དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > བླ་སྤྲུལ།

རྗེ་བཙུན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྣམ་ཐར་དང་བོ།

སྤེལ་དུས 2020-05-20 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
           རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། འགྲོ་བའི་མོས་ཁམས་དང་འཚམས་པའི་སྤྲུལ་སྒྱུ་ཅིར་ཡང་འཆར་བའི་ཚུལ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ་སྙིགས་མའི་དུས་སུ་གངས་རིའི་ཁྲོད་འདིར་རྒྱལ་བའི་བསྟན་པ་སྤེལ་བ་ལ་མཁྱེན་བརྩེ་ནུས་གསུམ་གང་གི་ཐད་ནས་ཀྱང་འགྲན་པའི་ཟླ་དང་བྲལ་བ་རིགས་གསུམ་མགོན་པོ་དང་མཚུངས་ཤིང༌། རྒྱལ་བསྟན་ཡོངས་རྫོགས་འཛིན་ཅིང་སྤེལ་བ་ལ་རྒྱལ་བ་རང་ཉིད་སླར་བྱོན་པ་ལྟ་བུར་གྱུར་པ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ནི། སྔོན་བསྐལ་པ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་པའི་དུས་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་རྒྱལ་བ་གྲངས་མེད་པ་མཆོད་ཅིང་བསྙེན་བཀུར། ཚོགས་གཉིས་ཡོངས་སུ་རྫོགས་ཏེ་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ནས་ནམ་མཁའི་མཐས་ཀླས་པའི་ཞིང་ཁམས་རབ་འབྱམས་ཐམས་ཅད་དུ་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་མཐུན་པར་སངས་རྒྱས་ཀྱི་མཛད་པས་འདུལ་བར་འོས་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་སྟོན། བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་འདུལ་བར་འོས་པ་རྣམས་ལ་བྱང་ཆུབ་སེམས་དཔའི་གཟུགས་སྟོན། ཉན་རང་གིས་འདུལ་བར་འོས་པ་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་གཟུགས་སུ་སྟོན། རྒྱལ་པོས་འདུལ་བར་འོས་པ་རྣམས་ལ་རྒྱལ་པོའི་གཟུགས་སུ་སྟོན། ཐ་མལ་པའི་གཟུགས་ཀྱིས་འདུལ་བར་འོས་པ་རྣམས་ལ་གདུལ་བྱ་རང་རང་དང་སྐལ་བ་མཉམ་པའི་ཐ་མལ་པའི་གཟུགས་སྟོན་ཅིང༌། གང་ལ་གང་འཚམ་གྱི་སྤྲུལ་པས་འགྲོ་བ་རྣམས་སྨིན་ཅིང་གྲོལ་བར་མཛད་པ་ལ་འབད་རྩོལ་དང་རྣམ་རྟོག་མི་མངའ་བར་ལྷུན་གྱི་གྲུབ་པའི་འཕྲིན་ལས་ཀྱིས་ཁྱབ་པར་མཛད་ཅིང་བཞུགས་པ་ལས་མི་མཇེད་འཇིག་རྟེན་གྱི་ཞིང་འདིར་སྟོན་པ་ཐུབ་པའི་དབང་པོས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་འདི་ཉིད་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱི་ནང་ནས་རབ་དང་ཕུལ་དང་མཆོག་དང་གོང་ན་མེད་པར་གཟིགས་ནས་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པ་འདི་ཉིད་བྱང་ཕྱོགས་གངས་རིའི་ལྗོངས་འདིར་ཆེས་ཆེར་གསལ་བར་མཛད་ཕྱིར་བསམ་བཞིན་དུ་བྱོན་པ་ཞིག་གོ །
           མདོ་རྒྱུད་བསྟན་བཅོས་མཐའ་ཡས་པ་ལས་གངས་ཅན་ཞིང་དུ་ཇི་ལྟར་བྱོན་ཚུལ་ལུང་གིས་བསྔགས་པ། རྗེ་བཙུན་ཙོང་ཁ་པ་ཆེན་པོ་འདི་ཉིད་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་སྤེལ་བའི་ཕྱིར་བསམ་བཞིན་བྱོན་པ་གང་གིས་ཤེས་སྙམ་ན། དེ་ནི་རྒྱལ་བའི་བཀའ་ལུང་ཚད་མ་དཔང་པོར་གྱུར་པ་ལས་ཤེས་ཏེ། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །འབྲས་མེད་ཕྱིར་ན་རྫུན་མི་གསུངས།།ཞེས་གསུངས་པ་ལྟར་སྟོན་པ་ཐུབ་པའི་དབང་པོ་དུས་གསུམ་གྱི་ཤེས་བྱ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མངོན་སུམ་དུ་གཟིགས་ཤིང༌། རང་གི་ཡེ་ཤེས་སྒྲིབ་པ་མེད་པས་ཇི་ལྟར་གཟིགས་པ་དེ་ཁོ་ན་ལྟར་གསུངས་པ་ལས་རྫུན་གསུང་བ་རྣམ་པ་ཀུན་ཏུ་མི་སྲིད་པར་བདེན་པ་གསུངས་པའི་བཀའ་མདོ་དང་སྔགས་ཀྱི་ལུང་མང་པོ་དང་སྔོན་གྱི་སྐྱེས་བུ་དམ་པ་མང་པོའི་གསུང་ཚད་མ་དག་ལས་ཤེས་ཏེ།དེ་ཡང་རྗེ་བླ་མ་འདི་ཉིད་གངས་རིའི་ལྗོངས་འདིར་རྒྱལ་བསྟན་སྤེལ་བའི་ཕྱིར་དུ་འབྱོན་པར་མདོ་ལས་ལུང་བསྟན་ཚུལ་ནི། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་བའི་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ་ལས། ཀུན་དགའ་བོ། ད་ལྟ་ང་ལ་ཤེལ་དཀར་གྱི། །ཕྲེང་བ་སྟེར་བའི་ཁྱེའུ་འདི། །ང་ཡི་བསྟན་པའི་གསོ་བྱེད་ལ། །མ་འོངས་སྙིགས་མའི་དུས་སུ་ནི། །འབྲི་དང་ལྡན་གྱི་ས་མཚམས་སུ། །དགེ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་བྱའི་མིང་ཅན་འབྱུང༌། །འཁོར་ནི་རྣམ་མང་བསྡུ་བར་བྱེད། །ཆོས་སྤྱོད་བཅུ་ཡི་རྒྱུན་འཛུགས་ཤིང༌། །ལྷ་ཁང་ཀ་བ་ཤིང་ལོ་ཅན། །ང་ཡི་གཟུགས་སྐུ་རྣམ་གཉིས་ལ། །དབུ་རྒྱན་འབུལ་ཞིང་མཆོད་པ་བྱེད། །སྟོན་པའི་མདོ་བཞིན་གསུང་སྒྲོག་ཅིང༌། །སྙན་པའི་དབྱངས་ཀྱིས་གསོལ་བ་འདེབས། །དེ་ལ་གསོལ་བ་རབ་འདེབས་ན། །བསྟན་པ་ལོ་སྟོང་བར་དུ་གནས། །དེ་ནས་འཕོས་ནས་ཤར་ཕྱོགས་ཀྱི། །རྨད་བྱུང་བཀོད་པའི་འཇིག་རྟེན་དུ། །སེང་གེའི་ང་རོ་ཞེས་བྱར་གྱུར། །དེ་ལ་དད་བྱེད་ཞིང་དེར་སྐྱེ། །ཞིང་མཆོག་དེ་ནི་ཁྱད་པར་འཕགས། །ཞེས་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་མཛད་པ་རྣམ་ཐར་དང་བཅས་པ་གསལ་བར་ལུང་བསྟན་ཏོ། །
           རྗེ་བླ་མ་འདི་སྔོན་སངས་རྒྱས་ཞལ་བཞུགས་པའི་དུས་སུ་བྲམ་ཟེའི་ཁྱེའུར་འཁྲུངས་པ་བྱང་ཆུབ་སེམས་དཔའ་མོས་པའི་བློ་གྲོས་ཞེས་བྱ་བས་ཁྲིད་ནས་སྟོན་པ་ཐུབ་པའི་དབང་པོ་རྡོ་རྗེ་གདན་དུ་བཞུགས་པ་དང་མཇལ་ཏེ། ཤེལ་དཀར་པོའི་འཕྲེང་བ་དྲི་མ་མེད་པ་བརྒྱ་རྩ་གཅིག་ཕུལ་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང༌། རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པ་ཉམས་པ་ལ་ཕྱོགས་པའི་ཚེ་བྱང་ཕྱོགས་གངས་རིའི་ཁྲོད་དུ་སྤྱིར་ཐུབ་པའི་བསྟན་པ་ཡོངས་སུ་རྫོགས་པ་གསལ་བར་བྱེད་པ་དང༌། ལྷག་པར་བསྟན་པའི་སྙིང་པོ་ཟབ་མོ་དབུ་མའི་ལྟ་བ་རྣམ་པར་དག་པ་རྒྱལ་བ་རང་ཉིད་ཀྱི་དགོངས་པ་བཞིན་དུ་ཆེས་ཆེར་རྒྱས་པར་བྱེད་ནུས་པའི་སྨོན་ལམ་བཏབ་པ་ན་དེ་ཁོ་ན་ལྟར་འགྲུབ་བོ་ཞེས་ལུང་སྟོན་པ་ལ། ཀུན་དགའ་བོ།ད་ལྟ་ང་ལ་ཤེལ་དཀར་གྱི། །ཕྲེང་བ་སྟེར་བའི་ཁྱེའུ་འདི། །ང་ཡི་བསྟན་པའི་གསོ་བྱེད་ལ། །ཞེས་སོགས་གསུངས། དེ་ལྟར་ལུང་བསྟན་པ་དེ་ཡང་རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོ་འདི་ཉིད་ཁོ་ན་ལ་གོ་བའི་ཕྱིར་བཞུགས་གནས་དང་མཚན་གསལ་བར་ལུང་བསྟན་པ་ནི། མ་འོངས་སྙིགས་མའི་དུས་སུ་ནི། །འབྲི་དང་ལྡན་གྱི་ས་མཚམས་སུ། །དགེ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་བྱའི་མིང་ཅན་འབྱུང༌། །ཞེས་འབྲི་ཁུང་དང་སྐྱིད་ཤོད་ལྡན་གྱི་མཚམས་སུ་དགེ་ལྡན་ཞེས་བྱ་བའི་དགོན་པ་འདེབས་པ་དང༌།དེའི་རྗེས་འཇུག་རྣམས་ལའང་དགེ་ལུགས་པ་ཞེས་ཟེར་བ་འབྱུང་བ་དང༌། མཚན་བློ་བཟང་གྲགས་པ་ཞེས་བརྗོད་པ་འབྱུང་བར་གསལ་བར་ལུང་བསྟན།
