ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

མཚོ་སྔོན་མཚོ་ལྷོ་ཁུལ་འབའ་རྫོང་དཀར་མོ་དགོན་པའི་ངོ་སྤྲོད་མདོར་བསྡུས།

སྤེལ་དུས 2018-01-09 ཡོང་ཁུངས། དུས་དེབ། རྩོམ་པ་པོ། ཆོས་སྒྲོན་གྱིས་བསྒྲིགས།

གཅིག དགོན་པ་གང་དུ་བཞེངས་པའི་གནས།
          དཀར་མོ་དགོན་མཁའ་སྤྱོད་གསང་ཆེན་སྒྲུབ་སྡེ་དགའ་ལྡན་བཀྲ་ཤིས་ཆོས་གླིང་ནི། མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་ཐང་རྒན་ཞང་གི་ནུབ་ཕྱོགས་འཇང་ཆེན་ཆུ་བོ་དང་རང་བྱུང་ནགས་ཚལ་ཆེན་པོའི་འགྲམ་རྒྱུད་དུ་ཆགས་ཡོད་ལ། རྫོང་ནས་དགོན་པའི་པར་ཐག་ནི་སྤྱི་ལེ་༤༦ཡིན། 
ང་བརྒྱད་ཡར་སྔོན་གྲྭ་བ་ཉི་ཤུ་ཙམ་བཞུགས་ཡོད་ལ། ད་ལྟ་གྲྭ་བ་བརྒྱ་དང་ལྔ་བཅུ་ལྷག་བཞུགས།
          ས་ལ་དགེ་བཅུ་འཛོམས་ཤིང་ནགས་ཚལ་དང་འདབ་ཆགས་རི་དྭགས་སོགས་ཀྱིས་བསྐོར་བའི་གནས་ཤིན་ཏུ་སྐྱིད་པ་ཙམ་དུ་མ་ཟད། ལུས་འདུ་འཛི་དང་། ངག་ཅ་ཅོ། སེམས་རྣམ་རྟོག་གིས་དབེན་པའི་བསམ་གཏན་གྱི་གནས། ཐུགས་དམ་འཕེལ་ཞིང་རྟོགས་པ་མངོན་འགྱུར་ཐོབ་པའི་གནས་མཆོག་བསམ་གྱིས་མི་ཁྱབ་པ་ཞིག་ཏུ་སྔོན་ནས་གྲུབ་ཡོད། 
          དཀར་མོ་ཕུག་ཅེས་མིང་ཐོགས་དོན་ནི། རབ་བྱུང་བཅུ་གསུམ་པའི་མེ་བྱི་སྟེ་སྤྱི་ལོ་༡༧༧༧ལོར་རྒྱ་ལི་ཚང་དང་གཙང་བ་ཚང་སོགས་ཀྱིས་གསེར་ལག་དགོན་ས་བཙལ་སྐབས་འདིའི་རྟེན་འབྲེལ་ཕུན་སུམ་ཚོགས་པས་ཡིད་དྲངས་ཏེ་འཇང་ཆུང་ནས་གནས་འདིར་ཕེབས། ས་དཔྱད་གནང་སྐབས་འདིར་དགོན་ས་ཙམ་དུ་མ་ཟད་གྲྭ་བ་ལྔ་བརྒྱའི་གདན་སའང་ཡོད་མོད། གསེར་ལག་ཆགས་པའི་དགོན་ས་མ་རེད། ཕྱི་ནས་རི་ཁྲོད་ཅིག་འབྱུང་ཞེས་ལུང་བསྟན་པ་དང་། ནོར་བུ་དེའུ་ཡག་ཡང་བསམ་གཏན་རྫོང་གི་སྒོ་བསྲུང་ཚུལ་དུ་ཡོད་པའི་ལུང་གསུམ་མདོ་ཡི་སྟག་མོ་ཁེར་ཉལ་ཞིག་དུ་ངོས་བཟུང་ཞེས་རྒན་པ་རྣམས་ཀྱིས་གླེང་། རྗེས་ནས་རྭ་རྒྱ་དགོན་པའི་ཚེ་བློས་བཏང་གི་རི་ཁྲོད་པ་ཞིག་གནས་འདིར་ཕེབས་ནས་ཚེ་མཚམས་ལ་བཞུགས། (ཤིང་བཟའ་བློ་བཟང་དར་རྒྱས་ཀྱི་དངོས་སློབ་ཅིག་ཡིན) ཁོང་གི་བསྟེན་བྱའི་ཡི་དམ་གྱི་གཙོ་བོ་ནི་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཡིན། དེར་བརྟེན་ཡུལ་འདིའི་རུ་བ་ཀུན་གྱིས་ཁོང་གི་མཚན་ལ་དཀར་མོ་ཚེ་འཚམས་པ་ཟེར། སྒྲོལ་དཀར་གྱི་ཞལ་གཟིགས་ཐོན་ཅིང་རྟོགས་པ་མཐོན་པོར་སོན་པའི་རྣལ་འབྱོར་བ་གྲུབ་ཐོབ་ཅིག་ཏུ་གྱུར། དེའི་ཕྱིར་དཀར་མོ་ཚེ་འཚམས་པའི་མཚན་ལས་དྲངས་ཏེ་དཀར་མོ་སྒྲུབ་ཕུག་ཅེས་ཡོངས་སུ་གྲགས། དེ་ནས་བཟུང་ཀུན་གྱིས་དཀར་མོ་ཕུག་སྒྲོལ་མ་དཀར་མོའི་གནས་ཡིན་ཟེར་བ་དང་། རི་ཁྲོད་འདིའི་གྲྭ་བ་ཡིན་ན་ཚེ་ལ་བར་ཆད་མེད་ཅིང་ཚེ་ཐག་རིང་ཟེར་བ་སོགས་ཀྱང་སྒྲོལ་དཀར་ཚེ་ལྷ་ཡིན་པའི་རྒྱུ་མཚན་ལ་གཏུགས་ཏེ་སྨྲའོ། །
          གང་ལྟར་སྒྲོལ་མ་དཀར་མོའི་སྒྲུབ་ཕུག་ཅེས་ད་ལྟའི་བར་དུ་མིང་འདི་རྒྱུན་ཆགས་སུ་གནས་པ་ནི་གསེར་ཕྲེང་ལས། རང་དང་གཞན་རྒྱུད་དུ་གཏོགས་པའི་བྱེད་པ་ལྔ་དང་གཅིག་གོ་ཞེས་སྒོམ་ལམ་གྱི་བྱེད་པ་དྲུག་གསུང་བའི་དྲུག་པ་སྒོམ་ལམ་པ་གང་དུ་གནས་པའི་རྟེན་གྱི་ཡུལ་ཕྱོགས་ལྷ་མིས་མཆོད་པར་བྱ་བའི་ཡུལ་དུ་གསུང་བ་ལྟར་ཚེ་མཚམས་པས་བྱིན་གྱིས་རླབས་ཤིང་མཆོད་རྟེན་དུ་གྱུར་པའི་ཆ་ནས་མིང་དང་བྱིན་རླབས་རྒྱུན་ཆགས་སུ་གནས་པ་རེད། རྗེས་སུའང་སྒྲུབ་པ་སྙིང་བོར་གཞོལ་བའི་རྣལ་འབྱོར་བ་ཉི་ཤུ་རྩ་ལྔ་ལྷག་ལ་གནས་འདིར་ཡི་དམ་ལྷའི་ཞལ་གཟིགས་ཐོན་པར་གསུངས།
རབ་བྱུང་བཅོ་ལྔ་བའི་མེ་སྟག༼    ༡༩༢༦    ༽ལོར་སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེ་འཇམ་དབྱངས་མཁྱེན་རབ་དཔལ་བཟང་བོ་མཆོག་ཉིད་སྐུ་འཁོར་སློབ་མའི་ཚོགས་བཅས་དབེན་ས་སྙན་བརྒྱུད་ཀྱི་གདམས་པའི་ཁྲིད་ཆེན་བཞིའི་ཡ་གྱལ་གཅོད་གདན་ཐོག་གཅིག་མའི་ཆི་མིག་གཉན་ཁྲོད་འགྲིམས་ནས་གནས་འདིར་ཕེབས་ཏེ། མདུན་རིའི་རྩ་ན་བཞུགས་དུས་རྒྱབ་རིའི་མགུལ་ནས་རྣམ་པར་བཀྲ་བའི་འཇའ་ཚོན་སྣ་ལྔའི་དར་ཐག་འཐེན་པའི་ལམ་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྒོ་མཚམས་ལྷ་མོ་བརྒྱད་ཀྱིས་བསྐོར་བ་ཞལ་གཟིགས་བྱུང་ལ། དེར་མ་ཟད་དེ་དུས་མ་འོངས་པ་ན་རི་ཁྲོད་འདེབས་གསུང་གི་སྣང་བའང་བསྩལ་ཡོད་དེ། འདིའི་བསམ་གཏན་རྫོང་ནི་བྲག་རི་མཐོ་ཞིང་བརྗིད་ལ་ནགས་ཚལ་སྟུག་ཅིང་དོག་པས་ཅུང་ཟད་འཇིགས་སེ་བ་ཞིག་ཡིན་ལ། འདིའི་ནང་ན་མཁའ་འགྲོའི་ཚོགས་ཁང་དུ་གྲགས་པ་ཆོས་འབྱུང་ཉིས་བརྩེགས་ཀྱི་དབྱིབས་བཏོད་པའི་རྡོ་བརྩེགས་ཆེན་པོ་དང། ཀྲི་ཎའི་པགས་པའི་གཟུགས་རིས་གསལ་བར་མངོན་པའི་རྡོ་དང་། མཆོད་རྟེན་དང་རྡོར་དྲིལ་དང་ཌ་མ་རི་སོགས་བྲག་ངོས་ལ་རང་བྱོན་གྱི་ཚུལ་དུ་ཡོད། གཞན་ཡང་རི་ངོས་ན་བྲག་ཁུང་སྟོང་བ་དང། ཆུ་གནམ་འབབ། ཤུག་པ་ཁེར་སྐྱེས་སོགས་ས་བཙན་པའི་རང་རྟགས་ཀྱང་འཛོམས། རྫོང་རྩེ་ན་སྐུ་ཕྱོགས་ཨོའུ་རྒྱ་རྡོ་རྗེ་འཆང་སྐུ་གོང་མའི་རྩ་རླུང་འཕྲུལ་འཁོར་གྱི་ལས་རིམ་སྒོམ་པའི་བཞུགས་གནས་ཡ་མཚན་བྱིན་རླབས་ཅན་ཞིག་ཡོད།
          གཞན་ཡང་གནས་མིང་དོན་དང་མཐུན་པ་འདི་དག་ཡོད་དེ། རྗེའི་གསང་ཕུ། དུར་ཁྲོད་མཁའ་འགྲོའི་བྲོ་ར། སྤྲེའུ་སྒོམ་ཆེན། སྡེ་བཞིའི་ཉག ནོར་བུ་དེའུ་ཡག བཀྲ་ཤིསབདུད་རྩི། ཚེ་འཛིན་སྡོང་བོ། ཆོས་སྒང། གསེར་ཉ་སྣ་སྦྲེལ། རྒྱལ་མཚན་རི། རི་བུམ་པ། པད་མ་ལུང་། ཆོས་འཁོར་ཀླད། ལྷ་རི་ཞལ་དཀར། མཁའ་འགྲོའི་རྒྱལ་མཚན། རི་བོ་དཔལ་འབར་སོགས་ས་བཀྲ་ལེགས་ཤིང་གནས་བཤད་འཛོམས་པ་ཡོད་ལ། གཞན་ཡང་དགོན་པའི་ས་དབྱིབས་ཟུར་གསུམ་དང་གནན་ཟུར་གསུམ་སྟེ་ཆོས་འབྱུང་ཉིས་བརྩེགས། དགོན་པའི་ཡར་ནང་གི་ལ་གྲུ་མོ་ན་འཇང་ཆེན་ཆུ་བོ་བཞུར་སྟངས་ཀྱིས་ནོར་བུ་དགའ་འཁྱིལ་དང་མར་ནང་གི་གླང་ཆེན་སྣ་སྦྲེལ་ནའང་ནོར་བུ་དགའ་འཁྱིལ་གྱི་དབྱིབས་དངོས་སུ་གསལ་བོར་ཡོད་པས་དགའ་འཁྱིལ་ཆ་འགྲིག་སྟེ་མདོར་ན་རྗེ་བཙུན་མཁའ་སྤྱོད་དབང་མོའི་དཀྱིལ་འཁོར་དངོས་སུ་གྲུབ་ཡོད། དེར་མ་ཟད་པཎ་གྲུབ་ནཱ་རོ་པས་རྗེ་ཕམ་མཐིང་བ་ལ་ལུང་བསྟན་ཏེ་ཁྱོད་གངས་ཅན་བོད་དུ་སོང་དང་ལུས་རྟེན་གཅིག་ལ་སངས་རྒྱས་པའི་གནས་ཤིག་དང་འཕྲད་ཡོང་། དེ་ནི་ཆུ་བོ་ཆེན་པོ་ལྷོ་ནས་ནུབ་དུ་འབབས་པ་ནུབ་ན་ནོར་བུ་དགའ་འཁྱིལ་གྱི་དབྱིབས་དངོས་སུ་ཡོད་པ་ཞིག་ཡིན། དེ་རུ་སྒོམ་ན་ཟུང་འཇུག་གི་སྐུ་ཐོབ་པར་གསུངས་པའི་གནས་ཀན་སུའུ་ལོ་ཀྱཱ་ཏུང་བདེ་མཆོག་རང་བྱོན་ཡོད་ས་དེའུ་དོན་ཡང་འདི་ལ་ཡོངས་སུ་འཛོམས་འདུག
          དུར་ཁྲོད་མཁའ་འགྲོའི་བྲོ་རྭ་ནི་སྐུ་ཕྱོགས་ཨོའུ་རྒྱ་རྡོ་རྗེ་འཆང་ཚང་དང་རྗེ་བཙུན་ཆེན་པོ་བློ་བཟང་འོད་ཟེར་ཚང་སོགས་ཀྱིས་རྗེ་བཙུན་མའི་བསྙེན་ཆེན་དང་དུར་བདག་གི་ལས་བཞི་མཛད་པའི་གནས་ཡིན་ལ། དེ་ནི་མཁའ་འགྲོ་མའི་ཕྱག་གི་ཐོད་པའི་ནང་ཡིན།
