ཤར་ནུབ་གཉིས་སུ་འབོད་པའི་ལྷ་ཁང་སེར་པོ་གཉིས་ནི་པེ་ཅིན་གྱི་རྡེ་ཧྲེང་སྒོ་མོ་ཆེ་དང་། ཨན་ཏིང་སྒོ་མོ་ཆེའི་དབར་ལ་སྟེ། ད་ལྟའི་ཧོང་ཟི་ཁྲོམ་ལམ་དུ་ཆགས། དེ་ཡང“ཧོང་ཟི”ཞེས་པ་བོད་ཡིག་དོན་བསྒྱུར་གྱི་དབང་དུ་ལྷ་ཁང་སེར་པོ་དང་། སྒྲ་ཐད་བསྒྱུར་གྱི་དབང་དུ་ཧོང་ཟི་ཞེས་གཞི་དོན་གཅིག་རང་ལ་གོ་བ་ཡིན།
ལྷ་ཁང་བཞེངས་སྔ་རྟིང་ལ་མཚོན་ན་ལྷ་ཁང་སེར་པོ་ཤར་མ་སྔོན་དང་། ནུབ་མ་རྗེས་ལ་སྟེ། ཤུན་ཅི་ཁྲི་ལོ་བརྒྱད་པར(སྤྱི་ལོ༡༦༥༡ལོ)ལྷ་ཁང་སེར་པོ་ཤར་མ་དང་ཤུན་ཅི་ཁྲི་ལོ་དགུ་པར(སྤྱི་ལོ༡༦༥༢ལོ)ལྷ་ཁང་སེར་པོ་ནུབ་མ་བཞེངས། “ཏཱ་ལའི་བླ་མ་མཆོག་ཞྭ་སེར་བསྟན་པའི་བདག་པོ་ཡིན་གཤིས་ཤུན་ཅི་ཁྲི་ལོ་དགུ་པར་དགོན་པ་དེ་བཞེངས་འགོ་ཚུགས”ལྷ་ཁང་སེར་པོ་ཤར་ནུབ་ཕན་ཚུན་འབྲེལ་ནས་ཆགས། “ཤར་ནུབ་གཉིས་ནི་ལྕགས་རི་གཅིག་ལ་རྩིག་ལུགས་གཉིས་ལྟར་སྣང་བས་ཡུལ་མི་རྣམས་ཀྱིས་ལྷ་ཁང་སེར་པོ་གཉིས་ཞེས་འབོད”དེ་གཉིས་ཀ་ཏཱ་ལའི་སྐུ་ཕྲེང་ལྔ་པ་དང་འབྲེང་ཞིང་། “རྒྱལ་ཁབ་བཙུགས་མ་ཐག་པར་ཏཱ་ལའི་བླ་མ་ནས་ནུབ་བྱང་སྡེ་རིས་རྣམས་གོང་མར་སྐྱབས་བཅོལ་དུ་འཁྲིད་སྟོན་མཛད་དེ་ཤུན་ཅི་ལོར་རྒྱལ་སར་བྱོན་པ་གང་དེའི་བསྟི་གནས་ཀུན་ཞི་ཆོས་སྡེ་ཞེས་པ་གསར་དུ་བཞེངས་དགོས་པའི་བཀའ་བསྩལ།” དོན་དེ་ལས་ཏཱ་ལའི་སྐུ་ཕྲེང་ལྔ་པ་པེ་ཅིན་ལ་ཕེབས་སྐབས་རེ་ཞིག་ལྷ་ཁང་སེར་པོ་ཤར་མར་བཞུགས་པ་སྣང་ཡང་ཁོང་འདི་གར་བཞུགས་ཡུན་ཤིན་ཏུ་ཐུང་། དེ་འཕྲལ་གསར་དུ་བཞེངས་པའི་ལྷ་ཁང་སེར་པོ་ནུབ་མར་སྤྲོ་བཞུགས་གནང་འདུག ཏྰ་ལའི་སྐུ་ཕྲེང་ལྔ་པ“ཁྲི་ལོ་དགུ་པ་ཆུ་འབྲུག་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་རྒྱལ་ས་པེ་ཅིན་དུ་ཕེབས།” “ཚེས་བཅུ་བདུན་ཉིན་གསར་དུ་བཞེངས་པའི་ཕོ་བྲང་གསར་པ(མཆན། ཧོང་ཟི་ལ་ཟེར)ལ་སྤོ་བཞུགས་གནང་།”