           རྗེ་འདིའི་མཛད་པ་རྣམ་ཐར་ལུང་སྟོན་པ་ལ། འཁོར་ནི་རྣམ་མང་བསྡུ་བར་བྱེད། །ཆོས་སྤྱོད་བཅུ་ཡི་རྒྱུན་འཛུགས་ཤིང༌། །ལྷ་ཁང་ཀ་བ་ཤིང་ལོ་ཅན། །ང་ཡི་གཟུགས་སྐུ་རྣམ་གཉིས་ལ། །དབུ་རྒྱན་འབུལ་ཞིང་མཆོད་པ་བྱེད། །སྟོན་པའི་མདོ་བཞིན་གསུང་སྒྲོག་ཅིང༌། །སྙན་པའི་དབྱངས་ཀྱིས་གསོལ་བ་འདེབས། །ཞེས་གསུངས་ཏེ། རྗེ་བདག་ཉིད་ཆེན་པོ་ཁ་བ་ཅན་གྱི་ལྗོངས་འདིར་བྱོན་ནས་གདུལ་བྱ་འདུལ་བའི་དུས་ལ་བབ་པ་ན། རྗེ་བཙུན་སྤྱན་རས་གཟིགས་དང་རྗེ་བཙུན་གསང་བའི་བདག་པོ་ལ་སོགས་པ་ཕྱོགས་བཅུའི་ཞིང་ནས་རྒྱལ་སྲས་མཐུ་ཆེན་མང་པོ་ཞིག་རྗེ་འདིའི་བསྟན་པ་སྤེལ་བའི་གྲོགས་སུ་བྱོན་ཏེ། དབང་ཕྱུག་དང༌། སྟོབས་དང༌། ལོངས་སྤྱོད་ཀྱིས་འཁོར་དབང་མེད་དུ་བསྡུས་པ་མ་ཡིན་པར་སྐད་ཅིག་ཉིད་ལ་ནུབ་ཕྱོགས་ཛ་ལནྡྷ་ར་ནས་ཤར་ཕྱོགས་རྒྱ་མཚོ་ཆེན་པོ་ལ་ཐུག་གི་བར་རྗེ་བླ་མའི་འཁོར་ཐུབ་བསྟན་ཡོངས་རྫོགས་འཛིན་པའི་བཤེས་གཉེན་ཆེན་པོ་དག་གིས་ཁྱབ་སྟེ་རྣམ་པར་དཀར་བའི་ཆོས་ཀྱི་འཕྲིན་ལས་ཀྱིས་ས་ཆེན་པོའི་ཁྱོན་འདི་ཡོངས་སུ་གང་བ་མཆོག་དམན་བར་མ་ཀུན་གྱི་མིག་ལ་སྣང་བ་འདི་རྒྱལ་བས་ལུང་བསྟན་པ་ལྟར་མངོན་སུམ་དུ་གྲུབ་པ་ཡིན་ལ། གངས་རིའི་ཁྲོད་འདིར་ཐུབ་པའི་བསྟན་པ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་བསྒྲིག་ཕྱིར་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྤྲུལ་པའི་བཟོ་བོ་མཐའ་ཡས་པ་སྤྲུལ་ཏེ་བཞེངས་པ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང༌། གང་དུ་བཀའ་ཆེམས་གཏེར་དུ་སྦས་པའི་ཀ་བ་ཤིང་ལོ་ཅན་ཞེས་བྱ་བ་ཡོད་པའི་ལྷ་ཁང་གི་རྟེན་གྱི་གཙོ་བོ་སྟོན་པའི་སྐུ་གཟུགས་བསྟན་པ་འདི་ལ་སྟོན་པ་དང་རང་ཉིད་དངོས་སུ་བཞུགས་པ་དང་མཚུངས་པར་བྱིན་རླབས་ཅན་དུ་གྲགས་པ་ཇོ་བོ་ཤཱཀྱ་མུ་ནེ་དང༌། མི་བསྐྱོད་རྡོ་རྗེ་གཉིས་ལ་དབུ་རྒྱན་འབུལ་ཞིང་ཆོ་འཕྲུལ་གྱི་མཆོད་པ་རྒྱ་ཆེན་པོ་བླ་ན་མེད་པ་བྱེད་པ་དང༌། དེའི་དུས་སུ་དགེ་འདུན་ཁྲི་ཁྲག་བརྒལ་བ་འཚོགས་ཏེ་གསོལ་བ་འདེབས་པ་རྣམས་གསལ་བར་ལུང་བསྟན།