ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

སྐུ་འབུམ་བྱམས་པ་གླིང་གི་ལོ་རྒྱུས་ཀྱི་བྱུང་འཕེལ་མདོ་ཙམ་བརྗོད་པ།

སྤེལ་དུས 2018-02-07 ཡོང་ཁུངས། གཅོད་པ་དོན་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས། རྩོམ་པ་པོ། གཅོད་པ་དོན་གྲུབ།

                                                                                                             མགོ་བརྗོད། 
                                                                                འཕགས་འཕགས་འཇིག་རྟེན་སྲིད་པའི་རྩེ་མོ་ལས། ། 
                                                                                སྙན་སྙན་གྲགས་པའི་རྒྱལ་མཚན་རབ་གཡོ་བའི། ། 
                                                                                མཆོག་མཆོག་སྐུ་འབུམ་དགོན་པའི་གཟི་དཔལ་གྱིས། ། 
                                                                                མཛེས་མཛེས་མདོ་སྨད་ལྗོངས་འདི་རྣམ་པར་བརྒྱན། ། 
ཞེས་པའི་བསྔགས་བརྗོད་ཚིག་གིས་སྔུན་བསུས་ཤིང་།  དེ་ཡང་དགེ་མཚན་ཡོངས་སུ་ཁྱབ་པའི་དཔལ།  ། གངས་ཅན་ཆོལ་ཁ་གསུམ་གྱི་སྐྱེད་ཚལ་ལས།  ། མདོ་སྨད་མགྱོགས་འགྲོའི་ཆོལ་ཁ་འདབ་བརྒྱའི་ཕྲེང་།  ། ཕྱོགས་ཀྱི་བུ་མོའི་སྙན་དུ་ཡོངས་སྨིན་པ།  ། དེ་ལས་ཤར་ཕྱོགས་ཙོང་ཁའི་སྨན་ལྗོངས་ཞེས།  ། རྒྱུ་སྐར་ཁྲོད་ན་ཆུ་ཤེལ་དབང་བོ་བཞིན།  ། མཛེས་པའི་ལང་ཚོ་མ་ལུས་རབ་རྫོགས་པའི།  ། གནས་མཆོག་འདི་ལ་ངོ་མཚར་སྟོང་གིས་བརྒྱན། ། ལྷ་ལམ་རྩིབས་བརྒྱད་འཁོར་ལོའི་ཚུལ་དུ་གནས།  ། ནོར་འཛིན་པད་མ་འདབ་བརྒྱད་དབྱིབས་སུ་འཁྲུངས།  ། ལྷུན་ཆགས་ས་འཛིན་ཕྲེང་བས་ཡོངས་སུ་བསྐོར། ། ཙན་དན་དང་བཅས་སྣ་ཚོགས་འཁྲི་ཤིང་གིས།  ། ཉིན་ཡང་མཚན་མོར་བཀོད་པའི་སྣང་བ་སྟེར།  ། ཡན་ལག་བཞི་ཟུང་ལྡན་པའི་ཙོང་ཆུ་ཞེས།  ། ཆུ་ཀླུང་ལྷུང་ལྷུང་དབང་བོའི་ཕྱོགས་ལ་འབབ།  ། ཕྱུགས་རིགས་དང་ནི་འབྲུ་རིགས་སྣ་ལྔ་བཅས།  ། བྲི་མེད་དཀར་ཕྱོགས་ཟླ་བཞིན་འཕེལ་བའི་ཡུལ།  ། རྒྱབ་རྟེན་རྒྱབ་རི་འབྲུག་ཆུང་ཞེས་པ་འདི།  ། གཡུ་འབྲུག་སྔོན་མོའི་དབྱིབས་བཞིན་ལྷུན་ཞིང་སྡུག ། མདུན་རི་འབྲས་བཟང་སྣ་ཚོགས་སྤུངས་འདྲ་བའི།  ། བང་རིམ་གླེགས་བམ་བརྒྱ་ཕྲག་བརྩེགས་པ་འདྲ།  ། གཡས་རི་མཆོད་རྟེན་དབྱིངས་སུ་བསྙེགས་འདྲ་བའི།  ། ལྟོ་བར་རིན་ཆེན་གཏེར་གྱི་མངལ་ཁུར་ལྕི། ། གཡོན་རི་གླང་ཆེན་འཕྲེད་དུ་འགྱིང་འདྲའི་ངོར།    ། སྲིད་ཞིའི་ཡོན་ཏན་ནོར་བུ་འབུམ་གྱིས་བརྒྱན།    ། ཡངས་པའི་མདའ་ན་གྲོང་དང་གྲོང་ཁྱེར་གྱི།    ། ཁང་བརྩེགས་མཐོན་པོ་མུ་ཏིག་བརྡལ་བ་བཞིན།   ། ལྟ་ན་སྡུག་པའི་ཕ་མཐའ་གཞལ་ནུས་བྲལ།   ། ཕུན་ཚོགས་ཉམས་དགའི་ཙོང་ཁའི་གསེར་གཞོང་ནི། ། འཆི་མེད་དགའ་ཚལ་གནས་འདིར་འཕོས་པ་འདྲ།     ། དེ་འདྲའི་འདབ་བརྒྱ་ལྷུག་པར་བཞད་དབུས་སུ། ། རྨད་བྱུང་གྲུ་འཛིན་རི་བོར་ཅོ་འདྲི་བའི།  ། སྐུ་འབུམ་བྱམས་པ་གླིང་ཞེས་ཆོས་ཀྱི་སྡེ།  ། མཛེས་སྡུག་རྔམ་བརྗིད་དང་བཅས་ལྷང་ངེར་བཞུགས།  ། དེ་ན་རྟེན་གསུམ་ནོར་གྱིས་རབ་བརྒྱན་པའི།   ། ལྷ་ཁང་བརྒྱ་ཕྲག་དུ་མའི་མཛེས་རྩལ་གྱིས།  ། རྣམ་རྒྱལ་ཁང་བཟང་ཡིན་ཀྱང་སྐྱེངས་སྟེར་ན།  ། གནམ་འོག་འདི་ན་འགྲན་ཟླ་ཡོད་རེ་སྐན།  ། དེ་ཡི་རིན་ཆེན་ཡ་ཐོག་རྒྱ་ཕིབས་ཀྱི།  ། གསེར་མདངས་འཁྱུག་པའི་གཟི་འོད་བྱེ་བ་བརྒྱས།    ། མཚན་ཡང་ཉིན་བཞིན་གསལ་ལེར་སྣང་བའི་དཔལ།  ། ཉིན་བྱེད་སྟོང་གིས་འགྲན་ཟླ་མ་བཟོད་པར།  ། སྐྱེངས་ནས་ཆུ་ལྷའི་ཕང་བར་འཁྱུད་པར་བརྩམས།  ། གསེར་གྱི་རྩིག་པ་རབ་མཐོའི་བཞིན་ངོས་ལ།  ། མཐོ་རིས་འོད་ལྔ་ཆགས་འདྲའི་ཚོན་མདངས་ཀྱིས།    ། མངོན་པར་བརྒྱན་པའི་དོན་ལྡན་གཟུགས་རིས་ནི།   ། བྱེད་པོས་བྲིས་པ་ཡིན་ནམ་འཕྱང་མོ་ཉུག  ། རྣམ་པར་མཛེས་པའི་དྲ་བ་དྲ་ཕྱེད་དང་།    ། རྣམ་མང་གསེར་དངུལ་དྲིལ་བུ་གཡེར་ཁའི་ཕྲེང་།  ། རྣམ་པ་མི་གཅིག་གར་གྱི་རི་མོ་ལ།  ། མིག་སྟོང་སྤྲུལ་ནས་བལྟས་ཀྱང་ངོམས་པ་མེད།   ། ནང་རྟེན་འགངས་ཆེན་རིན་བྲལ་ནམ་མཁའི་ནོར།   ། ལྟ་བུའི་གཟི་བྱིན་རབ་ཏུ་འབར་བ་ན།  ། ལྷ་ཡི་དབང་བོ་ཡིན་ཀྱང་རེ་ཞིག་ལ།  ། སུམ་རྩེན་གནས་ལ་འཁྲུལ་ནས་རྣམ་འགྱུར་འཛིན།    ། དེ་ལས་རྒྱལ་བསྟན་གསལ་བྱེད་སྡེ་སྣོད་གསུམ།  ། གཅིག་ཏུ་བསྡུས་པའི་བཀའ་བསྟན་གླེགས་བམ་འབུམ།  ། འཛིན་མས་མ་ཐེག་རྒྱ་མཚོར་ཤོར་དོགས་ནས། ། སྲེད་མེད་བུ་ཡིས་འདེགས་ལ་ངལ་བརྒྱ་བསྟེན།  ། ལྷག་པར་ཉམས་ལྡན་ཕུལ་བྱུང་སྒྱུ་རྩལ་ལས།  ། གྲུབ་པའི་སྣ་ཚོགས་མེ་ཏོག་མཆོད་རྫས་ལ།   ། ལྟ་སྐོར་ཕྱག་མཇལ་ཕེབས་པའི་མི་རིགས་ཀུན།   ། སྤྲིན་དཀར་འདུ་འགོད་ཡང་ཡང་བགྱིད་པར་མཚུངས།   ། དེ་ལྟར་བཀོད་པའི་སྣོད་ཀྱི་འཇིག་རྟེན་འདིའི།  ། ངོ་མཚར་ཟླ་བྲལ་ཡོན་ཏན་སྟོང་ཕྲག་གིས།  ། མཐོ་རིས་གྲོང་ཁྱེར་ཡིན་ཀྱང་དམན་སྟེར་ན།  ། བློ་ལྡན་སྐྱེ་བོའི་ཡིད་དབང་ཅིས་མི་འཕྲོག ། ཅེས་དང་།  ད་ནི་ལོ་རྒྱུས་དངོས་ལ་འཇུག་པར་བྱ་སྟེ།        

དང་པོ།  དགོན་པ་གསར་བཞེངས་ཀྱི་དགོས་པ་དང་བརྒྱུད་རིམ།
          དེ་ཡང་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་སྐུ་འབུམ་བྱམས་པ་གླིང་ཞེས་བྱ་བའི་དགོན་ཆེན་འདི་ནི་མདོ་དབུས་གཙང་གསུམ་གྱི་དགེ་ལུགས་པའི་དགོན་ཆེན་དྲུག་གི་གྲས་སུ་གཏོགས་ཤིང་།   དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྟེ་བ་ཟི་ལིང་གྲོང་ཁྱེར་གྱི་ཡས་ནས་སྤྱི་ལེ་ཉེར་ལྔའི་མཚམས་སུ་མངོན་པར་ཆགས་ཡོད་དོ།  །   
 ཆོས་སྡེ་འདི་ལ་སྤྱི་ལོ1560ལོར་སྒོམ་ཆེན་པ་རིན་ཆེན་བརྩོན་འགྲུས་རྒྱ་མཚོས་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་ལ་རྗེས་དྲན་དུ་དགོན་པ་ཆུང་ངུ་ཞིག་བཏབ་པ་ནས་བརྩིས་ན་ལོ་འཁོར443གྱི་ལོ་རྒྱུས་ལྡན་ཞིང་།  སྤྱི་ལོ1583ལོར་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ཉིད་དགོན་པ་འདིར་ཕེབས་ཏེ་ས་འདུལ་ལམ་ས་རྟགས་མཛད་ནས་ཕལ་ཆེར་ཁང་པའི་གཞི་བཟུང་བ་ནས་བརྩིས་ན་ལོ་འཁོར420འདས་པའི་ལོ་རྒྱུས་ལྡན་ལ།  སྤྱི་ལོ1612ལོར་ཆོས་རྗེ་འོད་ཟེར་རྒྱ་མཚོ་མཆོག་ཁྲི་ཐོག་དང་པོར་བཞུགས་ཏེ།   མཚན་ཉིད་ཀྱི་གྲྭ་ཚང་ཐོག་མར་བཙུགས་པ་ནས་བརྩིས་ན་ལོ་འཁོར391འདས་པའི་ལོ་རྒྱུས་ལྡན་ནོ། །   
