སློབ་དཔོན་འདི་ཉིད་རྒྱའི་གྲོང་ཁྱེར་ཧེ་ལུང་ཅང་དུ་༡༩༡༥ལོའི༧、༡༣ཉིན་སྐུ་འཁྲུངས། ན་ཚོད་དར་ལ་བབས་ཏེ་དགུང་ལོ་བཅོ་ལྔ་གཡས་གཡོན་ཙམ་ནས་གཟུགས་སྟོབས་ཆེ་ཞིང་གཤིས་ཀ་གྱོང་བོ་འདྲ་ཡོད་གཤིས། ཕའི་རེ་བ་ལྟར་སྐུ་གཞོན་ནུའི་དུས་སུ་དམག་གྲལ་དུ་ཞུགས་ཏེ་ལས་དེ་ལ་འཇུག་བཞིན་པའི་སྐབས་སུ་རྨི་ལམ་ལས་རབ་ཏུ་བྱུང་བར་བསྐུལ་བ་ལ་བརྟེན་ནས་༡༩༣༡ལོར་རབ་ཏུ་བྱུང་།
དེ་དུས་ཀྱི་མཚན་ལ་རྟོགས་ལྡན་ཞུ་མོད། ཁོང་གིས་རང་ནི་རྨི་ལམ་ལ་རྐྱེན་བྱས་ཏེ་དགེ་བའི་ལམ་ལ་ཞུགས་པའམ་རོལ་བ་ཙམ་ཡིན་པར་གསུངས་ཏེ་རང་གི་མཚན་ལ་རྨི་ལམ་རོལ་བར་(梦参)རང་གིས་བཏགས། དེ་ནས་བཟུང་རྨི་ལམ་དུ་ལུང་བསྟན་སྣ་ཚོགས་ནར་མར་ཡོད་དེ། དཔེར་ན། རྨི་ལམ་ལས་རི་བོ་རྩེ་དགུར་གནས་མཇལ་དུ་འགྲོ་བར་བསྐུལ་བ་ལ་བརྟེན་ནས། གནས་དེར་ལྷགས་པ་ན་འཕགས་པ་སའི་སྙིང་བོའི་སྐུ་གདུང་མཆོད་རྟེན་ལོ་དྲུག་བཅུ་རེ་ནས་ཐེངས་གཅིག་ཁ་འབྱེད་པ་དང་སྟབས་འཁེལ་ཏེ་སེམས་རྒྱུད་དུ་བག་ཆགས་ཁྱད་པར་ཅན་འཁྲུངས་བ་སོགས་བྱུང་འདུག
རབ་ཏུ་བྱུང་བ་ནས་༡༩༣༨བར་རྒྱ་ནག་ལྷོ་བྱང་གི་ཕྱོགས་མང་པོར་ཕེབས་ནས་སློབ་དཔོན་མང་པོའི་མདུན་ནས་ཆོས་ཀྱི་བགོ་སྐལ་མང་དུ་མནོས།
༡༩༣༩གཡས་གཡོན་དུ་བོད་ཀྱི་བླ་མ་རྒྱའི་ནང་དུ་ཕེབས་པ་དག་ལ་མཇལ་བའི་རྐྱེན་བྱས་བོད་ནང་དུ་ཕེབས་འདོད་དང་ཟབ་མོ་སྔགས་ལ་སློབ་འདོད་ཀྱི་བློ་དང་པོར་སྐྱེས་ཤིང་ཆོས་འབྲེལ་ཡང་བཞག་ཡོད་འདུག
༡༩༤༠ལོར་འཇར་པན་གྱི་དམག་གིས་རྒྱའི་གྲོང་ཁྱེར་མང་པོ་བཟུང་བའི་སྐབས་སུ་ཕྱི་ལ་ཐོན། རིམ་གྱིས་རྒྱ་གར་བརྒྱུད་ནས་བོད་དབུས་གཙང་གི་ཡུལ་དུ་ལྷགས་ཏེ། གྲྭ་ས་ཆེན་པོ་སེར་ར་ནས་སློབ་དཔོན་བྱམས་པ་རིན་པོ་ཆེ་སོགས་བསྟེན་ཏེ་ལོ་ལྔ་ལ་སློབ་གཉེར་བྱས་ཡོད་ཅིང་། མདོ་ཁམས་དང་མཚོ་སྔོན་སོགས་བོད་ཡུལ་གཞན་དུའང་ལོ་ལྔ་ལྷག་སྟེ་བསྡོམས་ལོ་བཅུ་ལ་བོད་ནས་བཞུགས་ཏེ་རྗེ་ལམ་རིམ་ཆེན་མོའི་གཙོས་གཞུང་ལུགས་མང་པོར་སློབ་གཉེར་གནང་བས་མཚོན་ཆོས་ཕྱིར་དཀའ་སྤྱད་བཟོད་པའི་རང་བཞིན་ངོ་མཚར་བ་ཡོད་ཅིང་། དེ་ལས་གྲུབ་འབྲས་མི་དམན་ལོན་པར་ཁོང་རང་གིས་གསུངས།