ལྷ་ཁང་སེར་པོ་ནུབ་མ་ནི་ལྷ་ཁང་སེར་པོ་ཤར་མར་བསྙེས་ནས་ཡོད་ཅིང་། 《གཡུང་དགོན་གནས་གཟིགས་སྣེ་ཤན་དུས་དེབ》ནང་ལྷ་ཁང་སེར་པོ་ནུབ་མར“ཏཱ་ལའི་དགོན་པ་ཞེས་འབོད”པའི་དོན་བསྟན། དོན་དུ་དུས་དེབ་དེར་གསལ་བའི་པར་རིས་དང་འགྲེལ་པར་བལྟས་ན་ཏཱ་ལའི་དགོན་པ་ཞེས་པ་འདི་སྔ་མོ་ཁེའོ་དང་ཅིན་རྒྱལ་རབས་སུ་བཞེངས་པའི་ལྷ་ཁང་རྙིང་གྲས་ཁང་ཐོག་གཉིས་བརྩེགས་གྲུ་བཞི་མར་རྒྱ་ཕིབས་རི་བོ་ལངས་གཟུགས་ཀྱི་རྣམ་པ་ལྡན་པ། ཤིང་རྒྱུ་ཡོངས་རྫོགས་ནན་མུའུ་ཞེས་པའི་མཁྲེགས་ཤིང་རྩ་ཆེན་ལས་གྲུབ་པ། ཁྱོན་ཁང་མིག་གྱ་གཅིག་ཀ་རིང་ཆེ་མོ་ལས་དབྱེ་བའི་སྟེང་ཤོད་མཐའ་བཞི་བསིལ་ཁྱམས་ཀྱིས་འབྲེལ་བ་ལ་སྤྲིན་འཕུར་མདའ་གཡབ་གཤོག་རྩེ་གྱེན་དུ་འཕྱོགས་པ་དང་ལྡན་པ་བཅས་གྲུབ་ཆ་ཁྱད་མཚར་ལ་དམིགས་སུ་ཐོན་པ་ནི་རྒྱལ་སར་འདི་ཁོ་ན་ལས་མེད་པ་ཞིག་ཡིན་འདུག་པ་དེར། ཏཱ་ལའི་སྐུ་ཕྲེང་ལྔ་པ་དང་ཐོག་བཞུགས་མྱོང་ཤོས་ཆེ་ཡང་ཕངས་པ་ཞིག་ལ་ད་ནི་སྐྲུན་དངོས་དེ་མེད་པར་གྱུར་ཅིང་། ད་ལྟ་ལྷ་ཁང་སེར་པོ་ནུབ་མར་སྐྲུན་དངོས་གཙོ་བོ་བརྒྱ་བྱིན་ལྷ་ཁང་དང་། གསང་བདེ་འཇིགས་གསུམ་གྱི་ལྷ་ཁང་ཡོད་པའི་ཐོག་རིམ་བར་མ་ཞིག