དེའི་དྲང་ཐད་ཀྱི་མདུན་རི་ནི་མྱོས་བུམ་རྒྱས་པ་ལྟ་བུ་རྗེ་བཙུན་མའི་རྒྱུན་གཏོར་དང་དུར་བདག་གི་གཏོར་མ་བཅས་དངོས་སུ་བཤམས་པ་ལྟར་སྣང་ལ། གསང་བ་ནི་བདེ་མཆོག་ཡབ་ཡུམ་གྱི་དཀྱིལ་འཁོར་ཡིན་ཟེར།ནོར་བུ་སྟག་སྒང་དང་འཇང་ཆེན་ཆུ་བོ་ནི་སྟག་འབྲུག་ཁ་སྤྲོད་དུ་ས་དཔྱད་ལྟར་གྲུབ་པ་སོགས་ཡ་མཚན་ཆེ་ཞིང་བྱིན་རླབས་ལྡན་པའི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཡིན།  དེ་ནི་དགོན་པ་འདི་གང་དུ་ཆགས་པའི་གནས་སོ།།
གཉིས་པ། དགོན་པ་ཇི་ལྟར་བཏབ་པའི་ཚུལ།
          དེ་ལྟ་བུའི་གནས་ཕུན་སུམ་ཚོགས་པར་སྐུ་ཕྱོགས་ཨོའུ་རྒྱ་རྡོ་རྗེ་འཆང་སྐུ་ཕྲེང་དྲུག་པ་ཚང་ལ་ཡི་དམ་ལྷས་གནང་བ་ཐོབ་སྟེ་ལུང་བསྟན་པ་དང་། ལྷག་པར་སྐུ་ཕྱོགས་ཨ་རིག་ཚང་མྱ་ངན་ལས་འདའ་ཁར་ངེད་ཀྱིས་དཀར་མོ་ཕུག་ནས་རི་ཁྲོད་ཅིག་འདེབས་བསམ་ཀྱང་ལོ་ཡིས་མ་ལྕོགས། ད་ཁྱོད་ཀྱིས་ངེས་པར་དུ་ཐོབ་དང་རི་ཁྲོད་དགོན་པ་ལེགས་པོ་ཞིག་འོང་། དེར་མ་ཟད་རྒྱལ་དབང་ལྔ་བ་རིན་པོ་ཆེའི་ལམ་རིམ་འཇམ་དཔལ་ཞལ་ལུང་འདི་མདོ་སྨད་ལ་དཔར་མེད་ནས་རྒྱུན་ཆད་ལ་ཉེ། དེའི་པར་ཞིག་བརྐོས་ཏེ་དགོན་པར་བཞུགས་ན་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཞིག་ཡོད་ཅེས་གསུངས། 
འདི་གསུང་གི་མཐའ་མར་གྱུར་བའི་དབང་གིས་རྗེ་ཉིད་ཀྱི་ཐུགས་ལ་བརྟན་པོར་བཟུང་སྟེ་ཁོང་ཉིད་དགུང་ལོ་སོ་བརྒྱད་པ། རབ་བྱུང་བཅུ་དྲུག་པའི་བགྲང་བྱ་གསུམ་པ་ས་སྦྲུལ༼༡༩༢༩༽ལོའི་ས་ག་ཟླ་བའི་ཡར་ཚེ་བཟང་པོ་རྒྱལ་བ་དང་པོའི་ཉིན། ས་བརྟག་བསླངས་ཀྱི་སྒོ་ནས་དཀར་ཕྱོགས་ལྷ་ཀླུ་ལ་གྲོགས་འཕྲིན་ལས་བཅོལ་བ་དང་། དམ་པའི་ཆོས་འདུལ་བ་ནས་འབྱུང་བ་ལྟར་ལག་གིས་བླ་བསྐོ་བ་དང་རུང་ཁང་གཅོད་པ་སོགས་བྱས་ནས་གཞི་བཏང་། ཕྱི་འདུལ་བའི་ཀུན་སྤྱོད་རྣམ་པར་དག་པའི་ཚངས་སྤྱོད་ལ་གནས་ནས་ནང་གསང་སྔགས་རིམ་གཉིས་ཀྱི་རྣལ་འབྱོར་གདན་ཐོག་གཅིག་ནས་ཉམས་སུ་ལེན་པའི་ཀུན་སྤངས་འདུལ་བ་འཛིན་པ་བསླབ་གསུམ་ངུར་སྨྲིག་གསོལ་བའི་སྡེ་ཞིག་རིས་མེད་སྐྱེ་འགྲོ་ཀུན་གྱི་དད་གསུམ་བསམ་པའི་རྟེན་གཞི་དང་ཚོགས་གཉིས་བསགས་པའི་ཞིང་ས་དམ་པ། དགའ་ལྡན་སྙན་བརྒྱུད་ཀྱི་གདམས་པ་མཁའ་སྤྱོད་གསང་ཆེན་སྒྲུབ་སྡེ་བཀྲ་ཤིས་ཆོས་གླིང་ཞེས་གསར་དུ་བསྐྲུན་པར་མཛད་དེ།  རྟེན་འབྲེལ་གྱི་ཚུལ་དུ་ཐོག་མའི་གྲྭ་རྒྱུན་ཞིག་བསམ་པ་ན་སྔོན་ནས་རྣམ་དཀར་ལེགས་བྱས་ཀྱི་བསོད་ནམས་མཆོག་ཏུ་རྒྱས་ཤིང་རྗེ་ཉིད་ཀྱི་གསུང་གི་བདུད་རྩིས་བསྐྱངས་པའི་བྱིས་པ་ལོ་བཅུ་ཅན་ཞིག་སྒོ་མེ་ནས་སྔགས་སའི་མཚམས་ཐོག་གོང་ཞོལ་བརྒྱུད་དུས་སྐྱེས་ཆེན་དམ་པ་གཉིས་ཀྱིས་ཐུགས་ཐག་བཅད་དེ་བཤོལ་བཏབ་ཀྱང་མ་ཁོག་པར་རྨ་ཆུར་བརྒལ། འཇང་ཆུང་ནས་ཉིན་དེར་ཚུར་དགོན་ནང་དུ་ཕེབས་པ་ནི་ལྕང་སྐྱ་འཇིགས་མེད་དར་རྒྱས་ཀྱི་སྤྲུལ་བའི་སྐུ་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་དར་རྒྱས་ཚང་ཡིན་ཚུལ་འདི་ནི་ཆེས་ཤིན་ཏུ་ཡ་མཚན་པའི་རྣམ་པར་ཐར་བ་གསང་གསུམ་འཕྲུལ་གྱི་རྟོགས་པ་བསམ་གྱིས་མི་ཁྱབ་པའི་མཐུ་ཡིས་ཇི་སྲིད་བར་དུ་དགོན་པ་འདི་འཛིན་སྐྱོང་སྤེལ་བའི་སྐྱེས་ཆེན་དམ་པ་བར་མ་ཆད་པར་འབྱོན་པའི་རྟགས་ཡང་དག་གོ །
          ཚུལ་འདི་ལ་སྐུ་ཕྱོགས་གཙང་རྒན་ཚང་གིས། ཇི་ལྟ་ཇི་རྙེད་ཤེས་བྱའི་རྣམ་པ་ཀུན། ། གསལ་ལེར་མཁྱེན་པས་ཚེ་འཛིན་སྒྲུབ་ཕུག་གཟིགས། ། ཞེས་སོགས་གསུངས།
གསུམ་པ། གནས་ཀྱི་གསང་བ་བརྗོད་པ།
          གནས་འདི་མཁའ་སྤྱོད་གསང་ཆེན་གྲུབ་པའི་སྒྲུབ་ཕུག་ཏུ་བརྗོད་པ་ནི། ཐོག་མར་སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེ་ཚང་འདིར་ཆུ་མིག་ལ་ཕེབས་དུས་རྗེ་བཙུན་མ་སྒོ་མཚམས་བརྒྱད་ཀྱིས་བསྐོར་བ་ཞལ་གཟིགས་ཤིང་གསུང་གི་ལུང་བསྟན་ཐོབ་པ་དང་། རི་ཁྲོད་བཏབ་རྗེས་རྡོ་རྗེའི་སློབ་མ་བཞི་བཅུ་སྐོར་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་སྩོལ་སྐབས་འཇའ་ཚོན་གྱིས་བཀྲ་བའི་ལྡིང་ཁང་ན་འོད་དམར་པོ་ཟླུམ་པོ་འཁྱིལ་བའི་དབུས་ན་རྗེ་ཁོང་ཉིད་ཡུམ་ཆེན་དབང་མོའི་སྐུར་གྱུར་བའི་གཟིགས་སྣང་བྱུང་བ་དང་། དགུ་བའི་ཡར་ངོའི་ཚེས་བཅུའི་ཉིན་ཚོགས་འཁོར་མཆོད་པ་རྒྱ་ཆེར་མཛད་དུས་གཟིམ་གུར་འཇའ་ཚོན་གྱིས་བཏུམས་པ་དང་མ་ད་ན་དང་ཀ་པ་ལ་འཕྱུར་ཏེ་ཕྱི་རོལ་དུ་འབོ་བ་སོགས་མཁའ་སྤྱོད་དགྱེས་པའི་རྟགས་མཚན་མང་དུ་བྱུང་།