དགོན་པ་འདིའི་ལོ་རྒྱུས་ཕྲ་རགས་ཅི་འདྲ་ཞིག་བརྗོད་ཀྱང་ཐོག་མར་ངེས་པར་དུ་སྐུ་འབུམ་གསེར་སྡོང་ཆེན་མོའི་ལོ་རྒྱུས་བརྗོད་དགོས་ཤིང་།  གསེར་སྡོང་ཆེན་མོའི་ལོ་རྒྱུས་དེ་ངེས་པར་དུ་རྗེ་ཙོང་ཁ་པའི་ལོ་རྒྱུས་དང་མ་འབྲེལ་ན་བརྗོད་ཐབས་བྲལ་བའི་དབང་གིས།    སྔོན་ལ་མདོ་སྔགས་བསྟན་པའི་མངའ་བདག་མཁས་པ་ཀུན་གྱི་གཙུག་རྒྱན་རྗེ་ཙོང་ཁ་པ་ཆེན་པོའི་ལོ་རྒྱུས་མདོ་ཙམ་བརྗོད་པར་བྱའོ། །                            
          དེ་ཡང་ཁོང་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ཉིས་བརྒྱ་སོ་བདུན་ཏེ་སྤྱི་ལོ1357ལོའི་ཧོར་ཟླ་བཅུ་པའི་ཚེས་བཅུའི་སྔ་དྲོ་མདོ་སྨད་ཙོང་ཁ་ཞེས་བྱ་བའི་སྨན་ལྗོངས་འདི་རུ་ཡབ་ཀླུ་འབུམ་དགེ་དང་ཡུམ་ཤིང་མོ་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་ལེགས་པར་འཁྲུངས་པ་ལགས།    ཡབ་ཡུམ་གཉིས་ལ་སྲས་དྲུག་མངའ་བ་ལས་རྗེ་འདི་ཉིད་ནི་བཞི་བ་ཡིན་ནོ།  །   
          དེས་ན་ལོ་རྒྱུས་ཀྱི་གདན་རབས་ལྟར་ན་རྗེ་ཁོང་ཉིད་ཀྱི་ལྟེ་ཁྲག་ས་ལ་འཕོས་པ་ལས་ཙན་དན་གྱི་ལྗོན་ཤིང་ཕུན་སུམ་ཚོགས་པ་ཞིག་སྐྱེས་ཟེར་བ་དང་། དགུང་ལོ་གསུམ་བཞེས་ཚེ་ཀརྨ་རོལ་པའི་རྡོ་རྗེའི་དྲུང་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་།  མཚན་ལ་ཀུན་དགའ་སྙིང་པོར་གསོལ།  དགུང་ལོ་བདུན་ལ་བབས་པ་ན་བྱ་ཁྱུང་བྲག་དགོན་འདེབས་པ་པོ་ཆོས་རྗེ་རིན་ཆེན་དོན་གྲུབ་མཆོག་གི་སྐུ་དྲུང་དུ་ཕྱིན་ནས།  རབ་བྱུང་གི་ཚུལ་ཁྲིམས་དང་དགེ་ཚུལ་བསྒྲུབས་ཏེ།  བློ་བཟང་གྲགས་པའི་དཔལ་ཞེས་མཚན་གསོལ་ཞིང་།  རྗེ་དམ་པ་འདི་ཉིད་ལས་མདོ་སྔགས་གཉིས་ཀྱི་གཞུང་ལེགས་པར་གསན་པ་དང་།   ཡི་གེ་འབྲི་ཀློག་ལ་བརྩོན་པ་ཤིན་ཏུ་མཛད་པས་རིག་པའི་གནས་ལྔ་ཕལ་ཆེར་ཐོགས་པ་མེད་པར་ཐུགས་སུ་ཆུད།    དགུང་ལོ་བཅུ་དྲུག་བཞེས་པའི་ཚེ་ལེགས་བཤད་ཀྱི་སྐྱེས་ལེན་པའི་ཕྱིར་རྗེ་ཁོང་ཉིད་ཀྱིས་སྤྲོ་ཤུགས་དྲག་པོ་བཟློག་ཏུ་མེད་པ་བསྐྱེད་ནས།  མདོ་སྨད་བྱ་ཁྱུང་ནས་ཆས་ཏེ་བཅུ་བདུན་ལོ་ལ་དབུས་སུ་སླེབས།  དེ་ནས་རིམ་པས་འབྲི་ཁུང་དཔལ་གྱི་ནགས་ཁྲོད།   གསང་ཕུ་བདེ་བ་ཅན།   མྱང་སྟོད། ཞ་ལུ།  སྣར་ཐང་།  ས་སྐྱ་སོགས་གནས་མཆོག་དུ་མར་བྱོན་ནས།  ལོ་ཙཱ་བ་མཁན་ཆེན་རིན་ཆེན་རྣམ་རྒྱལ་དང་།   ས་བཟང་པཎ་ཆེན་མ་ཏི་བ།   དབུ་མ་བརྩོན་འགྲུས་སེང་གེ  ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན།   རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ལ་སོགས་སྐྱེས་ཆེན་དམ་པ་རྣམས་བློ་སེམས་རྩེ་གཅིག་གིས་སྤྱི་བོར་བསྟེན་ཏེ་ཤེས་བྱའི་གནས་མཐའ་དག་ལ་སྦྱངས་པ་ལེགས་པར་མཛད་དེ། རྒྱ་ཆེན་ཐོས་པའི་ལུང་གི་ཡོན་ཏན་གྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་ཕྱིན་ཅིང་། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་ཁྲི་འཕང་མཐོན་པོར་འཇིགས་པ་མེད་པར་མངའ་བསྒྱུར་ཏེ།   མདོ་སྔགས་གཞུང་གི་གླེགས་བམ་དུམ་པ་བཅུ་དགུ་བརྩམས་སོ་ཞེས་བདག་གི་མཚུངས་མེད་སློབ་དཔོན་ཤར་མིང་འཛིན་པའི་འདབ་བརྒྱའི་ཞལ་ལས་གྲོལ་ལོ།  །    
          སྤྱི་ལོ1379ལོ་སྟེ་རྗེ་རིན་པོ་ཆེ་དགུང་ལོ་ཉེར་གཉིས་བཞེས་པའི་ལོ་དེར་མདོ་སྨད་ཙོང་ཁའི་ཡུལ་ནས་ཁོང་གི་ཡུམ་གྱིས་ང་ནི་རྒས་ཤིང་འཁོགས་པས་ཕ་ཡུལ་འདིར་ཅི་ནས་ཀྱང་ཕེབས་དགོས་ཞེས་འཕྲིན་ཡིག་དང་ཆབས་ཅིག་སྐྲ་དཀར་ལན་བུ་ཞིག་ཕུལ་བར།    ཁོང་གིས་མདོ་སྨད་དུ་ཕེབས་པར་བགེགས་བྱ་ཆེ་ལ་དགོས་པ་ཆུང་བར་གཟིགས་ནས་མི་ཡོང་བར་ཐུགས་ཐག་བཅད་དེ།   རྗེ་དབོན་གྲགས་པ་རྒྱལ་མཚན་ལན་སྐྱེལ་དུ་མངགས་ནས་ཡུམ་དང་ཨ་ཆེ་གཉིས་ལ་རྗེ་རང་ཉིད་ཀྱི་སྐུ་ཐང་རེ་དང་རྒྱལ་བ་སེང་གེའི་ང་རོའི་སྐུ་དཔར་བཅས་བསྐུར་ཏེ་བདག་རང་སྐྱེས་པའི་ས་ཆ་དེར་རྒྱལ་བ་སེང་གེའི་ང་རོའི་སྣང་བརྙན་འབུམ་དང་ཙན་དན་གྱི་སྡོང་བོ་སྙིང་བོར་བྱས་པའི་མཆོད་རྟེན་ཞིག་བཞེངས་ན་བདག་ཉིད་དེར་འོངས་པ་དང་ཁྱད་པར་མ་མཆིས་ཤིང་།  བསྟན་པ་ཕྱོགས་ཀུན་ལ་རྒྱས་པའི་རྟེན་འབྲེལ་ཡོད་ཅེས་གསུངས་པ་དང་།   མངགས་པའི་ཕོ་ཉས་ཡི་གེ་དང་རྟེན་བཅས་ཁྱེར་ནས་མ་ཡུམ་གྱི་སྒོ་དྲུང་དུ་སླེབས་པ་ན་བྲིས་སྐུ་དེའི་ཞལ་ནས་ཨ་མ་ཨ་མ་ཞེས་འབོད་པར་མཛད་པས་ན།     གསུང་འབྱོན་པར་གནང་ཞེས་ལོ་རྒྱུས་གདན་རབས་སུ་གསལ་ཞིང་།    ཡུམ་ཐུགས་ཤིན་ཏུ་སྐྱོ་ནས་སྤྱན་ཆབ་མང་པོ་འདོན་པ་དང་།  བྲིས་སྐུ་ཕྱག་མཆོད་ཀྱི་རྟེན་དུ་མཛད་དེ།  ཡུམ་གྱིས་ཅི་ནུས་གང་ཐུབ་ཀྱིས་གཙོ་ཁུར་བཞེས་འོག  དད་ལྡན་སྐྱེ་བོ་གཞན་རྣམས་ཀྱིས་ཀྱང་རོགས་རམ་བྱས་པ་ལ་བརྟེན་ནས་རྗེ་ཉིད་ཀྱི་གསུང་ལྟར་རྒྱལ་བ་སེང་གེའི་ང་རོའི་སྣང་བརྙན་འབུམ་དང་ཙན་དན་གྱི་སྡོང་བོ་སྙིང་བོར་བྱས་པའི་པད་མ་སྤུངས་པའི་མཆོད་རྟེན་ལེགས་པར་བཞེངས་པར་མཛད་དོ།  །
          ཇི་སྐད་དུ།  སྔར་གྱི་ཙན་དན་སྲོག་ཤིང་དུ་བགྱིས་ནས།  །          
          མི་ཡི་སེང་གེ་བདག་མེད་ང་རོའི་སྒྲས།  །          
          མུ་སྟེགས་ཀླད་པ་འགེམས་པའི་སྐུ་འབུམ་ཕྲག།         
          སྙིང་བོར་བཞུགས་པའི་པད་སྤུངས་མཆོད་རྟེན་བཞེངས།  །   ཞེས་ཚིག་དོན་བསྡུས་ནས་བརྗོད་པའི་རོལ་མོ་འདི་ཤེས་ལྡན་རྣམས་ཀྱི་རྣ་བའི་བདུད་རྩིར་གྱུར་ཅིག །
གཉིས་པ།  ཁྲི་ཆེན་རིམ་བྱོན་གྱིས་དགོན་པ་རྒྱ་བསྐྱེད་པ་དང་གྲྭ་ཚང་སོ་སོ་གསར་འཛུགས་གནང་བའི་སྐོར།
          པད་མ་སྤུངས་པའི་མཆོད་རྟེན་དེར་བརྟེན་ནས་སྤྱི་ལོ1560ལོར་སྒོམ་ཆེན་པ་རིན་ཆེན་བརྩོན་འགྲུས་རྒྱ་མཚོས་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་ལ་རྗེས་དྲན་བྱེད་ཆེད་དགོན་པ་ཆུང་ངུ་ཞིག་བཏབ་ཅིང་།     དེང་ཐོག་གྲྭ་པ་བཅུ་ལྷག་མ་གཏོགས་མེད་ཀྱང་ཕྱིས་སུ་རིམ་གྱིས་ཇེ་མང་དུ་སོང་ནས་གྲྭ་པ་བཅུ་ལྷག་ནས་ལྔ་བཅུར་སླེབས་པ་དང་།  སྐབས་དེར་ཆགས་པའི་གནས་ལ་དགོན་པ་ལུང་བ་ཞེས་གྲགས་སོ།   ། (དགོན་པ་ཆུང་ངུ་ཞིག་བཏབ་ཅེས་པ་ནི་དེང་སང་གི་ཚོགས་ཆེན་འདུ་ཁང་ཆགས་སའི་གཞི་དེ་ཡིན་པར་སྙམ།  )   
