་འདི་རྩོད་པ་བྱེད་པའི་དུས་སུ་ནེ་ཙོ་པཎྜི་ཏར་སྤྲུལ་ལ་འདིའི་གྲོགས་གྱིས་ཤིག །ཁྱབ་འཇུག་བཀུག་ནས་ཐོད་ལེ་ཀོར་པཎྜི་ཏར་སྤྲུལ་ལ་འདིའི་གྲོགས་གྱིས་ཤིག །ཨུ་མ་དེ་ཝི་བཀུག་སྟེ་སྲིང་མོ་པཎྜི་ཏར་སྤྲུལ་ལ་འདིའི་གྲོགས་གྱིས་ཤིག་ཅེས་བསྒོའོ། །དེ་བཞིས་ཀྱང་མ་ཐུབ་ནང་ཉིད་སྙིང་ལ་ཞུགས་ནས་བྱིན་གྱིས་བརླབས་ཏེ་ཕྱོགས་ལས་རྣམ་པར་རྒྱལ་བར་བྱའོ་ཞེས་ཁས་བླངས་སོ། དེ་ནས་ཡུལ་དེ་ན་གནས་པའི་ནང་པ་སངས་རྒྱས་པ་རྣམས་རྩོད་པས་ཕམ་པར་བྱས་ཏེ་འགའ་ཞིག་མུ་སྟེགས་པའི་གྲུབ་མཐའ་ལ་བཙུད། འགའ་ཞིག་དབང་ཐང་དང་བྲལ་བར་བྱས།   འགའ་ཞིག་ཡུལ་གཞན་དུ་སྤྱུགས་ཏེ་ཕྱོགས་དེའི་སངས་རྒྱས་ཀྱི་བསྟན་པ་ནུབ་པར་བྱས་སོ། །མུ་སྟེགས་པའི་ནང་ནས་ཀྱང་དབང་ཕྱུག་ལ་སྐྱབས་སུ་བཟུང་སྟེ་རྟག་པར་སྨྲ་བ་རྣམས་མ་གཏོགས་མུ་སྟེགས་པའི་གྲུབ་མཐའ་སྨྲ་བ་གཞན་མང་པོ་ཞིག་ཀྱང་ཚར་བཅད་དོ། །དེ་ནས་ཡུལ་གཞན་དང་གཞན་དག་ཏུའང་ཕྱིན་ཏེ་ཕྱི་ནང་གི་རྒོལ་བ་རྣམས་ཚར་བཅད་དེ་ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་ཐོབ་པ་ན་མུ་སྟེགས་ཐུབ་དཀའ་ནག་པོ་ཞེས་མིང་དུ་གྲགས་སོ། །

      དེ་ནས་མ་ལ་ཁོ་བོས་རྒོལ་བ་རྣམས་ཚར་བཅད་དེ་ཕྱོགས་ལས་རྣམ་པར་རྒྱལ་བ་ཐོབ་པོ་ཞེས་སྨྲས་པས།   མ་དེ་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་གུས་པས་སྙིང་མི་དགའ་བར་གྱུར་ཏེ། འདི་ནཱ་ལནྡྲེར་བཏང་ན་མཁས་པ་རྣམས་ཀྱིས་ཚར་བཅད་དེ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པ་སྲིད་དོ་སྙམ་དུ་རྗེ་བཙུན་སྒྲོལ་མ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བ་བཏབ་ནས་རྟ་དབྱངས་ལ་སྨྲས་པ། བུ། ཁྱོད་ཀྱིས་ཚར་བཅད་པའི་སངས་རྒྱས་པ་དེ་དག་ནི་མཐའ་འཁོབ་ཀྱི་ཡུལ་ན་གནས་པ་ཆུ་ཐིགས་ཙམ་དུ་ཟད་ཀྱི།   ཡུལ་དབུས་ན་གནས་པའི་སངས་རྒྱས་པ་ནི་རྒྱ་མཚོ་ཆེན་པོ་དང་མཚུངས་སོ། །དེ་བས་ན་བུ་ཁྱོད་ཀྱིས་ཡུལ་དབུས་སུ་ཕྱིན་ཏེ་ནཱ་ལེནྡྲའི་མཁས་པ་རྣམས་དང་རྩོད་པ་བྱས་ནས་དེ་དག་ཕམ་པ་བྱས་ན་ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་གདོད་ཐོབ་བོ་བྱས་པས།   རྟ་དབྱངས་དབང་ཕྱུག་གིས་མཆོག་བྱིན་པའི་ང་རྒྱལ་གྱིས་བསྙེམས་པས་ཡུལ་དབུས་ཀྱི་ནང་པ་སངས་རྒྱས་པ་དེ་དག་ཐམས་ཅད་ཁོ་བོས་རྩོད་པས་སུན་ཕྱུང་སྟེ་ཕྱོགས་ལས་རྣམ་པར་རྒྱལ་བར་བྱའོ་ཞེས་ཁས་བླངས་ནས་ནཱ་ལེནྡྲར་ཆས་སོ།  དེ་ནཱ་ལེནྡྲར་དང་ཉེ་བའི་ལམ་ཁ་དབྲག་གཅིག་ཏུ་སླེབས་པ་ན། བུད་མེད་ཅིག་ལ་ནཱ་ལེནྡྲའི་ལམ་གང་ཡིན་དྲིས་པས།   རྨོངས་པ་མཐའ་འཁོབ་ཀྱི་མི་སྒྲ་མི་ཤེས་པ་ཞིག་ཡིན་འདུག །ཤྲཱི་ནཱ་ལེནྡྲ་བྱ་བ་ཡིན་ཟེར་ནས་ལམ་བསྟན་པས་སྤུ་ཟིང་བ་ཞིག་བྱུང་།   ཡང་བུད་མེད་ཅིག་ལ་ལམ་དྲིས་པས་སྔར་བཞིན་ཟེར་ནས་ལམ་བསྟན། ནཱ་ལེནྡྲ་ན་རྩོད་པ་ལ་མཁས་པའི་པཎྜི་ཏ་ཇི་ཙམ་ཡོད་དྲིས་པས།   རྨོངས་པ་ལམ་འཁྱམས་པ་བདེན་འདུག །གངྒཱའི་འགྲམ་གྱི་བྱེ་མའི་གྲངས་ཙམ་མོ་ཟེར། བུད་མེད་དེ་གཉིས་ཇོ་མོ་སྒྲོལ་མའི་སྤྲུལ་པ་ཡིན་ཞེས་གྲགས། དེར་རྟ་དབྱངས་ཀྱི་བསམ་པ་ལ། །སྔར་མས་ཇི་ལྟར་ཟེར་བ་དེ་དང་མཐུན་པར་བྱུང་བས་བདེན་ནམ་སྙམ་པ་བྱུང་ཡང་། དབང་ཕྱུག་གིས་མཆོག་བྱིན་པའི་ང་རྒྱལ་གྱིས་བསྙེམས་ནས་ཤྲཱིནཱལེནྡྲ་ཞེས་བྱ་བའི་གནས་གནྡྷོ་ལ་ཆེན་པོ་བདུན། ལྷ་ཁང་ཆེན་པོ་བཅུ་བཞི། གླིང་ཕྲན་བརྒྱད་ཅུ་རྩ་བཞི། རྟེན་བྱིན་རླབས་ཅན་མང་པོ་དང་། པཎྜི་ཏ་མཁས་པ་སྟོང་ལྔ་བརྒྱ་ཡོད་པ་དེར་ཕྱིན་ཏེ།   ང་མུ་སྟེགས་རྟ་དབྱངས་བྱ་བ་ཡིན། ཁྱེད་དང་རྩོད་པ་བྱེད། ཁྱེད་རྒྱལ་ན་ང་ཆུ་བོ་གངྒཱ་ལ་འཆི་རུ་འགྲོ། ང་རྒྱལ་ན་ཁྱེད་རྣམས་ངའི་གྲུབ་མཐའ་ལ་འཇུག་དགོས་ཤིང་ཁྱེད་ཀྱི་གཙུག་ལག་ཁང་དང་ཆོས་རྣམས་ཀྱང་སྲེག་དགོས། དེའི་དཔང་པོ་ཡང་རྒྱལ་པོ་ལ་འཆོལ་བ་ཡིན་པས་དུས་ཐོབ་ཅིག་ཅེས་སྒྲ་བསྒྲགས་པས།   སུས་ཀྱང་ལན་ལྡོག་མ་ནུས་པ་ན།   དེའི་དགེ་འདུན་རྣམས་བགྲོས་ཏེ།   འདིས་ནི་རྒྱ་གར་ཤར་ནུབ་སོགས་ཀྱི་ནང་པ་ཐམས་ཅད་ཕམ་པར་བྱས་འདུག་པས་འུ་ཅག་གིས་མི་ཐུབ།   དཔལ་གྱི་རི་ན་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་བཞུགས་པ་དེ་མ་གཏོགས་རྟ་དབྱངས་ཀྱི་རྩོད་པ་བཟློག་ཐུབ་པ་གཞན་མེད། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་བཞུགས་པའི་གནས་དེ་ནི་བཤུལ་ཐག་རིང་ཞིང་བགྲོད་པར་དཀའ་བས་དུས་སུ་མི་སླེབ་ཅེས་ཐམས་ཅད་ཡིད་ཁོང་དུ་ཆུད་པ་ན།   པཎྜི་ཏ་ཞིག་གི་རྨི་ལམ་དུ་མུ་སྟེགས་ཀྱི་རྩོད་པ་བཟློག་པའི་ཐབས་སུ་ཆོས་སྐྱོང་མགོན་པོ་ལ་འཕྲིན་ལས་བཅོལ་ན་ཆོས་སྐྱོང་གི་སྤྲུལ་པས་སློབ་དཔོན་གདན་འདྲེན་པའི་ཕོ་ཉ་བྱེད་དོ་ཞེས་ལུང་བསྟན་བྱུང་བ་ལྟར་མཆོད་གཏོང་བཤམས་ཏེ་སློབ་དཔོན་ལ་ཞུ་འབུལ་གྱི་འཕྲིན་ཡིག་འདི་ལྟར། །ཤིན་ཏུ་འཁུར་དཀའ་ཁུར་གྱིས་ལུས་དུབ་ཁྱུ་མཆོག་རྣམས་ནི་ཁྱོད་ལ་གསོལ་འདེབས་ན། །ཀྱེ་མ་རྨ་མེད་ཉིད་དུ་རོལ་བ་འབའ་ཞིག་གིས་ནི་རབ་ཏུ་འཁྲུག་བྱེད་དམ། །འདི་ན་ནུས་ལྡན་གཞན་མེད་འཁོར་ལོ་བྱིང་བ་ཅན་གྱི་ཤིང་རྟ་མྱུར་དུ་དྲོངས། །ལྟ་ཞིང་འདུག་གམ་ཡུན་རིང་གནས་ཀྱང་འདི་ནི་ཁྱོད་ཀྱི་ཁུར་ཡིན་ཕྲག་པར་ལོངས། །ཞེས་པ་བྲིས་ཏེ་གཏོར་མའི་སྟེང་དུ་བཞག་ནས་མགོན་པོ་ལ་མཆོད་གཏོར་རྒྱ་ཆེན་པོ་ཕུལ་ཏེ་འཕྲིན་ལས་དྲག་ཏུ་བསྐུལ་བ་ན། མགོན་པོའི་རྡོ་སྐུ་རང་བྱུང་གི་ཐུགས་ཀ་ནས་བྱ་རོག་ཅིག་བྱུང་བ་དེས་འཕྲིན་ཡིག་མཆུས་བླངས་ཏེ་འཕུར་ནས་སོང་།   དཔལ་གྱི་རིར་བབས་ནས་སློབ་དཔོན་ཡབ་སྲས་ལ་འཕྲིན་ཡིག་གཏད་པ་དང་།   སློབ་དཔོན་གྱི་གཟིགས་ནས་མུ་སྟེགས་རྟ་དབྱངས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཉམས་དམས་པར་བྱེད་ཡོད་འདུག །དེ་བཟློག་པ་ལ་ང་འགྲོ་གསུངས་པས། འཕགས་པ་ལྷའི་ཞལ་ནས་སློབ་དཔོན་གཤེགས་མི་དགོས་བདག་གིས་དེ་འདུལ་ཞུས་པས། ཁྱོད་ཀྱིས་རྟ་དབྱངས་ཐུབ་མི་ཐུབ་བལྟའོ་གསུངས་ནས་ཡབ་སྲས་གཉིས་རེས་མོས་ཀྱི་ཚུལ་དུ་ཕྱི་ནང་གི་གྲུབ་མཐའ་བཟུང་ནས་རྩོད་པས། ནང་པའི་གྲུབ་མཐའ་སུས་ཟིན་རྒྱལ་བས་རྟེན་འབྲེལ་ལེགས་པར་འགྲིག །

      དེ་ནས་སློབ་དཔོན་ཨཱརྱ་དེ་བས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་གདམས་དང་བཅས་རྫུ་འཕྲུལ་གྱིས་བྱོན་པའི་ལམ་དུ་མུ་སྟེགས་ཀྱི་རིགས་ཀྱི་བུད་མེད་ཅིག་དངོས་གྲུབ་ཀྱི་རྫས་ཀྱི་དོན་དུ་དགེ་སློང་མཁས་པའི་མིག་དགོས་ཟེར་བ་ལ་སྤྱན་ཡ་གཅིག་སྦྱིན་པར་བཏང་བས་ས་གཡོས་པ་ལ་སོགས་པའི་ལྟས་ཁྱད་པར་ཅན་མང་དུ་བྱུང་། དེ་ནས་མུ་སྟེགས་རྟ་དབྱངས་ཀྱིས་ནཱ་ལེནྡྲར་རྒྱལ་པོ་དཔང་དུ་བཞག་སྟེ་རྩོད་པ་བྱེད་དོ་ཞེས་པའི་སྒྲ་ཕྱོགས་ཀུན་ཏུ་གྲགས་པ་དང་།   སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་གང་རིགས་ཤིག་ཀྱང་མུ་སྟེགས་རྟ་དབྱངས་འདུལ་བའི་དོན་དུ་ལྷོ་ཕྱོགས་དཔལ་གྱི་རི་ནས་ནཱ་ལེནྡྲར་འབྱོན་ནོ།   ཞེས་པའི་སྒྲ་ཕྱོགས་ཀུན་ཏུ་གྲགས་པ་ལ་བརྟེན་ནས་ཕྱི་ནང་གི་པཎྜི་ཏ་འབུམ་ཕྲག་དུ་མ་ནཱ་ལེནྡྲར་འདུས། སློབ་དཔོན་ཡང་དེར་ཕེབས་པ་ན་མུ་སྟེགས་རྟ་དབྱངས་ཀྱིས་ནང་པ་ཕྱིར་མི་གཏོང་། ཕྱི་པ་ནང་དུ་མི་གཏོང་ཟེར་ནས་སྒོར་ཉལ་ཏེ་ཕྱི་ནང་གི་འགྲུལ་བཅད། ནང་རེ་བཞིན་དགེ་འདུན་རྣམས་ཚ་བའི་དུས་སུ་གྲལ་དུ་འོངས་ནས་དབྱུ་གུས་གྲངས་མེད་འདྲེན་པར་བྱེད་པས་གསར་པ་ནང་དུ་འཇུག་དཀའ་བ་ཡོད་པས། སློབ་དཔོན་གྱིས་ཆུ་ལེན་ལ་ང་འོངས་སོ་གྱིས་གསུངས་པས་དེས་ཀྱང་དགེ་འདུན་རྣམས་ལ་ང་འོངས་སོ་ཟེར་བ་ཞིག་འདུག་བྱས་པས། དགེ་འདུན་རྣམས་དེ་སུ་ཡིན་མི་ཤེས་པས་བརྟག་པར་བྱའོ། ཞེས་ཆུ་ལུག་རྨིག་གང་མེ་ལོང་གི་སྟེང་དུ་བླུགས་ནས་བསྐུར་བས། སློབ་དཔོན་གྱིས་དེས་ཁྲུས་བྱས་ཆུ་མ་གོད་པར་ཡང་སློག་བཏང་བས་འཕགས་པ་ཡབ་སྲས་གང་རིགས་ཤིག་བྱོན་པར་ཤེས་ཏེ་སུ་ཡིན་ཞུས་པས། སློབ་དཔོན་ཀླུ་སྒྲུབ་ནི་མ་བྱོན།   སློབ་མ་ཨཱརྱ་དེ་བ་ཡོང་ནས་ཡོད་དོ་གསུངས་པས་དགེ་འདུན་རྣམས་དགའ་ཞིང་མགུ་ནས་མཆོད་པའི་བྱེ་བྲག་རྣམ་པ་མང་པོ་ཐོགས་ཏེ་སྒོ་ནང་ནས་བསུས་སོ། དེ་ནས་སློབ་དཔོན་གྱིས་རྟ་དབྱངས་ཆུ་གཏོར་བའི་སར་བྱོན་ཏེ་ཅི་བྱེད་དྲིས་པས། སྔར་ཤི་བའི་ཕ་མེས་རྣམས་ལ་སྟེར་བ་ཡིན་ཟེར།   སློབ་དཔོན་གྱིས་ང་ཡང་ལྷོ་ཕྱོགས་དཔལ་གྱི་རི་ན་ཤིང་སྡོང་སྐམ་པོ་ཞིག་ཡོད་པས་དེ་ལ་ཆུ་འཐོར་བ་ཡིན་གསུངས་ནས་གཏོར་བས། རྟ་དབྱངས་ན་རེ་དཔལ་གྱི་རི་ལ་འདི་ནས་ཆུ་གཏོར་བས་ཅི་ལ་ཕན་ཟེར་བ་ལ། འོ་ན་ཕ་མེས་སྔར་ཤི་བ་ལ་ད་ལྟ་ཆུ་གཏོར་བྱས་པས་ཅི་ལ་ཕན་གསུངས་པས་སྤོབས་པ་ལན་མེད་དུ་གྱུར། ཡང་རྟ་དབྱངས་འབབ་སྟེགས་ཀྱི་ཁྲུས་བྱེད་པ་ལ་ཅི་བྱེད་གསུངས་པས། སྡིག་སྦྱོང་ཟེར་བ་ལ། སློབ་དཔོན་གྱིས་གསེར་བུམ་མི་གཙང་བས་བཀང་བའི་ཕྱི་བཀྲུས་པས། རྟ་དབྱངས་ན་རེ་མི་གཙང་བ་ནང་ན་ཡོད་པ་ལ་ཕྱི་བཀྲུས་པས་ཅི་ལ་ཕན་ཟེར། འོ་ན་སྡིག་པ་སེམས་ལ་ཡོད་པ་ལ་ལུས་བཀྲུས་པས་ཅི་ལ་ཕན་གསུངས་པས་སྤོབས་པ་ལན་མེད་དུ་གྱུར། དེ་ནས་སློབ་དཔོན་གྱིས་ཚོགས་སུ་དགེ་འདུན་གྱི་གྲལ་སྨད་ཀྱི་ཆར་བཞུགས་པ་དང་། རྟ་དབྱངས་ཀྱིས་སྔར་བཞིན་བགྲངས་པས་གྲངས་ལྷག་པ་དང་། སྔོན་མེད་པའི་མགོ་ཟླུམ་ག་ན་ཡོད་ཟེར་བ་ལ། སློབ་དཔོན་གྱིས་མགོ་ཟླུམ་སྐེའི་སྟེང་ན་ཡོད་གསུངས་པས། རྩོད་པ་བྱེད་པར་ཤེས་ཏེ། བྱིའུ་ཞིག་འཆང་པར་བཅུག་སྟེ་འདི་ཤིའམ་གསོན་ཟེར་བ་ལ། དེ་ཁྱོད་ཀྱི་སྙིང་རྗེ་ལ་རག་ལས་སོ་ཞེས་གསུངས། ཐེམ་པ་ལ་ཞོན་ནས་ང་ཕྱིར་འགྲོའམ་ནང་དུ་འགྲོ་ཟེར་བ་ལ། དེ་ཁྱོད་ཀྱི་འདོད་པ་དང་དོན་སྤྲོད་གང་ན་ཡོད་པ་ལ་རག་ལས་སོ་ཞེས་གསུངས་པས་སྤོབས་པ་ལན་མེད་དུ་གྱུར་ཏོ། །

      དེ་ནས་རྟ་དབྱངས་ཀྱིས་ད་ང་རང་གཉིས་རྩོད་པར་བྱའོ་ཟེར་བ་ལ་སློབ་དཔོན་ཨཱརྱ་དེ་བས་དེ་ལྟར་བགྱིའོ་ཞེས་ཞལ་གྱིས་བཞེས། དེ་ནས་རྩོད་པའི་དུས་བཏབ་སྟེ་རྒོལ་བའི་དཀྱིལ་འཁོར་བཤམས་ནས་རྒྱལ་པོ་དཔང་དུ་བཞག་སྟེ་སུ་ཕམ་པ་དེ་རྩོད་པ་གང་རྒྱལ་བའི་ཕྱོགས་ཀྱི་བསྟན་པ་ལ་འཇུག་པར་བྱས། སློབ་དཔོན་གྱིས་མུ་སྟེགས་ཀྱི་དཔུང་གཉེན་སྲིང་མོ་པཎྜི་ཏ་དང་། ནེ་ཙོ་པཎྜི་ཏ་དང་། ཐོད་ལེ་ཀོར་པཎྜི་ཏ་རྣམས་ཀྱི་གཉེན་པོར་དགེ་བསྙེན་ངོ་ཚ་མེད་པ་དང་། བྱི་ལ་དང་། མར་ནག་བུམ་པ་གང་རྣམས་སྟ་གོན་བྱས། སང་ཉིན་རྩོད་པ་བྱེད་པའི་དོ་ནུབ་དབུས་སུ་རྒྱལ་པོ་དང་། གཡས་སུ་སློབ་དཔོན། གཡོན་དུ་རྟ་དབྱངས་ཀྱི་ཁྲི་བཤམས། རྟ་དབྱངས་ཀྱི་ཁྲིའི་སྟེང་གི་ཆར་ཀྲད་རྙིང་ལ་སོགས་པ་མི་གཙང་བའི་རྫས་ཀྱི་ཐུམ་བུ་བཏགས། རྒྱལ་ཕམ་ཤན་འབྱེད་ཀྱི་ཕྱི་ནང་གི་པཎྜི་ཏ་རྩོད་པ་མཐར་དབྱུང་གི་དཔང་པོ་འབུམ་ཕྲག་དུ་མའི་གདན་ཁྲི་ཡང་བཤམས་སོ། །