          དེའི་སྟབས་ཀྱིས་འདིར་མཁའ་སྤྱོད་མའི་ཡར་ངོའི་མར་ངོའི་ཚེས་བཅུ་དང་སྒྲུབ་ཐབས་སོགས་ཆ་ཚང་བར་ས་སྐྱ་དང་ཀིརྟི་གཉིས་ཀའི་ཆོ་ག་ཕྱག་ལེན་ལྟར་བཙུགས་པ་ད་ལྟའི་བར་རྒྱུན་ཆགས་སུ་གནས་པ་རེད།
          ཀིརྟིའི་ཆོ་ག་ནི་ཀི་རྟི་བློ་བཟང་འཕྲིན་ལས་ནས་བརྒྱུད་པ་ཡིན་ཡང་དེ་དང་སྒོ་བསྟུན་ནས་ཨོའུ་རྒྱ་རྡོ་རྗེ་འཆང་གིས་ཆོ་ག་མཛད། དེ་ལ་ར་ཚང་རྗེ་བློ་བཟང་འོད་ཟེར་ཆེ་བ་ཚང་གིས་ཆོག་བསྒྲིགས་མཛད་པ་ད་ལྟའི་བར་འདོན་བཞིན་པ་འདི་ཡིན། སྐུ་ཕྱོགས་ཨོའུ་རྒྱ་སྐུ་ཕྲེང་བདུན་པ་ཚང་མྱ་ངན་ལས་འདའ་ཁར་ཡང་ཕྱོགས་ཕྱོགས་ནས་འཇའ་ཚོན་གྱི་དྲ་བས་དར་ཐག་འཐེན་པ་དང་དྲི་ཞིམ་པོ་ཐུལ་བ། ཌ་མ་རུའི་སྒྲ་གྲགས་པ་སོགས་བྱུང་། ཉིས་སྟོང་གསུམ་ལོར་རྗེ་ལྕང་སྐྱ་རིན་པོ་ཆེ་ཚང་གིས་༧སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེ་མཆོག་ཚང་དང་ཨ་ལགས་རྫོང་སྔོན་ཚང་སོགས་ལ་བསམ་མི་ཁྱབ་པའི་སྒོམ་རིམ་གནང་དུས་དགོན་པའི་མདུན་རྒྱབ་རིའི་བར་དུ་འཇའ་ཚོན་དྲང་ཐད་ཀྱིས་ཤར་ཏེ་ཡུན་རིང་དུ་བསྡད་པ་སོགས་བྱུང་། དེ་ལྟར་ན་གདན་ས་དཀར་མོ་ཕུག་འདི་མཁའ་སྤྱོད་མའི་གནས་བྱིན་རླབས་དྲོད་མ་ཡལ་བར་འཁྱིལ་བའི་གནས་མཆོག་ཁྱད་པར་ཅན་ཞིག་ཏུ་ཐེ་ཚོམ་མེད་དོ།།
          སྔོན་ཆད་ཕྱི་ནང་གསང་བའི་མཁའ་སྤྱོད་གྲུབ་བའི་རྣལ་འབྱོར་བ་ཉི་ཤུ་རྩ་ལྔ་ལྷག་ཙམ་འདིར་བཞུགས་ནས་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་པར་མ་ཟད། ༡༩༨༦ལོར་ཆོས་སྒོ་ཕྱེས་པའི་རྗེས་སུ་ཡང་འདུལ་བ་འཛིན་པ་ཆེན་པོ་རྗེ་འཇམ་དབྱངས་འོད་རྒྱམ་ཞེས། ནཱ་རོ་མཁའ་སྤྱོད་མའི་རྣལ་འབྱོར་བ་ཁོང་ཉིད་བཞུགས་ཤིང་དབང་བསྐུར་བ་དང་སྐུ་མྱ་ངན་ལས་འདའ་ཁར་མཁའ་སྤྱོད་མའི་སྣང་བ་བྱུང་བ་སོགས་བརྡ་རྟགས་ཡ་མཚན་ཅན་མང་དུ་བྱུང་། དེང་དུས་ཀྱང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་རྟོགས་པ་ཀློང་དུ་བརྡོལ་བ། ཚེ་མཚམས་རི་ཁྲོད་པ་དེང་དུས་ཀྱི་མི་ལ་རས་པ་རྗེ་ལྕང་སྐྱ་རིན་པོ་ཆེ་ཚང་རྫོང་རྩེ་གསང་ཕུ་ན་བཞུགས་ཡོད། དོན་གྱི་གནད་འདིར་དགོངས་ནས་ཨོའུ་རྒྱ་རྡོ་རྗེ་འཆང་སྐུ་ཕྲེང་བརྒྱད་པས། རྒྱལ་ཀུན་སོར་རྟོག་འོད་དམར་བྱུ་རུའི་རྡུལ།། གཟུང་འཛིན་གར་གྱི་དབང་མོ་མཁའ་སྤྱོད་མའི།། སྣོད་བཅུད་དགེ་མཚན་བྱིན་རླབས་རབ་རྫོགས་པའི།། གནས་མཆོག་ཁྱད་པར་ཅན།། ཞེས་དང་། རྨད་བྱུང་ཐུགས་བསྐྱེད་སྨོན་ལམ་མཐུ་གྲུབ་པའི།། བསླབ་གསུམ་ངུར་སྨྲིག་རྒྱལ་མཚན་འཆང་བའི་མགོན།། སྐྱེས་ཆེན་དམ་པ་དུ་མའི་སྒྲུབ་གནས་མཆོག། གདན་ས་དཀར་མོ་ཕུག ཅེས་གསུང་ལ། འདི་ལ་བླ་མ་རིན་པོ་ཆེ་ལྕང་སྐྱ་ཚང་གིས་ཀྱང་བསྔགས་བརྗོད་གནང་། དེང་སྐབས་བན་ཕྲུག་ཆུང་ངུ་རེ་ལའང་མཁའ་སྤྱོད་མའི་ཆོ་ག་གཉིས་བློ་ན་ཤར་ཤར་ཡོད་པ་མ་ཟད་ཆུ་མིག་གཉན་ཁྲོད་འགྲིམ་པ་སོགས་འདིའི་ཉམས་ལེན་སྐོར་རྒྱུན་ཆགས་སུ་ཡོད།། དེ་ལྟར་ན། གནས་འདི་དང་སྔགས་སའི་མཚམས་ཐོག་གོང་ཞོལ། ཆོས་སྒང་། ཨ་ཚོགས་དགོན་པ། རྨ་ཕར་ཁའི་ཐར་ཤུལ་དགོན་པ། བྲག་དཀར་སྤྲེལ་རྫོང་། དེའུ་རྒན་དགོན་པ། ནག་བཟའ་དགོན་པ། ཁྱུང་དམར་དགོན་པ། དྷི༔ཚ་བཀྲ་ཤིས་ཆོས་སྡིངས་སོགས་ལ་རྗེ་བཙུན་མའི་ཆོས་སྐོར་ཐད་ནས་འབྲེལ་བ་ཤིན་ཏུ་ཆེ།
          དེར་མ་ཟད་མང་གཞུང་དང་འབའ་ཁོག རྨ་ཕར་ཁ་ཚུར་ཁའི་རོང་འབྲོག་ཀུན་གྱིས་སྔགས་མ་ཆད་པར་བགྲང་བའི་ཆོས་རྒྱུན་དང་བཀའ་དྲིན་ཡང་དགོན་པ་འདི་དག་ལ་ཐུག་གོ།།
བཞི་བ། དེང་གི་གནས་ཚུལ་མདོར་བསྡུས།
          ད་ནི་ཆོས་སྒོ་་ཕྱེས་ཚུན་གྱི་གནས་ཚུལ་མདོ་ཙམ་བརྗོད་པ་ལ།ཤིང་བྱི(༡༩༨༢)ལོར་ངེས་དོན་གྱི་བླ་མ་རིན་པོ་ཆེ་ཨ་ལགས་ལྕང་སྐྱ་ཚང་གིས་རི་ཁྲོད་འགྲིམས་པའི་ངེས་པ་ཟློག་མེད་དུ་གསེར་ལག་དགོན་ནས་ཆུ་མིག་ཏུ་ཕེབས་པར་ཞལ་བཞེས་མཛད།དོན་དམ་དུ་བླ་མ་རྡོ་རྗེ་་འཆང་གི་གདན་ས་བསྲུང་བསམས་ཏེ་རི་ཁྲོད་འདིར་བྱོན་ནས་རྫོང་རྩེ་གསང་ཕུར་བཞུགས།དེའི་ཕྱི་ལོར་རྗེ་རྣམ་གཉིས་ཀྱི་ཐུགས་སྲས་གཙོ་བོ་རྗེ་འཇམ་དབྱངས་འོད་རྒྱམ་མཆོག་ཉིད་ཕེབས་ནས་གཞི་འཛུགས་པའི་མགོ་མཛད་དེ་སྤྱི་ལོ ༡༧༨༦ལོར་ཆོས་སྒོ་ཕྱེས།
          ༡༩༩༢ལོར།་དགོན་གོང་འོག་གཙོ་བྱས་གཡེར་སྐྱོང་དང་བཅས་བའི་ལྷ་སྡེ་རྣམས་ཀྱིས་རེ་བ་ནན་མོ་ཞུས་བ་ལྟར། ཁུལ་དང་རྫོང་རིམ་པས་ཆོག་མཆན་བཀོད་ནས་་དཀར་མོ་དགོན་པའི་དགོན་བདག་སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེ་ཚང་འཚོལ་རྒྱུར་ཐུགས་ཧ་ཅང་མཐུན་པ་བྱུང་།