དེའི་ཕྱིས་ཏེ་སྤྱི་ལོ1583ལོར་ཞིང་སྐྱོང་ནང་སོས་གདན་དྲངས་པ་ལྟར་རྒྱལ་བ་བསོད་ནམས་རྒྱ་མཚོ་སྐུ་འབུམ་དུ་ཕེབས་ནས་མཆོད་རྟེན་ཆེན་མོ་བྱང་ཆུབ་མཆོད་རྟེན་དུ་བསྒྱུར་བར་མཛད་ཅིང་།   སྐུ་འབུམ་དུ་དགོན་པ་ཞིག་ཚུགས་ན་ལེགས་ཞེས་འདུལ་བ་ཆོས་རྗེ་སྔ་མ་བརྩོན་འགྲུས་རྒྱལ་མཚན་བཟང་པོ་དང་སྦྱིན་བདག་རྣམས་ལ་བཀའ་ལུང་ནན་མོ་གནང་བ་ལྟར་ཐམས་ཅད་ཀྱིས་བཀའ་བཞིན་སྒྲུབ་པར་ཁས་བླངས་ཏེ།    རྒྱལ་དབང་མཆོག་གིས་དངོས་སུ་ས་འདུལ་ལམ་ས་རྟགས་མཛད་ནས་ཕལ་ཆེར་ཁང་པའི་གཞི་བཟུང་ངོ་།  །  
          དེའི་ཕྱིས་སུ་སྤྱི་ལོ་1603ལོར་རྒྱལ་དབང་བཞི་བ་ཡོན་ཏན་རྒྱ་མཚོ་མོང་གོལ་ནས་ལྷ་སར་འགྲོ་སྐབས་སྐུ་འབུམ་དགོན་པར་ཕེབས་ཏེ།  སྔར་གྱི་དགོན་པ་རྙིང་བ་རིམ་གྱིས་གྲོང་དགོན་ལྟ་བུར་གྱུར་པ་ལ་ཞིག་གསོ་མཛད་པར་དགོངས་ནས་འདུལ་བ་ཆོས་རྗེ་ཕྱི་མ་འོད་ཟེར་རྒྱ་མཚོ་གནས་དགོན་འདིའི་གདན་ས་དང་པོར་བསྐོ་བཞག་བྱ་རྒྱུའི་བཀའ་ནན་བཅགས་སྩལ་བ་ཇི་བཞིན་སྤྱི་ལོ1612ལོའི་སྨོན་ལམ་གྱི་སྟེང་ནས་དཔལ་ལྡན་བཤད་སྒྲུབ་གླིང་ཞེས་གྲགས་པའི་མཚན་ཉིད་ཀྱི་གྲྭ་ཚང་གསར་དུ་བཙུགས་ཏེ་ཆོས་རྗེ་འོད་ཟེར་རྒྱ་མཚོ་ཁྲི་ཐོག་དང་པོར་ཕེབས་ནས་ལོ་ལྔའི་བར་དུ་ཆོས་དང་འཇིག་རྟེན་གཉིས་ཀའི་སྒོ་ནས་དགོན་པ་སྐྱོང་བར་མཛད།   
          དེ་ནས་བཟུང་དགོན་པ་འདིའི་དར་རྒྱས་ལ་འཕེལ་འགྲིབ་ཅུང་རེ་བྱུང་མོད་ཀྱང་སྤྱིར་ཁྲི་ཐོག་ཆེན་པོ་རེ་རེ་ཡིས་སྦྱིན་བདག་མཛད་པ་དང་།    གཞན་དད་ལྡན་རྣམས་ཀྱིས་ཐུགས་ཁུར་གནང་འོག་རིམ་གྱིས་དགོན་པའི་གཞི་རྒྱ་ཇེ་ཆེར་སོང་བ་དང་།  ལྷ་ཁང་དང་གཙུག་ལག་ཁང་།  མཆོད་རྟེན་ལ་སོགས་པ་མང་པོ་གསར་བཞེངས་མཛད་དོ།  །   དེའི་སྐོར་རགས་ཙམ་བཀོད་ན་སྤྱི་ལོ་1629ལོར་འཕན་པོ་པ་ཤེས་རབ་དཔལ་བཟང་གིས་དགོན་པའི་བྱང་ངོས་ཀྱི་བྱང་ཆུབ་མཆོད་རྟེན་ཆེན་མོ་གསར་དུ་བཞེངས་ཤིང་།    ཁྲི་ཐོག་དྲུག་པ་རྒྱལ་བ་ཆོས་བཀྲ་ཤིས་དོན་གྲུབ་ཀྱིས་འདུ་ཁང་རྙིང་བ་དེ་དབུས་ཕྱོགས་ཀྱི་ཕུབ་ལུགས་ལྟར་ཀ་བ་སུམ་ཅུ་སོ་དྲུག་ཡོད་པ་གསར་བཞེངས་མཛད།   
          སྤྱི་ལོ་1642ལོར་ཁྲི་ཐོག་བདུན་པ་བཙན་པོ་དོན་གྲུབ་རྒྱ་མཚོས་གསེར་སྡོང་ཆེན་མོའི་བྱང་ཆུབ་མཆོད་རྟེན་ལ་དངུལ་དཀར་ལྷད་མེད་ཀྱིས་གཞི་བྱས་པའི་ཐོག་ཏུ་གསེར་ཚོས་ཀྱི་ཚིགས་རྒྱན་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་གྱིས་མཛེས་པར་སྤྲས་ཏེ་ཆོ་འཕྲུལ་མཆོད་རྟེན་གྱི་རྣམ་པར་བསྒྱུར།   སྤྱི་ལོ1689ལོར་ཁྲི་ཐོག་བཅུ་དྲུག་པ་ཨ་ཀྱཱ་ཤེས་རབ་བཟང་པོས་དངུལ་སྲང་སྟོང་ཕྲག་བརྒལ་བའི་རྒྱུ་ཟོང་གིས་ཚོགས་ཆེན་འདུ་ཁང་གི་ཀ་བ་བརྒྱད་ཅུར་རྒྱ་བསྐྱེད་དེ་དབུས་ཕིབས་ལྟར་སྟེང་ཤོད་ཁྱམས་ར་དང་རུང་ཁང་བཅས་པ་བཞེངས།   
          སྤྱི་ལོ1692ལོར་ཁྲི་ཐོག་བཅུ་བདུན་པ་སྟག་མཚེར་བློ་བཟང་རྡོ་རྗེས་དབུ་འཛིན་མཛད་འོག་སྐོར་ལམ་གྱི་མཐའི་མཚམས་སུ་བཙན་ཁང་ཆེན་མོ་དང་ཁྱམས་ར་བཅས་གསར་བཞེངས་མཛད།   
          སྤྱི་ལོ1710ལོར་ཨོ་རོད་ཀྱི་དཔོན་པོ་ཚེ་དབང་བསྟན་འཛིན་གྱིས་གདན་སའི་ཁྲི་རབས་རིམ་བྱོན་བཞུགས་སའི་གཟིམ་ཁང་དང་ལྷས་སྐོར་བཅས་པ་རྒྱ་ཕིབས་ཀྱི་ལུགས་ལྟར་གསར་བཞེངས་བྱས་པ་ལ་བླ་བྲང་ཆེན་མོ་བཀྲ་ཤིས་ཁང་ཞེས་བཏགས།                              