      ནང་པར་ཁྲི་སོ་སོར་འཁོར་དང་བཅས་པ་འཁོད་པའི་དབུས་སུ། ། རྟ་དབྱངས་ན་རེ། མིག་གཅིག་པ་འདི་ཅི་སྨྲ་ཞེས་ཟེར་བ་ལ། སློབ་དཔོན་གྱིས། དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། ། བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། ། ཨཱརྱ་དེ་བ་མིག་གཅིག་པ་ནི་གང་ཡིན་པས། ། སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང་། ། ཞེས་གསུངས་པས། རྟ་དབྱངས་ན་རེ། ཁྱོད་ཀྱིས་ངའི་རྩོད་ཟླ་མི་འོང་གིས་ངའི་སྲིང་མོ་འདི་དང་རྩོད་ཅིག ། སྲིང་མོས་ཀྱང་ལན་ཐོབ་ཟེར་བ་ན་སྲིང་མོ་ལྷ་མོ་ཨུ་མ་རྩོད་དུ་བྱུང་བས་དགེ་བསྙེན་ངོ་ཚ་མེད་པ་ལུས་གཅེར་བུར་ཕྱུང་བ་ཕོ་མཚན་གྱེན་དུ་བསྒྲེངས་པས་དེད་པས་ལྷ་མོ་ཨུ་མ་ངོ་ཚ་ནས་བྲོས་སོ། དེ་ནས་རྟ་དབྱངས་ཀྱིས་ངའི་ནེ་ཙོ་འདི་དང་རྩོད་ཅིག   ནེ་ཙོས་ཀྱང་ལན་ཐོབ་ཟེར་བ་ན་ཚངས་པའི་སྤྲུལ་པ་ནེ་ཙོ་རྩོད་དུ་བྱུང་བ་ལ་བྱི་ལ་བཏང་པས་ནེ་ཙོའི་སྐེ་བཅད་པས། རྟ་དབྱངས་ན་རེ། ནང་པ་སངས་རྒྱས་པར་མཁས་འཆེ་བ་དང་སྲོག་གཅོད་པ་འགལ། ཁྱོད་ལ་སྡིག་པ་འོང་ཟེར་བ་ལ། སློབ་དཔོན་ཨཱརྱ་དེ་བས་དཔལ་གྱི་རི་ན་སྡིག་སྦྱོང་བྱེད་པའི་སློབ་དཔོན་ཞུགས་ཡོད་གསུངས་པས། དེས་སྡིག་སྦྱོང་བྱས་པས་ཁྱོད་ཀྱི་སྡིག་པ་བྱང་ངམ་ཟེར་བ་ལ།   འོ་ན་བྱི་ལས་ནེ་ཙོ་བསད་པའི་སྡིག་པ་ང་ལ་འོང་ངམ་གསུངས་པས་སྤོབས་པ་ལན་མེད་དུ་གྱུར་ཏོ། །