          ༡༩༩༣ལོར། ཟླ་༤བའི་ཚེས་༡༡ཉིན། ༧ལ་མོ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་དཔལ་མཆོག་འཇམ་སྐོར་སྡེ་བའི་ཡབ་སྐལ་བཟང་རྒྱལ་དང་ཡུམ་རིན་མོ་འཚོ་གཉིས་ཀྱི་སྲས་བློ་བཟང་རྒྱ་མཚོ་ཉིད་འཇམ་མགོན་བསྟན་པའི་གསལ་བྱེད་སྐུ་ཕྱོགས་ཨོའུ་རྒྱ་རིན་པོའི་སྐུ་ཕྲེང་བརྒྱད་པའི་ཡང་སྤྲུལ་དུ་ངོས་འཛིན་གནང་། ༡༩༩༨ལོ་ནས་བཟུང་ཨོའུ་རྒྱ་རིན་པོ་ཆེ་མཆོག་གིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་མཐར་ཕྱིན་ཏེ་ཕྱིར་ཕེབས། དེ་ནས་བཟུང་དགོན་པའི་འཕེལ་རྒྱས་དང་འཆད་ཉན་གྱི་རིམ་པ་ཐམས་ཅད་ཨོའུ་རྒྱ་རིན་པོ་ཆེ་ཚང་ཁོང་གི་འཛིན་སྐྱོང་ལས་བྱུང་བ་ལགས།
          ༢༠༠༠ལོ་ནས་བཟུང་དགོན་པར་ཆུ་གློག་ལམ་གསུམ་དང་། འདུ་ཁང་ཆེན་མོ་དང་།  ཆོས་ཁྲིད་ཁང་། ཆོས་ར།   སྒོ་བསྟེན་སྨན་ཁང་།སྨན་ལུམ་ཐོག་ཁང་སོགས་བཞེངས།
          ༢༠༠༩ལོར་མཚན་ཉིད་རྩོད་གྲྭ་བཙུགས།ད་དུང་ཟུར་དུ་འཇང་ཆེན་ཚད་མ་རིག་པའི་སློབ་གླིང་བཙུགས་ཏེ་གྲྭ་རྒྱུན་དྲུག་ཅུ་ལྷག་གསོ་སྐྱོང་མཛད། 
          དུས་བཞིའི་ཆོས་གྲྭ་དང་ཆོས་ཐོག་བཞི། ཟླ་རེར་ཡར་ངོ་མར་ངོའི་ཚེས་བཅུ། དགུ་གསུམ་གྱི་དྲུག་ཅུ་བ་བཅས་རྒྱུན་ལྡན་དུ་ཚུགས་ཡོད་པར་མ་ཟད་གྲྭ་བ་བརྒྱ་དང་ལྔ་བཅུ་ལྷག་བཞུགས་ཡོད། བླ་མ་ལྕང་སྐྱ་རིན་པོ་ཆེ། སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེ། ཨ་ལགས་བསྟན་པའི་རྒྱལ་མཚན་ཚང་། ཨ་ལགས་སྐུ་བོའུ་ཚང་། ཨ་ལགས་དགེ་སྤྲུལ་ཚང་།ཨ་ལགས་འགུ་རུ་ཚང་བཅས་བླ་མ་དྲུག དགེ་བའི་བཤེས་གཉེན་རུ་མང་ཐབས་མཁས་ཚང་གིས་དཔེ་ཁྲིད། འཕྲོས་པ། དོགས་གཅོད་སོགས་འཆད་ཉན་བཤད་སྒྲུབ་ཀྱི་ཁུར་བཞེས།
          དགོན་པའི་དམངས་གཙོའི་འགན་ཁུར་བ་བཞི། སློབ་གླིང་གི་སློབ་གཙོ་བཅས་དགེ་རྒན་དྲུག གསོ་སྦྱོང་བླ་མ། རྡོ་རྗེ་འཛིན་པ། ཚོགས་ཆེན་དགེ་བསྐོས། ཚོགས་ཆེན་དབུ་མཛད། དུང་འབུད། ཙི་འབུད་སོགས་དགོན་པའི་ལས་སྣེ་ཁ་ཚང་ཞིང་བསྟན་པའི་གཞི་མ་དགག་དབྱེ་གསོ་གསུམ་གྱིས་མཚོན། འཆད་ཉན་ལེགས་ཚོགས་ཀྱི་རིམ་པ་མཐའ་དག་ཟླ་བ་ཡར་ངོ་བཞིན་འཕེལ་བཞིན་པ་ལགས་སོ།། བཀྲ་ཤིས་བདེ་ལེགས།།