          སྤྱི་ལོ1711ལོར་ཇུན་ཝང་ཨེར་ཏེ་ནི་ཇུ་ནང་གིས་གསེར་སྲང་ཆིག་སྟོང་སུམ་བརྒྱ་དང་དངུལ་སྲང་ཆིག་ཁྲི་ཉིས་སྟོང་བརྒལ་བའི་རྒྱུ་ཟོང་གི་སྦྱིན་བདག་མཛད་དེ་རྒྱ་མགར་ཐུང་ཇ་ལ་སོགས་ལས་ཀ་བ་བཅོ་ལྔས་རྒྱ་ཁྱོན་ཁེབས་པའི་གསེར་ཟངས་ཀྱི་རྒྱ་ཕིབས་གསར་སྐྲུན་མཛད།    
          སྤྱི་ལོ1712ལོར་ཆིང་ཝང་བཀྲ་ཤིས་པཱ་ཐུར་ཐའི་ཇིས་གསེར་སྲང་བརྒྱ་ཕྲག་དང་དངུལ་སྲང་བརྒྱ་ཕྲག་བརྒལ་བས་གསེར་སྡོང་ཆེན་མོའི་ཆོ་འཕྲུལ་མཆོད་རྟེན་རྒྱ་ཇེ་ཆེར་བཏང་སྟེ་གསར་སྐྲུན་མཛད་པ་དང་།    སྐྱབས་རྗེ་ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་དངུལ་སྲང་སྟོང་ཕྲག་བཞི་དང་དོན་གསུམ་བརྒལ་བས་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་དངུལ་གདུང་དུ་བསྒྱུར་ཏེ་དབྱེན་ཟླུམ་མཆོད་རྟེན་གྱི་དབྱིབས་སུ་བསྒྱུར།   
          སྤྱི་ལོ་1717ལོར་ལི་ཀྱཱ་ཧུང་ཐ་བླ་མས་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པ་བཞུགས་པའི་ཞབས་བརྟན་ལྷ་ཁང་གསར་སྐྲུན་མཛད།   
          སྤྱི་ལོ་1718ལོར་ཁྲི་ཐོག་ཉི་ཤུ་པ་རྒྱལ་མཁན་པོ་ཨ་ཆི་ཐུ་ནོ་མོན་ཧན་བློ་བཟང་དོན་གྲུབ་ཀྱིས་བདག་སྐྱོང་མཛད་སྐབས་ཞལ་འབག་དང་འཆམ་ལྭ་བཟོས་ཏེ།  རྣམ་རྒྱལ་གྲྭ་ཚང་གི་འཆམ་དཔོན་གྱིས་འཆམ་ཁྲིད་པར་བསླབ་པའི་སྒོ་ནས་དུས་ཀྱི་སྨོན་ལམ་རྣམ་བཞིའི་སྐབས་ལ་འཆམ་པ་གྲྭ་ཚང་ཟུར་དུ་ཕྱེ་བའི་སྲོལ་གསར་འཛུགས་བྱས།   
          སྤྱི་ལོ་1794ལོར་མཚན་སྒྲོག་དགེ་འདུན་དོན་གྲུབ་ཁྲི་ཐོག་ལ་བཞུགས་སྐབས་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་གཞི་ནས་གསར་བཞེངས་མཛད།   ཆེ་ཤོས་ལྷ་བཟོ་བློ་བཟང་བཤེས་གཉེན་གྱིས་འཇམ་དབྱངས་ཀུན་གཟིགས་ཀྱི་སྣང་བརྙན་བཞེངས་ཤིང་།  དེང་སང་འཇམ་དབྱངས་ཀུན་གཟིགས་སུ་གྲགས་པ་དེའོ།  །           སྤྱི་ལོ་1826ལོར་ཁྲི་ཆེན་ཞེ་དགུ་པ་བུམ་པ་ངག་དབང་ཆོས་ཀྱི་ཉི་མས་བཙན་ཁང་ཆེན་མོའི་ཁྱམས་ར་དང་དགོན་པའི་བྱང་ངོས་ཀྱི་མཆོད་རྟེན་ཆེན་མོ་གསར་སྐྲུན་མཛད་པ་དང་།    ཁྲི་ཐོག་ང་གཅིག་པ་ཆེ་ཤོས་ཡོངས་འཛིན་ངག་དབང་འཇམ་དབྱངས་དབང་རྒྱལ་ཉིད་ནས་ཁུར་བཞེས་ཏེ་བྱང་གི་མཆོད་རྟེན་སྒོ་བཞི་གསར་བཟོ་མཛད།   
          སྤྱི་ལོ་1828ལོར་མགོན་ཀྱཱ་གྲགས་པ་རྒྱལ་མཚན་ཁྲི་ཐོག་ཏུ་བཞུགས་ཤིང་། སྤྱི་ལོ་1836ལོར་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དང་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་རྣམས་གཉིས་ཀྱིས་མཐུན་རྐྱེན་མཛད་འོག་ཚོགས་ཆེན་འདུ་ཁང་རྒྱ་བསྐྱེད་དེ། ཀ་བ་བརྒྱ་དང་ང་བཞིའི་ཁྱོན་ཅན་སྒོ་སྐྱོར་དང་བཅས་པ་ཞིག་གསོ་མཛད་ཅིང་།   དུས་དེར་ར་ཁོ་དཔོན་པོ་སངས་རྒྱས་ལྷུན་གྲུབ་ཀྱིས་སྦྱིན་བདག་མཛད་དེ་ཚོང་རའི་ནང་དུ་བདེ་གཤེགས་མཆོད་རྟེན་བརྒྱད་བཞེངས།  དེའི་མིང་ཙམ་བརྗོད་ན།  པད་སྤུངས་མཆོད་རྟེན།  བཀྲ་ཤིས་སྒོ་མང་མཆོད་རྟེན།  དབྱེན་ཟླུམ་མཆོད་རྟེན།  བྱང་ཆུབ་མཆོད་རྟེན།  ཆོ་འཕྲུལ་མཆོད་རྟེན།  ལྷ་བབས་མཆོད་རྟེན།  རྣམ་རྒྱལ་མཆོད་རྟེན།  མྱང་འདས་མཆོད་རྟེན་བཅས་སོ།  །   
          སྤྱི་ལོ1868ལོར་ཁྲི་ཐོག་རེ་གཅིག་པ་བཀྲ་ཤིས་ཞབས་དྲུང་ཡེ་ཤེས་མཁས་གྲུབ་ཉི་མའི་སྐབས་སུ་ཧུའེ་ཧུའེ་དང་ཟ་ལར་གྱི་དཔུང་འཁྲུག་ཆེན་པོ་ལངས་པ་ལ།    གོང་གྲས་མི་རྣམས་ཀྱིས་འགྲིག་ཐབས་ཀྱི་བློ་ཅི་འདྲ་བཙལ་ཀྱང་མཐུན་ཐབས་མ་བྱུང་བས།  ཧོར་ཟླ་བཞི་བའི་ཚེས་ཉེར་ལྔ་ནས་ཆོས་སྡེ་འདིའི་སྐོར་ལམ་དུ་ཧུའེ་ཧུའེ་ཡི་དམག་བརྒྱུགས་ཏེ།  རྒྱུད་པ་གྲྭ་ཚང་དང་།  དུས་འཁོར་འདུ་ཁང་། ཐམས་ཅད་མཁྱེན་པའི་ལྷ་ཁང་།  ར་ཁོ་སྒར་བ།  ཟི་ན་སྒར་བ།  ཆེ་ཤོས་སྒར་བ། ཐུའུ་བཀྭན་སྒར་བ།  འཇམ་དབྱངས་སྒར་བ།  སྟག་མཚེར་སྒར་བ།  རྒྱ་ཡག་སྒར་བ།    གཟིམ་ཁང་གོང་མ་སོགས་སྒར་ཁག་དུ་མ་རྣམས་ལ་མེ་སྐྱོན་ཚབས་ཆེན་བཏང་ཞིང་།    དུས་མཚུངས་སུ་ཕྱི་ནང་གི་སེར་སྐྱ་མི་ངན་དཔུང་སྡེབ་ཀྱིས་ལྷ་ཁང་།  འདུ་ཁང་།  སྒར་ཁག་སོགས་ཀྱི་ལྷ་རྫས་མཆོད་ཆས་སོགས་ཡོ་བྱད་དང་རྒྱུ་ནོར་ཐམས་ཅད་གང་ཐོབ་ཅི་ཐོབ་ཏུ་གཏོར་བ་དང་།  བླ་བྲང་ཆེན་མོ་དང་།  ཨ་ཀྱཱ་སྒར་བ།   ཤིང་བཟའ་སྒར་བ།   ཆུ་བཟང་སྒར་བ།   ཨན་འཇའ་སུ་སྒར་བ། བློན་པོ་བཙན་ཁང་།   མི་ཉག་སྒར་བ་སོགས་ལ་ཧུའེ་ཧུའེ་མ་སླེབས་ཀྱང་།   དུ་ཞག་དང་མེ་འོད་མཐོང་བས་དངངས་སྐྲག་ཚད་མེད་པ་སྐྱེས་ཏེ།    ལྷའི་བུའི་བདུད་ཀྱི་ཆོ་འཕྲུལ་བྱུང་ངོ་ཞེས་རང་སྒར་ལས་ཕེབས་ཟིན་པའོ།   ། དེ་ནས་ལས་སྣེ་རྣམས་ནས་ཟི་ལིང་ཨམ་སྙན་སོགས་ཡཱ་མོན་ལྔ་ཞུས་པ་ལྟར་དགོན་པར་ཡོང་ནས་ལས་སྣེ་རྣམས་ལ་ཐམ་ཀ་ཅན་གྱི་ཡི་གེ་གནང་ནས།    གསེར་སྡོང་ཆེན་མོ་དང་།  འདུ་ཁང་།  བཙན་ཁང་།  འཇམ་དབྱངས་ཀུན་གཟིགས་སོགས་ལ་དོ་བདག་བྱེད་དགོས་ཚུལ་དང་།   གྲྭ་པ་རྣམས་རང་འདོད་ཀྱིས་འགྲོ་མི་ཆོག་པའི་བཀའ་བཀོད་ལྕི་མོ་ཕབ་པ་ལ་བརྟེན་ནས།  དགོན་སྡེ་འདི་སླར་ཡང་བརྟན་པོར་འཛིན་ཐུབ་པར་གྱུར།    སྐབས་དེར་དགོན་སྡེ་འདིར་བརླག་སྐྱོན་ཚབས་ཆེན་ཐེབས་ནའང་ཕྱིས་སུ་ཁྲི་ཆེན་དོན་བདུན་པ་བཀྲ་ཤིས་མཁན་ཆེན་སྦྱིན་པ་དོན་གྲུབ་རྒྱ་མཚོ་ལ་སོགས་པ་ཁྲི་ཆེན་རིམ་བྱོན་གྱིས་ཆོས་སྲིད་གཉིས་ལྡན་གྱི་སྒོ་ནས་དགོན་སྡེ་འདིར་དོ་དམ་བདག་སྐྱོང་ལེགས་པར་མཛད་པ་དང་གཞན་དད་ལྡན་སྐྱེ་བོ་རྣམས་ཀྱིས་མཐུན་རྐྱེན་བསྒྲུབས་འོག  སྔར་བརླག་སྐྱོན་ཐེབས་པ་རྣམས་གཞི་ནས་གསར་བཟོ་བྱས་པར་མ་ཟད།   ཇོ་ཁང་དང་མགོན་ཁང་།   འཇམ་དབྱངས་ཀུན་གཟིགས་ལ་སོགས་པའི་ལྷ་ཁང་དང་གཙུག་ལག་ཁང་ལ་ཞིག་གསོ་མང་པོ་མཛད་པ་དང་།   ཕྱིས་སུ་ཡང་སྡིག་སྲིན་གདོན་འདྲེ་མ་ལུས་འགོག་པ་དང་མེ་སྐྱོན་ཆུ་སྐྱོན་གྱི་གནོད་པ་ཐམས་ཅད་མི་འབྱུང་བའི་སླད་དུ་གསེར་སྡོང་ཆེན་མོའི་སུམ་ཐོག་གི་ཤར་ངོས་གྱི་གྱན་ཐང་དུ་གླིང་རྗེ་གེ་སར་རྒྱལ་པོའི་ལྡེབས་རིས་བཞེངས་ཤིང་།   གླིང་རྗེའི་ལྡེབས་རིས་འདིར་སྐྱེ་བོ་རྣམས་ཀྱིས་དངོས་སུ་མཇལ་ཐུབ་པ་ལགས།     ལྡེབས་རིས་དེ་ཡང་སྲུང་མ་དང་དགྲ་ལྷའི་ཚུལ་དུ་བཞེངས་པ་མ་གཏོགས་གེ་སར་རྒྱལ་པོའི་མཛད་པའམ་གཏམ་རྒྱུད་ལ་བསྟོད་པའི་ཚུལ་དུ་བཞེངས་པ་མིན།  དེ་ཡང་གྲུབ་མཐའི་དགོངས་དོན་ལ་མཐུན་པའི་སྐོར་རྒྱུན་འཛིན་དང་ཡང་ན་འགལ་བ་ཡོད་པའི་སྐོར་ངེས་པར་དུ་འདོར་དགོས་པ་ནི་སུས་ཀྱང་མཁྱེན་གསལ་ལྟར་ལགས།   