      འདི་ནི་སྤྲུལ་པས་སྤྲུལ་པ་བཅོམ་པ་ཡིན་གྱིས་སྲོག་ཆགས་དངོས་བསད་པ་མིན་ཏེ། ཚངས་པའི་སྤྲུལ་པ། བྱི་ལ་རང་བཞིན་པས་གསོད་ཐུབ་པ་མི་སྲིད་པའི་ཕྱིར་རོ། །དེ་ནས་རྟ་དབྱངས་ཀྱིས་ངའི་ཐོད་ལེ་ཀོར་དང་རྩོད་ཅིག །ཐོད་ལེ་ཀོར་གྱིས་ཀྱང་ལན་ཐོབ་ཟེར་ནས་ཁྱབ་འཇུག་གི་སྤྲུལ་པ་ཐོད་ལེ་ཀོར་སོ་ཕག་གི་སྟེང་དུ་སྐྱུར་བྱུང་བས། སློབ་དཔོན་གྱིས་མར་ནག་གིས་བྱུགས་པས་རི་མོ་མ་བྱུང་བས་རྟ་དབྱངས་ངོ་གནོང་ཞིང་སྐྱེངས་པ་གྱུར་ཀྱང་། སྔར་དབང་ཕྱུག་གིས་མཆོག་བྱིན་པའི་རློམ་པས་སློབ་དཔོན་ཨཱརྱ་དེ་བ་དང་ལྷན་ཅིག་རང་བཞིན་ཡོད་མེད་དང་ལས་རྒྱུ་འབྲས་སོགས་ལས་བརྩམས་པའི་རྩོད་པ་ལ་ཞུགས་པ་ན། སློབ་དཔོན་ཨཱརྱ་དེ་བས་མུ་སྟེགས་ཀྱི་རྩ་བའི་གྲུབ་མཐའ་དབང་ཕྱུག་རྟག་པ་རང་བྱུང་གི་ཚད་མའི་སྐྱེས་བུར་སྨྲ་བ་དང་། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་དུ་སྨྲ་བ། སྤྱིའི་གཙོ་བོ་ཆ་མེད་དུ་སྨྲ་བ་སོགས་མུ་སྟེགས་རྟག་པར་སྨྲ་བའི་གྲུབ་མཐའ་ངན་པ་མཐའ་དག་དྲི་མ་མེད་པའི་རིགས་པ་སྟོང་གིས་སུན་ཕྱུང་སྟེ་རྣམ་པ་ཀུན་ཏུ་ཕམ་པར་བྱས་པའི་ཚེ། །ཐོག་མར་དེར་ཚོགས་པ་ཀུན་གྱི་གོ   བར་དུ་ཅུང་ཟད་རེ་ལས་མ་གོ   མཐར་གྲུབ་མཐའི་དཀའ་གནད་ཤིན་ཏུ་ཕྲ་བ་ལ་ཐུག་པའི་ཚེ་དཔང་པོ་རྣམས་ཀྱིས་ཤན་མ་ཕྱེད། དེའི་སྟོབས་ཀྱིས་རྒྱལ་པོས་ཚར་གཅོད་མ་ཤེས་ཀྱང་། སློབ་དཔོན་ཨཱརྱ་དེ་བའི་རིགས་པ་ཕྲ་མོ་རྣམས་ལ་རྟ་དབྱངས་ཀྱིས་ལན་མ་ཐེབས་པས་རྟ་དབྱངས་རྩོད་པའི་རིགས་པ་ཕམ་སྟེ། ད་རྫུ་འཕྲུལ་འགྲན་ཟེར་ནས་རྟ་དབྱངས་ཀྱིས་བརྒྱ་བྱིན་མིག་སྟོང་ཡོད་པར་སྤྲུལ་པ།   སློབ་དཔོན་གྱིས་ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་ཏེ་ཟིལ་གྱིས་མནན། རྟ་དབྱངས་ཀྱིས་ཁ་ནས་མེ་ཕྱུང་བ་སློབ་དཔོན་གྱིས་ཞབས་ནས་ཆུ་ཕྱུང་སྟེ་བསད། རྟ་དབྱངས་ཀྱིས་ནམ་མཁར་དཀྱིལ་འཁོར་བྲིས་པ་སློབ་དཔོན་གྱིས་རྫུ་འཕྲུལ་གྱིས་བསྲུབས་པས་རྩོད་པ་དང་། ནུས་པ་དང་། རྫུ་འཕྲུལ་གང་ཡང་འགྲན་མ་ནུས་པས་ཤིན་ཏུ་ངོ་ཚ་བར་གྱུར་ཅིང་དབང་ཕྱུག་སྙིང་ལ་ཞུགས་ཏེ་བྱིན་གྱིས་རློབ་པར་ཁས་བླངས་པ་ཡང་མི་གཙང་བའི་རྫས་ཀྱིས་འཁོར་མ་ནུས་པས། ལྷས་མང་པོའི་ངོར་བསླུས་སོ་ཞེས་སྨྲེ་སྔགས་བཏོན་ཏེ་སྔར་གྱི་ང་རྒྱལ་ཆེས་པས་ཤིན་ཏུ་སྐྱེངས་ཏེ་ཚངས་པའི་འཇིག་རྟེན་དུ་བྲོས་སོ་སྙམ་དུ་ནམ་མཁའ་ལ་འཕུར་ནས་བྲོས་པ་ན་སློབ་དཔོན་གྱིས་ཕྱི་བཞིན་དེད་པས་ནམ་མཁའི་མཐོ་སར་ཟིན་ཏེ།   ད་ཁྱོད་འདི་ཡན་ལ་མ་འགྲོ།   ཕྱིན་ན་རླུང་སྤུ་གྲི་ཅན་ཞེས་བྱ་བ་ཡོད་པས་དེས་ཁྱོད་ཀྱི་ལུས་དུམ་བུར་གཏུབ་པོ་གསུངས་པས།   དེ་ལྟར་ཡོད་པ་ཅིས་ཤེས་ཟེར་བ་ལ། འོ་ན་ཁྱོད་རང་གི་རལ་པ་གཅིག་ཆོད་ལ་བསྐྱུངས་གསུངས་པས། རྟ་དབྱངས་ཀྱིས་དེ་ལྟར་བྱས་པས་སྐྲ་རྡུལ་ཕྲན་བཞིན་དུ་སོང་བས་རྟ་དབྱངས་བྲེད་དེ་འགྲོ་མ་ནུས།   དེ་ནས་མར་ཁྲིད་དེ་ནཱ་ལེནྡྲེར་སླེབས་པ་ན་རལ་པ་བྲེགས་ཤིག་ཅེས་བསྒོ་ཡང་རལ་པ་འདྲེག་ཏུ་མ་བཏུབ་པར་ང་རང་གངྒཱར་འཆིར་འགྲོ་ཟེར་ཡང་།   རྒྱལ་པོས་རྟ་དབྱངས་བཀའ་སྡེ་སྣོད་མང་པོ་བཞུགས་པའི་གཙུག་ལག་ཁང་ཞིག་ཏུ་བཅུག་ནས་སྒོ་ལ་ལྕགས་གཟེར་གྱིས་བཏབ་སྟེ་བཞག་པས།   རྟ་དབྱངས་སྐྱོ་སྟེ་མདོ་རྒྱུད་བསྟན་བཅོས་རྣམས་ལ་བལྟས་པས། མུ་སྟེགས་རང་གཞུང་གི་གྲུབ་མཐའི་ཁས་ལེན་གཏན་ནས་མ་འཕྱུགས་ཀྱང་། འཕགས་པའི་རྩོད་རིག་ཤིན་ཏུ་རྣོ་བས་རྣམ་པ་ཀུན་ཏུ་ཕམ་པར་བྱས་པ་ནི་རང་གི་གྲུབ་མཐའི་གཏིང་རུལ་བའི་རྟགས་ཡང་དག་པར་ཤེས་ཤིང་། ལྷག་པར་འཇལ་དཔལ་རྩ་རྒྱུད་ཀྱི་གླེགས་བམ་བཀླགས་པས།   སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ལུང་བསྟན་པའི་ཚུལ་དང་། རང་ཉིད་ཀྱང་ལུང་བསྟན་པའི་ཚུལ་རྣམས་མཐོང་བས་རྒྱལ་བའི་བཀའ་ལ་སྙིང་ཐག་པ་ནས་ཡིད་ཆེས་ཏེ་ལས་རྒྱུ་འབྲས་ཀྱི་ཆོས་ཟབ་མོ་ལ་སྐུར་བ་བཏབ་པའི་རྣམ་སྨིན་ལ་ནི་འཇིགས། སྔར་བྱ་བ་མ་ཡིན་པ་བྱས་པ་ལ་ནི་སྙིང་ཐག་པ་ནས་འགྱོད།   སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་ནམ་ཡང་བསླུ་བ་མེད་པའི་སྐྱབས་སུ་ངེས་ནས་སློབ་དཔོན་ལ་བདག་རབ་ཏུ་དབྱུང་དུ་གསོལ་ཞེས་ཞུས་པས། སློབ་དཔོན་ཨཱརྱ་དེ་བས་སློབ་དཔོན་ཀླུ་སྒྲུབ་ཀྱི་སྤྱན་སྔར་ཁྲིད་ནས་སྐྲ་དང་ཁ་སྤུ་བྲེགས།   མུ་སྟེགས་ཀྱི་རྟགས་ཆ་ལུགས་རྣམས་དོར་དུ་བཅུག   གོས་ངུར་སྨྲིག་བསྐོན་ནས་རབ་ཏུ་ཕྱུང་སྟེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ལུང་དང་མན་ངག་ཐམས་ཅད་རྫོགས་པར་གནང་བས་ཐུབ་བསྟན་ཡོངས་རྫོགས་ལ་མཁས་པར་གྱུར་ཏེ།   སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་གི་མཛོད་འཛིན་པ་མཁས་མཆོག་དཔའ་བོ་ཞེས་སྲིད་པ་གསུམ་ན་ཡོངས་སུ་གྲགས་པར་གྱུར་ཏོ། །

