སྤྱི་ལོ༡༩༥༣ལོར་དཀར་མཛེས་ཁུལ་སྡེ་དགེ་དཔལ་སྤུངས་ཕྱོགས་ཀྱི་འབྲོག་སྡེ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས། ༡༩༧༡ལོ་ནས༡༩༨༡ལོའི་བར་སྡེ་དགེ་རྫོང་དུ་སློབ་ཆུང་དགེ་རྒན་གྱི་འགན་བཞེས། ༡༩༨༡ལོ་ནས༡༩༨༣ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་ལ་ཞུགས། ༡༩༨༣ལོ་ནས༡༩༨༤ལོར་སྡེ་དགེ་རྫོང་རིག་སློབ་ཅུས་ཟབ་སྦྱོང་སློབ་གྲྭ་རུ་དགེ་རྒན་མཛད། ༡༩༨༤ལོ་ནས༡༩༩༠ལོར་དར་མདོ་དགེ་འོས་སློབ་གྲྭ་རུ་དགེ་རྒན་གྱི་འགན་བཞེས། ༡༩༩༠ལོ་ནས༡༩༩༡ལོར་སྡེ་དགེ་རྫོང་ས་གནས་ལོ་རྒྱུས་གཞུང་ལས་ཁང་དུ་ཕྱག་ལས་མཛད། ༡༩༩༡ལོ་ནས༡༩༩༣ལོར་སྡེ་དགེ་པར་ཁང་དུ་རྩོམ་སྒྲིག་པའི་འགན་བཞེས། ༡༩༩༣ལོ་ནས༢༠༠༠ལོར་དར་མདོ་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་རུ་དགེ་རྒན་གྱི་འགན་བཞེས། ༡༩༩༨ལོར་དགེ་རྒན་ཆེན་མོ་གཞོན་པའི་གོ་གནས་སྤར། ༢༠༠༡ལོ་ནས་ད་བར་སློབ་གྲྭའི་བོད་ཡིག་ཚན་ཁག་གི་ཀྲུའུ་རེན་གཞོན་པའི་འགན་བཞེས། ༢༠༠༡ལོར་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་རིམ་པའི་ཆེད་ལས་ལག་རྩལ་རྩེ་དྲའི་ཤེས་ལྡན་མི་སྣར་བདམས། ༢༠༠༤ལོར་དགེ་རྒན་ཆེན་མོའི་གོ་གནས་སྤར། ཁོང་གི་བརྩམས་ཆོས《ཀ་ཚང་ཡབ་སྲས་དང་དཔལ་སྤུངས་དགོན་པ།》དེ་བཞིན《ཡིག་སྐུར་རྣམ་གཞག་མེ་ཏོག་ཕྲེང་བ།》《སྡེ་དགེ་ཆོས་འབྱུང་།》《མདོ་ཁམས་གནས་ཡིག་ཕྱོགས་བསྒྲིགས།》《བོད་ཀྱི་ལོ་རྒྱུས་དོན་ཆེན་ཀུན་བཏུས།》སོགས་དང་། བསྒྱུར་བརྩམས་ལ《ང་ཡི་རེ་སྨོན།》གཞན་དང་མཉམ་བརྩམས་བྱས་པ་ལ《སྡེ་དགེ་རྫོང་གི་ས་གནས་ལོ་རྒྱུས།》དང་《སྡེ་དགེ་པར་ཁང་གི་དཀར་ཆག》མཉམ་དུ་རྩོམ་སྒྲིག་བྱས་པ་ལ《དཀར་མཛེས་ཁུལ་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས།》དང་《སྡེ་དགེ་པར་ཁང་བོད་བརྒྱུད་ཤིང་རྐོ་བརྙན་དེབ》བཅས་དང་།《བོད་ཀྱི་རིག་གནས་དང་ཁམས་པའི་ཡུལ་སྲོལ།》ཞེས་པ་དང་《སྡེ་དགེ་པར་ཁང་གི་ཤིང་པར་དཀར་ཆག》གཉིས་ལ་རྩོམ་སྒྲིག་འགན་ཁུར་བ་བྱས།དེ་བཞིན་བརྩམས་ཆོས་མང་པོ་རྒྱལ་ཕྱི་ནང་དུ་མིང་གྲགས་ལྡན་པའི་དུས་དེབ《ཀྲུང་གོའི་བོད་ཀྱི་ཤེས་རིག》དང་《ཀྲུང་གོ་བོད་ལྗོངས།》《བོད་ལྗོངས་ཞིབ་འཇུག》《ཤར་ཕྱོགས་སྒྱུ་རྩལ》བཅས་དུས་དེབ་བཅུ་ཕྲག་འགའ་རུ་བཀོད་ཡོད། བྱ་དགའ་ཐོབ་པའི་བརྩམས་ཆོས། ༡༩༩༦ལོར《སྡེ་དགེ་རྫོང་གི་ས་གནས་ལོ་རྒྱུས།》སི་ཁྲོན་ཞིང་ཆེན་ཐེངས་བདུན་པའི་ས་གནས་ལོ་རྒྱུས་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ། ༢༠༠༡ལོར《ཡིག་སྐུར་རྣམ་གཞག་མེ་ཏོག་ཕྲེང་བ།》སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གནང་བའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གྲུབ་འབྲས་ཀྱི་ཨང་གསུམ་པའི་བྱ་དགའ་ཐོབ། ༡༩༩༩ལོར《ཀ་ཚང་ཡབ་སྲས་དང་དཔལ་སྤུངས་དགོན་པ།》ཞིང་ཆེན་སློབ་གསོ་ཨུ་ལྷན་གྱིས་གནང་བའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གྲུབ་འབྲས་ཀྱི་ཨང་གསུམ་པའི་བྱ་དགའ་ཐོབ། ༡༩༩༧ལོར《མུ་ལི་བོད་རིགས་དམངས་སྲོལ་རིག་གནས་རགས་བཤད།》ཞིང་ཆེན་བོད་རིགས་པ་མཐུན་ཚོགས་ཀྱིས་གནང་བའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཕུལ་བྱུང་གྲུབ་འབྲས་ཀྱི་གཟེངས་བསྟོད་ཐོབ།༢༠༠༥ལོར《བོད་ཀྱི་རིག་གནས་དང་ཁམས་པའི་ཡུལ་སྲོལ།》ཞིང་ཆེན་སློབ་ཁྲིད་གྲུབ་འབྲས་ཀྱི་ཨང་གསུམ་པའི་བྱ་དགའ་སོགས་ཐོབ།