དེ་འཕྲོས་གཞོགས་ཤར་ནུབ་གཉིས་སུ་འཁོད་པའི་ཞར་འདོགས་ལྷ་ཁང་བཅུ་ལྷག་ཙམ་ལས་གཞན་གང་ཡང་ལུས་མེད། ད་ལྟ་རྭ་བའི་དབུས་ཀྱི་རྟ་བབ་རྒྱ་ཕིབས་ཅན་དང་། རྫ་གཡམ་སེར་རྩི་མའི་རྒྱ་ཕིབས་ལྡན་པའི་གསང་བདེ་འཇིགས་གསུམ་གྱི་ལྷ་ཁང་། དེ་བཞིན་ལྷ་ཁང་མདུན་ངོས་སྡིངས་ཆ་དང་། གཡུ་འབྲུག་ཆ་བརྐོས་ཀྱི་རྡོ་སྟེགས་བཅས་ཤུལ་དངོས་ལྷག་མ་དེ་ཙམ་ལ་བལྟས་པས་ཀྱང་སྔ་དུས་དགོན་པ་དེ་བརྗིད་ཉམས་ལྟ་བས་ཆོག་མི་ཤེས་པར་སྣང་བ་ཤེས་ཐུབ། །
ཏཱ་ལའི་སྐུ་ཕྲེང་ལྔ་པ་པེ་ཅིན་དུ་བཞུགས་རིང་གོང་མ་ཤུན་ཅིས་སྐྱེད་ཚལ་ལྷོ་མའི་རྔོན་རྭ་ཐང་། རྡེ་ཧྲའུ་དགོན། དེ་བཞིན་ཐའེ་ཧོ་ཕོ་བྲང་སོགས་སུ་སྟོན་མོ་ཐེངས་མང་བཤམས་ཤིང་། ནོར་རྫས་གྱ་ནོམ་པ་ཕུལ། ཁོང་པེ་ཅིན་ལ་ཟླ་ལྔ་ཙམ་བཞུགས་མཐར་སྡེ་དགེ་བརྒྱུད་ནས་བོད་ལ་ཕྱིར་ཕེབས་མཛད། ཁོང་ནི་ཏཱ་ལའི་བླ་མ་ཞེས་པའི་ཆོ་ལོ་ཐོབ་མཁན་སྤྲུལ་སྐུ་དང་པོ་དེ་ཡིན་ལ་མན་ཇུའི་དུས་རབས་སུ་རྒྱལ་ས་པེ་ཅིན་ལ་ཕེབས་མཁན་བོད་ཀྱི་སྙན་གྲགས་ཆེ་ཤོས་ལྡན་པའི་མཆོད་བྱེད་མི་སྣ་དང་པོ་དེ་ཡང་ཡིན།
གཞན་ཡང་ལོ་རྒྱུས་ཡིག་ཆར་གསལ་བ་ལྟར་ན་ཏཱ་ལའི་སྐུ་ཕྲེང་ལྔ་པའི་རྗེས་སུ་ལྷ་ཁང་སེར་པོ་ནུབ་མར་གོང་མ་ཁང་ཞིས་འཇུག་གར་བའི་དོན་རྐྱེན་ནང་ལེ་ཐོགས་པའི་ཉེས་ཅན་དབྱི་ལི་གུ་ཁེ་སན་ཞེས་པར་ཁྲིམས་བཅད། “དབྱི་ལེ་གུ་ཁེ་སན་ཧོ་ཐོག་དུ་འཇུ་བཟུང་གིས་དེ་གར་ཁྲིད་རྗེས། གོང་མའི་སྐུ་ཉེ་དཔོན་རིགས་ཝང་ཀུང་གྲས་མན་ཆོད་སོག་པོའི་རྒྱལ་པོ་དང་། ཞི་དྲག་བློན་ཆེན་བླ་མ་དཔོན་རིགས་སོགས་མང་པོ་ལྷ་ཁང་སེར་པོར་འདུས་པའི་སར། དབྱི་ལེ་གུ་ཁེ་སན་ཧོ་ཐོག་ཐུ་དང་། མོང་ཁོ་ལེ་གཉིས་ལ་ཡན་ལག་གཅོད་གཏུབ་ཀྱི་སྲོག་ཐོག་ཉེས་བཅད།”(《བྱང་ཕྱོགས་བྱེ་ཐང་ཡུལ་གྲུ་ཞོད་འཇགས་ཀྱི་ལོ་རྒྱུས》ཞེས་པའི་བམ་པོ་ཞེ་དྲུག་ལ་གསལ)། །