      སྔོན་གྱི་ཆོས་འབྱུང་འགའ་ཞིག་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་བཞི།   ཉེ་བའི་སྲས་གསུམ་སྟེ།   སྲས་བདུན་གྱི་ནང་ཚན་གཅིག་ཡིན་པར་བཤད་དོ། ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་བཞི་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མ་ཞལ་མཐོང་ནཱ་ག་བྷོ་དྷི། ས་བརྒྱད་ནོན་པ་ཨཱརྱ་དེ་བ།   སྤྱན་རས་གཟིགས་ཞལ་མཐོང་མཏངྒི་བ་བཞིའོ།  །ཉེ་བའི་སྲས་གསུམ་ནི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་གསུམ་ཞེས་བྱུང་ངོ་། དེ་ནས་རྨི་ལམ་དུ་འཕགས་པ་སྒྲོལ་མས་ལུང་བསྟན་ཏེ། ཁྱོད་ཀྱིས་སངས་རྒྱས་ལ་བསྟོད་པ་མང་དུ་གྱིས་ཤིག །སྔོན་ཆོས་ལ་བརྟེན་ནས་བསགས་པའི་ལས་ཀྱི་སྒྲིབ་པ་འབྱང་བར་འགྱུར་རོ་ཞེས་གསུངས་པས་བསྐུལ་ཏེ། བཤགས་པའི་དོན་དུ་བསྔགས་པར་འོས་པ་ལ་བསྔགས་པའི་བསྟོད་པ་བརྩམས་ཤིང་། གཞན་ཡང་བསྟོད་པ་བརྒྱ་ལྔ་བཅུ་པ། དཀོན་མཆོག་གསུམ་ལ་བཀྲ་ཤིས་ཀྱིས་བསྟོད་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་ལ་བསྟོད་པ། གཅིག་ལས་འཕྲོས་པའི་བསྟོད་པ། སངས་རྒྱས་སུམ་ཅུ་རྩ་ལྔའི་བསྟོད་པ་མཚན་རིན་པོ་ཆེས་སྤྲས་པ། དཀོན་མཆོག་གསུམ་ལ་བསྟོད་པ། བསྟོད་པ་གླེང་བསླང་བ་ལ་སོགས་པ། སྒྲོལ་མའི་བསྟོད་དོན་ཐམས་ཅད་གྲུབ་པ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལ་སྤོབས་པ་སྐྱེས་པ། གཎྜིའི་བསྟོད་པ། བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་པ། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོ་ལ་སོགས་པའི་བསྟོད་ཚོགས་མང་པོ་མཛད། གཞན་ཡང་རྨི་ལམ་དུ་ལས་རྒྱུ་འབྲས་སྟོན་པའི་བསྟན་བཅོས་བརྩམས་ན་སྡིག་པ་འདག་གོ་ཞེས་ལུང་བསྟན་བྱུང་བས་མདོ་དྲན་པ་ཉེར་གཞག་སོགས་ལས་བཏུས་ཏེ་ལས་རྒྱུ་འབྲས་སྟོན་པའི་བསྟན་བཅོས་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་ཚིག་ལེའུ་བྱས་པ། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། མི་དགེ་བཅུའི་ལས་ཀྱི་ལམ་བསྟན་པ། མྱ་ངན་བསལ་བ། མི་ཁོམ་པ་བརྒྱད་སྤོང་བའི་གཏམ། རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ། ལེགས་པའི་ལམ་བསྟན་པའི་གཏམ། ཕྱིན་ཅི་ལོག་བཞི་འགོག་པའི་གཏམ། རྩོད་པའི་དུས་ཀྱི་གཏམ། རྒྱལ་པོ་ཀཱ་ནི་ཀ་ལ་གདམས་པའི་སྤྲིང་ཡིག་ལ་སོགས་པ་ལས་འབྲས་ཀྱི་རྣམ་གཞག་སྟོན་པའི་བསྟན་བཅོས་མང་པོ་དང་། ཕར་ཕྱིན་ཐེག་པའི་ལམ་གྱི་གནད་མཐའ་དག་བསྡུས་པ་ཕར་ཕྱིན་བསྡུས་པ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག་པདྨ་སྤུངས་པ། དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པའི་རིམ་པ་རིན་ཆེན་སྒྲོན་མ། བསྔོ་བ་བསྡུས་པ་ལ་སོགས་པ་དང་། གསོ་བ་རིག་པའི་བསྟན་བཅོས་ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་སོགས་རིག་གནས་ཀྱི་བསྟན་བཅོས་མང་པོ་དང་། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་ལ་བརྟེན་ནས་རྒྱུད་སྡེ་མང་པོའི་གནད་བསྡུས་པ་ལྔ་བཅུ་དང་། རྩ་ལྟུང་བཅུ་བཞི་པ་སོགས་དང་།   ནག་པོ་ཆེན་པོའི་རྒྱུད་ཀྱི་འགྲེལ་པ་དང་། དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་སྒྲུབ་པ་དང་། ནོར་བུ་གླིང་པའི་ཐུགས་རྗེས་ཆེན་པོ་ལྷ་ལྔའི་བསྟོད་པ་ལ་སོགས་པ་མདོ་སྔགས་ཀྱི་བསྟན་བཅོས་མང་པོ་དང་། ཁྱད་པར་ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་ཚུལ་ཐུབ་པའི་སྔོན་གྱི་འཁྲུངས་རབས་དང་སྦྱར་ཏེ་སྟོན་པའི་གཞུང་མཆོག་ཏུ་གྱུར་པ་སྐྱེས་རབས་སོ་བཞི་པར་གྲགས་པ་འདི་མཛད་པས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ནས་གསུངས་པའི་ལམ་གྱི་གནད་ཐམས་ཅད་ལུས་གཅིག་ཏུ་དྲིལ་ཏེ་ཉམས་སུ་ལེན་པར་བྱེད་པ་རྣམས་ལ་བཀའ་དྲིན་ཟླ་མེད་དུ་མཛད་དོ། །

      སློབ་དཔོན་འདིས་ནི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པ་དང་། ལྷག་པར་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་མང་དུ་བྱེད་པར་རྒྱལ་བ་ཉིད་ཀྱིས་ལུང་བསྟན་ཏེ། འཇམ་དཔལ་རྩ་རྒྱུད་ལས། དགེ་སློང་མང་དུ་ཐོས་པ་ནི། །དེ་ཡི་ཚེ་ན་འབྱུང་འགྱུར་ལ། །མ་ཁོལ་ཞེས་ཀྱང་བྱ་བ་སྟེ། །ང་ཉིད་ཀྱི་ནི་བསྟོད་བྱེད་པ། །ཇི་བཞིན་ཡོན་ཏན་བཟང་པོ་ནི། །ཇི་ལྟ་བཞིན་དུ་བརྗོད་པར་འགྱུར། །ཀུན་ནས་སེམས་ནི་རབ་དང་ཞིང་། །སངས་རྒྱས་རྣམས་ཀྱི་བསྟན་ལ་དད། །བསྒྲུབ་དཀའི་སྔགས་ནི་རབ་གྲུབ་ཅིང་། །འཇམ་དཔལ་དབྱངས་ཀྱི་དེ་བཞིན་ནོ། །ཡོན་ཏན་ལྡན་ཞིང་ཚུལ་ཁྲིམས་ལྡན། །མང་དུ་ཐོས་ཤིང་ཆོས་ཀྱང་སྨྲ། །དུད་འགྲོར་སྔོན་ནི་གྱུར་པ་ན། །ང་ཡིས་བསྟོད་པ་ཡོངས་སུ་སྨྲ། །ཉམས་དགའ་གྲོང་ཁྱེར་རྒྱལ་པོའི་ཁབ། །འོད་མའི་ཚལ་གྱི་ས་སྟེང་དུ། །སློབ་མའི་ཚོགས་དང་ལྷན་ཅིག་ཏུ། །ཇི་ལྟར་བདེ་བར་བཞུགས་པ་ན། །དེར་ནི་བྱ་རོག་ཅིག་ཡོད་པས། །ང་ལ་སེམས་ནི་རབ་དད་བྱས། །སེམས་ནི་ང་ལ་དད་བྱས་པས། །ལུས་ཤིག་ནས་ནི་མཐོ་རིས་སོང་། །ལྷ་རྣམས་ལས་ནི་ཤི་འཕོས་ནས། །མི་རྣམས་ནང་དུ་ཉེ་བར་སྐྱེ། །མི་ཡི་ནང་དུ་སྐྱེས་ནས་ཀྱང་། །ང་ཡི་བསྟན་ལ་རབ་ཏུ་འབྱུང་། །རབ་བྱུང་བདག་ཉིད་ཆེན་པོ་ནི། །ཇི་བཞིན་དེ་ཚེ་འབྱུང་བར་འགྱུར། །མ་ཁོལ་ཞེས་བྱའི་བརྟུལ་ཞུགས་ཅན། །དེ་ནི་དེ་ཚེ་འབྱུང་བར་འགྱུར། །ཇི་བཞིན་དོན་ནི་བསྟོད་པས་མཆོད། །རྣམ་པ་སྣ་ཚོགས་དཔེ་དག་གིས། །འབྱུང་པོ་ཀུན་ལ་ཕན་པའི་ཕྱིར། །ལེགས་པར་སྤྱད་པ་རབ་བྱེད་པའོ། །སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། །བསྟོད་པ་བརྗོད་པ་དེ་གཙོར་བྱེད། །དུས་མཐའ་འཇིག་རྟེན་སྨད་པ་ལ། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །རྣམ་པར་སྨིན་པ་དེ་ཡིས་ནི། ། ལུས་ཞིག་ནས་ནི་བདེ་འགྲོར་འགྲོ། །བློ་ལྡན་དེ་ནི་མཐར་གྱིས་ཀྱང་། །རྣམ་པ་སྣ་ཚོགས་བདེ་མྱོང་ནས། །བསམ་གྱིས་མི་ཁྱབ་མཆོག་གསུམ་པའི། །ཐམས་ཅད་མཁྱེན་པའི་བྱང་ཆུབ་འཐོབ། །ཅེས་གསུངས།

      དེས་ན་སློབ་དཔོན་འདིས་མཛད་པའི་སངས་རྒྱས་ཀྱི་བསྟོད་པ་སོགས་བསྟན་བཅོས་རྣམས་ནི་རྒྱལ་བའི་བཀའ་དང་ཁྱད་པར་མེད་པར་བྱིན་རླབས་ཤིན་ཏུ་ཆེ་བར་གྲུབ་སྟེ། སངས་རྒྱས་ཀྱི་བསྟོད་པ་བྱེད་པར་རྒྱལ་བ་ཉིད་ཀྱིས་བྱིན་གྱིས་བརླབས་པ་ཡིན་པར་ལུང་གིས་བསྟན་ཅིང་། འཕགས་པ་ཀླུ་སྒྲུབ་ཡབ་སྲས་གཉིས་དང་སློབ་དཔོན་འདིས་མཛད་པའི་བསྟན་བཅོས་རྣམས་ནི་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་འགྲེལ་པ་ལ་འཁྲུལ་བ་ཐམས་ཅད་དང་བྲལ་བ་ཡིད་ཆེས་པའི་གནས་སུ་ཡོངས་སུ་གྲགས་སོ། སློབ་དཔོན་འདི་མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པའི་སྐབས་སུ་མུ་སྟེགས་ཀྱི་སྟོན་པ་མཁས་པ་ཆེན་པོ་རྟ་དབྱངས་ཞེས་ཕྱོགས་ཀུན་ཏུ་གྲགས་པས། སློབ་དཔོན་འདི་རྒྱལ་བའི་བསྟན་པ་ལ་ཞུགས་པ་ན་མུ་སྟེགས་པ་རྣམས་ཀྱིས་མཁས་པ་ཆེན་པོ་རྟ་དབྱངས་ལྟ་བུའང་མུ་སྟེགས་ཀྱི་གྲུབ་མཐའ་དོར་ནས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱེད་ན། སངས་རྒྱས་ཀྱི་བསྟན་པ་ཉིད་ཁྱད་པར་དུ་འཕགས་པར་ངེས་སོ་ཞེས་མུ་སྟེགས་སྟོང་ཕྲག་མང་པོ་དང་། ཁྱིམ་པ་སྟོང་ཕྲག་མང་པོ་དག་རྒྱལ་བའི་བསྟན་པ་ལ་ཞུགས་ཏེ་རབ་ཏུ་བྱུང་བས་རྒྱལ་བའི་བསྟན་པ་ཆེས་ཆེར་འཕེལ་བར་གྱུར་ཅིང་། ནཱ་ལེནྡྲཉིད་དུའང་དེའི་ཚེ་གསར་དུ་རབ་ཏུ་བྱུང་བ་ཉིས་སྟོང་ཙམ་བྱུང་ཞེས་གྲག་གོ །

      སློབ་དཔོན་འདི་ནི་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་ལ་བརྟེན་ནས་མདོ་རྒྱུད་ཐམས་ཅད་ལ་མཁས་ཤིང་གྲུབ་པ་དང་། ལྷག་པའི་ལྷ་མང་པོའི་ཞལ་གཟིགས་ཤིང་གཟུངས་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་སོགས་ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོའི་གཏེར་དུ་གྱུར་པ་དང་། ལྷག་པར་ཐུགས་བསྐྱེད་ཤིན་ཏུ་བཟང་བས་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་ཀུན་གྱིས་མཆོད་པའི་གནས་སུ་བྱེད་ཅིང་། རྒྱ་གར་ཤར་ནུབ་སོགས་ཕྱོགས་ཀུན་ཏུ་འཕྲིན་ལས་ཆེས་ཆེར་རྒྱས་ལ། སློབ་དཔོན་འདི་ཉིད་ཀྱི་ཉེ་འཁོར་དུའང་དགེ་སློང་ལྔ་བརྒྱ་ཙམ་རེ་འཚོ་བའི་ཡོ་བྱད་གང་གིས་ཀྱང་ཕོངས་པ་མེད་པར་མཛད།  རྒྱལ་པོ་ཟླ་བ་སྦས་པའི་བུ་གཉིས་ཀྱིས་སྦྱིན་བདག་བྱས་ཏེ་མེ་ཏོག་གིས་བརྒྱན་པའི་གཙུག་ལག་ཁང་དང་། རང་བྱུང་གི་སྤྱན་རས་གཟིགས་ཀྱི་ལྷ་ཁང་བཞེངས། གཙུག་ལག་ཁང་དེར་དགེ་སློང་ཉིས་སྟོང་ཙམ་འདུས་པ་ལ་རྒྱལ་པོའི་བུ་དེ་གཉིས་ཀྱིས་ཇི་སྲིད་འཚོའི་བར་དུ་འཚོ་བ་སྦྱར། སློབ་དཔོན་དཔའ་བོས་ཀྱང་གཙུག་ལག་ཁང་དེར་བཞུགས་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསུངས་ཏེ་བསྟན་པ་སྤེལ། དེ་ནས་རྒྱལ་པོ་ཀཱ་ནི་ཀས་གདན་འདྲེན་གྱི་ཕོ་ཉ་བྱུང་བར་སློབ་དཔོན་ཉིད་མ་ཕེབས་ཀྱང་སློབ་མ་པཎྜི་ཏ་ཡེ་ཤེས་སྙན་པ་ཞེས་པ་བཏང་ཞིང་ཀཱ་ནི་ཀའི་སྤྲིང་ཡིག་ཅེས་པའི་འཕྲིན་ཡིག་གནང་། རྒྱལ་པོ་ཀཱ་ནི་ཀས་ཀྱང་སློབ་དཔོན་དཔའ་བོའི་ཞལ་གདམས་ལྟར་རྒྱལ་བའི་བསྟན་པ་ལ་གུས་མཆོད་ཆེར་བྱས་ནས། ཕྱོགས་བཞིར་གཙུག་ལག་ཁང་ཆེན་པོ་རེ་བརྩིགས་ཏེ་དགེ་སློང་སུམ་སྟོང་ཙམ་ཚོགས་པ་ལ་བསྟན་པ་ཤིན་ཏུ་འཕེལ་བར་གྱུར་ཏོ། །