ཡང་༡༩༥༠ལོར་ཀྲུང་གོའི་ནང་འཁྲུག་མཇུག་རྫོགས་ཏེ་རྒྱའི་དམག་བོད་ཡུལ་དུ་ཆས་གྲབས་བྱེད་སྒང་ཡིན་སྟབས། དཀར་མཛེས་ནས་ལོ་ན་གཞོན་ཅིང་ཡོན་ཏན་ཕུན་ཚོགས་མངའ་བའི་སློབ་དཔོན་འདི་ལ་རྒྱའི་དཔོན་ཆེན་ཀྲང་གོ་ཧྭ་སོགས་ཀྱིས་དམག་དང་ལྷན་ཅིག་བོད་ནང་དུ་ལོ་ཙཱ་སོགས་བྱ་བའི་དགོས་འཁོར་ཕེབས་དགོས་ཀྱི་རེ་བ་བཏོན་མོད། ངོས་ལེན་མ་བྱས་སྟབས། མཐར་བསམ་ཕུགས་དཀར་བོ་མིན་པའི་ཉེས་མིང་འོག་བཙོན་དུ་བཅུག།
བཙོན་ཁང་ནས་ཆོས་བཤད་པ་སོགས་ལ་རྐྱེན་བྱས་ཏེ་གསར་བརྗེ་ངོ་ལོག་པའི་ཉེས་མིང་འོག་སླར་ཡང་བཙོན་ལོ་བཅོ་བརྒྱད་ཁར་བསྣན་ཏེ་ཁྱོན་ལོ་སོ་གསུམ་ལྷག་ལ་བཙོན་དུ་བཞུགས་མོད། དེ་འདྲའི་ངང་ཚུལ་ལ་འཁུ་བའི་བསམ་པ་ཅུང་ཙམ་ཡང་མེད་ཅིང་། ༡༩༨༢ལོ་སྟེ། ཁོང་དགུང་ལོ་༦༧སྟེང་བཙོན་ནས་ཐོན་རྗེས་སླར་ཡང་ལྟས་མང་པོར་དཔག་ཏེ་སྔོན་ལོ་སུམ་ཅུ་སོ་གསུམ་བཙོན་ནས་འཐུས་ཤོར་སོང་བ་དེ་ཁ་གསབ་པའི་ཆེད་དུ་ད་ནི་ལོ་སུམ་ཅུ་ལྷག་ལ་ཆོས་གསུང་དགོས་གསུངས་པ་བཞིན། རྗེས་སུ་ཨ་རི་དང་ཐེ་ཝན་སོགས་ཡུལ་གྲུ་མང་པོར་འགྲོ་བའི་དོན་མཛད་ཡོད།
དགུང་ལོ་༨༡སྟེང་ནས་སྐྲན་ནད་ཡོད་པར་ཐག་བཅད་དེ་གཤག་བཅོས་བྱས་རྗེས་སྨན་པས་ཆེས་རིང་མཐའ་ཡང་ལོ་ལྔ་ལས་འཚོ་མི་ཐུབ་པར་བཤད་ཡོད་ནའང་། དེ་ལས་སླར་ཡང་ལོ་ཉི་ཤུ་ལྷག་བཞུགས་པ་སོགས་བཙོན་ལས་གྲོལ་བ་ནས་བརྩིས་ན་མི་ལོ་སོ་གསུམ་ལས་ལྷག་ཅིག་ཏུ་འགྲོ་བའི་དོན་དུ་བཞུགས་ཡོད་པ་སོགས་སྐྱེས་བུ་དམ་པའི་རང་རྟགས་མངོན་པར་གསལ་ཅིང་། ཡང་ཁོང་གི་འཁྲུངས་སྐར་ཉིན་རི་བོ་རྩེ་ལྔའི་གནས་མཇལ་ལམ་རིན་གང་ཡང་སྤྲོད་མི་དགོས་པ་སོགས་དད་ལྡན་མང་པོའི་སེམས་སུ་གཟི་བརྗིད་ཟླ་བ་ལྟར་གསལ་བ་ཞིག་ཡིན།
རྒྱུན་གྱི་ཐུགས་ཉམས་སུ་བཞེས་པའི་ཆོས་ལ་མདོ་སྔགས་ཟུང་འབྲེལ་དང་ཞི་ལྷག་ཟུང་འབྲེལ་སོགས་དགེ་ལྡན་པ་སྤྱིའི་ལུགས་ཀྱི་ཟབ་ཆོས་མང་པོ་ཡོད་ཅིང་། སློབ་མ་རྣམས་ལ་གཙོ་བོར་མདོ་སྡེ་ཕལ་ཆེན་དང་ས་སྙིང་སོགས་ཀྱི་བཤད་པ་རྒྱས་པར་བསྩལ་ཏེ་མཐར་དགུང་གྲངས་བརྒྱ་དང་ལྡོག་པོ་གསུམ་ལོན་པ། ཕྱི་ལོ་༢༠༡༧ལོའི་༡༡、 ༢༧གྱི་ཕྱི་དྲོར་གནས་མཆོག་རི་བོ་རྩེ་ལྔར་གཟུགས་སྐུ་རག་པའི་བཀོད་པ་ཆོས་དབྱིངས་སུ་བསྡུས།
ཁོང་གི་གསུང་གི་སྐོར་ལ་ཡང་། 《སེམས་བསྐྱེད། 》《སའི་སྙིང་པོའི་མདོ་དོན་རག་པ། 》《མདོ་སྡེ་ཕལ་བོ་ཆེའི་དགོངས་པ་སླ་བར་བཤད་པ། 》《ཤེར་སྙིང་གི་བཤད་པ། 》 སོགས་ཀྱིས་མཚོན་གསུང་བཤད་སྒྲ་བླངས་པ་དང་ཡི་གེར་བཀོད་པ་སོགས་མང་པོ་ཡོད་ལ་རྣམ་ཐར་ཞིབ་མོ་ནི་རྒྱའི་ཡི་གེ་དག་ལས་རིམ་གྱིས་གསལ་ཡོང་ངེས།