      དེ་ནས་སློབ་དཔོན་དཔའ་བོས་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་ལྟར་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པའི་ཚུལ་ཐུབ་པའི་འཁྲུངས་རབས་དང་སྦྱར་ཏེ་སྟོན་པའི་སྐྱེས་རབས་སོ་བཞི་པ་འདི་མཛད་ཅིང་། དེའི་ཚེ་སྟོན་པ་ཐུགས་རྗེ་ཅན་དེས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བདག་ཅག་སེམས་ཅན་རྣམས་ཀྱི་དོན་དུ་འདི་ལྟ་བུའི་བྱ་དཀའ་བའི་སྤྱོད་པ་ལ་སློབ་པར་མཛད་ན། བདག་གིས་ཀྱང་སྟོན་པའི་མཛད་པ་བཟང་པོ་འདིའི་རྗེས་སུ་བསླབ་པར་བྱའོ་སྙམ་དུ་ཐུགས་བསྐྱེད་ཆེས་ཆེར་འཕེལ་བ་ན། སྔོན་དེ་བཞིན་གཤེགས་པས་སྟག་མོ་ལ་ལུས་བྱིན་པའི་མཛད་པ་བསྟན་པའི་ཚེ་ཇི་ལྟར་བྱུང་བ་དེ་ཁོ་ན་འདྲ་བའི་སྟག་མོ་ཕྲུ་གུ་མང་པོ་འབྲངས་ཏེ་བཀྲེས་པའི་ཉེན་ནས་རང་གི་ཕྲུ་གུ་རྣམས་ཟ་བར་རྩོམ་པ་ཞིག་གཟིགས་པ་ན་བཟོད་གླགས་མེད་པའི་སྙིང་རྗེ་སྐྱེས་ཏེ། རང་གི་སྐུ་ལུས་ཀྱི་རྩ་བཀྲོལ་ཏེ་སྟག་མོ་ཕྲུ་གུ་དང་བཅས་པ་ཁྲག་གིས་གསོས་ཤིང་སྨོན་ལམ་བདུན་ཅུ་པ་ཁྲག་གིས་བྲིས་ཏེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་བཞག   སྟག་མོ་ཕྲུ་གུ་དང་བཅས་པ་ཁྲག་གིས་ཅུང་ཟད་གསོས་པ་ན་སྐུ་ལུས་བྱིན་ཏེ་ཞིང་དུ་གཤེགས་སོ།  དེས་ན་བདག་ཉིད་ཆེན་པོ་འདི་ནི་རྒྱལ་སྲས་སའི་དབང་ཕྱུག་ཏུ་གྱུར་པ་ཞིག་ཡིན་པར་གདོན་མི་ཟ་ཞིང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་ཕྱིར་མི་ལྡོག་པར་ལུང་བསྟན་ཏོ། དེ་ལྟར་བདག་ཉིད་ཆེན་པོ་མཁས་མཆོག་དཔའ་བོའི་རྣམ་ཐར་བཟང་པ་དེ་དག་ལ་ལེགས་པར་དཔྱད་ཅིང་བསམས་ནས་ཕྱི་རོལ་མུ་སྟེགས་པའི་བསྟན་པ་ནི་སྔ་ཕྱི་འགལ་བ་དང་། དངོས་ཤུགས་འགལ་བ། རང་ཚིག་འགལ་བ་ཤ་སྟག་ཡིན་པས་དྲི་མ་མེད་པའི་རིགས་པས་ལེགས་པར་དཔྱད་ན་རྩ་བའི་གྲུབ་མཐའ་ཞིག་ཅིང་ཉམས་པར་འགྱུར་བས་ཡིད་བརྟན་མི་རུང་བ་དང་། འཁོར་བའི་རྩ་བ་བརྟན་པར་བྱེད་པས་ཐར་འདོད་རྣམས་བསླུ་བ་དང་། དཀོན་མཆོག་གསུམ་ལས་ཡོང་ཡེ་ཕྱི་རོལ་ཏུ་གྱུར་པས་སྐྱབས་དང་མགོན་མེད་པར་སླར་ཡང་འཁོར་བར་རིང་དུ་འཁྱམ་པར་བྱེད་པ་ཤ་སྟག་ཡིན་པ་དང་། རྒྱལ་བའི་བསྟན་པ་ནི་སྔ་ཕྱི་འགལ་བ་དང་དངོས་ཤུགས་འགལ་བ་སོགས་ཀྱི་སྐྱོན་མེད་པར་རིགས་པས་ཇི་ཙམ་དཔྱད་པ་ཙམ་གྱིས་ཡིད་ཆེས་ཆེས་རྙེད་པར་འགྱུར་བ་དང་། ཐོག་མཐའ་བར་གསུམ་དུ་དགེ་བ་ཁོ་ན་ཡིན་པ་དང་། ལམ་བདེ་བས་འབྲས་བུ་བདེ་བ་ཕུལ་དུ་ཕྱིན་པ་ཐོབ་པར་བྱེད་པ་དང་། འཁོར་བའི་རྩ་བ་བཟློག་པར་བྱས་ཏེ་ཕྱིར་མི་ལྡོག་པའི་གོ་འཕང་བླ་ན་མེད་པ་སྟེར་བར་བྱེད་པས་ན་ཐར་འདོད་རྣམས་ཀྱི་འཇུག་ངོགས་མཆོག་ཡིན་པ་དང་། འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་དག་ནི་རང་ཉིད་འཁོར་བ་ལས་མ་ཐར་བས་གཞན་འཁོར་བ་ལས་སྒྲོལ་བའི་ནུས་པ་མེད་པར་མ་ཟད་འཇིག་རྟེན་པའི་ལྷ་དེ་དག་བསྟེན་ན་ཐུན་མོང་གི་དངོས་གྲུབ་ཕྲ་མོ་རེ་ཐོབ་ནུས་ཀྱང་མཐར་ངེས་པར་སླུ་བར་བྱེད་པས་གཏན་གྱི་སྐྱབས་སུ་བཟུང་མི་རིགས་པ་དང་། ཐུབ་པ་བཅོམ་ལྡན་འདས་ཉག་གཅིག་ནམ་ཡང་བསླུ་བ་མེད་པའི་སྐྱབས་གནས་མཐར་ཐུག་ཡིན་པའི་ཚུལ་རྣམས་ལ་ངེས་པ་གཏིང་ཚུགས་པ་རྙེད་པར་བྱ་བ་དང་། དམ་པའི་མགོན་ལ་བརྟེན་ན་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཐམས་ཅད་འབད་པ་མེད་པ་འགྲུབ་པར་འགྱུར་རོ་ཞེས་ངེས་པ་གཏིང་ཚུགས་བརྙེད་པར་བྱའོ། །

 སློབ་དཔོན་གྱི་མཛད་རྣམ་མི་འདྲ་བ་མང་དུ་སྣང་ཡང་འདིར་སྐྱེ་རབས་དོན་གསལ་ལས་གསུངས་པ་བཞིན་དུ་བཀོད་པའོ། །

འདིར་འབད་དགེ་ལས་བྱུང་བའི་བསོད་ནམས་ཀྱིས། །

བསྟན་འཛིན་དམ་པའི་སྐུ་ཚེ་བརྟན་པ་དང་། །

འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་ལྡན་པ་སོགས། །

བསམ་དོན་ཆོས་བཞིན་གྲུབ་པའི་རྒྱུ་རུ་བསྔོ། །

ལྷག་པར་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །

བདག་གཞན་རྒྱུད་དུ་མྱུར་དུ་སྐྱེ་བ་དང་། །

རྒྱལ་སྲས་སྤྱོད་པ་རྒྱ་མཚོར་ལེགས་སློབ་པ། །

སློབ་དཔོན་ཁྱེད་དང་རྟག་ཏུ་མཚུངས་པར་ཤོག །