དགོན་ཆེན་འདིའི་གྲྭ་ཚང་ཆེ་ཁག་བཞི་སྟེ།    ཐོག་མ་མཚན་ཉིད་གྲྭ་ཚང་གོང་དུ་བརྗོད་ཟིན་པས་བསྐྱར་དུ་བརྗོད་རྒྱུ་མིན།   
          རྒྱུད་པ་གྲྭ་ཚང་ནི་སྤྱི་ལོ1711ལོར་ཟི་ན་ཆོས་རྗེ་ལེགས་པ་རྒྱ་མཚོས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་ལྟར་བཏབ་པ་ཡིན་ལ།  རིམ་གྱིས་རྒྱ་ཆེ་རུ་བཏང་།   སྨན་པ་གྲྭ་ཚང་ནི་སྤྱི་ལོ1757ལོར་ཁྲི་ཐོག་ཉེར་བརྒྱད་པ་ཆུ་བཟང་པ་ངག་དབང་ཐུབ་བསྟན་དབང་ཕྱུག་གིས་གསར་དུ་བཙུགས་ཏེ་འཆད་ཉན་གྱི་སྲོལ་བཙུགས་པ་རེད།   
          དུས་འཁོར་གྲྭ་ཚང་ནི་སྤྱི་ལོ1817ལོར་ཆེ་ཤོས་པཎྚི་ཏ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མས་འགོ་འཛིན་ལེགས་པར་མཛད་དེ་གསར་དུ་བཙུགས་སོ། །   
སྤྱིར་གྲྭ་ཚང་ཆེ་ཁག་འདི་བཞི་ལ་ཇི་ལྟར་གསར་བཞེངས་མཛད་པ་དང་འཕེལ་རྒྱས་སུ་ཕྱིན་པའི་ལོ་རྒྱུས་དང་ཁྲི་རབས་ཇི་ལྟར་བྱོན་པའི་ལོ་རྒྱུས།   ནང་རྟེན་འགངས་ཆེན་གྱི་རིགས་ཇི་བཞིན་གནས་པའི་ལོ་རྒྱུས་རྣམས་གསལ་བོར་མཆིས་ཀྱང་འདིར་ཞིབ་ཏུ་མ་བཀོད།   གསལ་བོར་མཐོང་འདོད་ཀྱི་སྐྱེ་བོ་རྣམས་ཀྱིས་སྐུ་འབུམ་གདན་རབས་ཆེན་མོ་ལས་ཤེས་པར་གྱིས།   
          ལར་དགོན་སྡེ་ཆེན་པོ་འདིའི་ཡུན་རིང་གི་ལོ་རྒྱུས་ནི་གཙང་ཆེན་ནང་དུ་དཔའ་སེམས་ཉམས་པ་མེད་པའི་དད་ལྡན་མི་དམངས་ཀྱི་སྟོབས་ལྡན་འཛད་མེད་ཀྱི་ཤུགས་ལ་བརྟེན་ནས་རིམ་གྱིས་འཕེལ་བའི་མྱུ་གུའི་དཔེ་བཞིན་དར་ཞིང་རྒྱས་པར་ཕྱིན་པའི་མཛེས་སྡུག་དཔལ་ཡོན་ཅི་རིགས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བ་ཞིག་རེད་ལ།    ལྷག་པར་དུ་རྒྱ་བོད་ལག་ཤེས་བཟོ་ལས་མཁན་དུ་མའི་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་བཟོ་རྩལ་གྱི་བློ་གྲོས་ལ་འཆི་མེད་ལྷའི་བཟོ་བོས་ཀྱང་སྐྲུན་པར་དཀའ་བའི་སྣང་ཚུལ་སྟེར་བ་ཇི་བཞིན་ཁྱད་པར་དུ་འཕགས་ཤིང་ལྟ་ན་སྡུག་པ་ཞིག་གོ།   
སྨྲས་པ།  རྟེན་གཞི་པད་སྤུངས་མཆོད་རྟེན་ལྟོ་བ་ལས།  །        
          ལེགས་པར་འཁྲུངས་པའི་མཚུངས་མེད་གཙུག་ལག་ཁང་།  །        
          སྟོང་ཕྲག་དུ་མ་གསེར་དངུལ་བརྡལ་བ་བཞིན།  །        
          གསལ་ལེར་མངོན་པའི་དཔལ་འདི་ཨེ་མ་རྨད།  །        
          བགྲང་ཡས་ཁྲི་ཆེན་རིམ་པས་མངའ་བསྒྱུར་འོག།        
          རྒྱ་བོད་ཟུང་འབྲེལ་ཕུལ་བྱུང་བཟོ་རྩལ་ལས།  །        
          གྲུབ་པའི་ངོ་མཚར་ལྟད་མོའི་གཟུགས་རིས་ཚོགས།  །       
          ཁྱབ་འཇུག་འཕྲུལ་གྱིས་གནས་འདིར་བཀོད་དང་མཚུངས།  །  
          ཞེས་བརྗོད་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།  །         

གསུམ་པ།  དགོན་པའི་ནང་རྟེན་འགངས་ཆེན་གྱི་སྐོར།
          ད་ནི་ཆོས་སྡེ་ཆེན་པོ་འདིའི་རིན་ཐང་བྲལ་བའི་ནང་རྟེན་གྱི་རིགས་རྣམས་བརྗོད་པར་བྱ་ལ།  དེ་དག་ཞིབ་མོར་བརྗོད་པ་ཧ་ཅང་དཀའ་ནའང་།  སྐབས་སུ་བབ་པའི་ནང་རྟེན་འགངས་ཆེན་གྱི་སྐོར་རགས་ཙམ་བརྗོད་ན།   མཆོད་རྟེན་ཆེན་མོའི་གཡོན་ངོས་སུ་ལྕང་སྐྱ་སྐུ་གོང་མ་ངག་དབང་བློ་བཟང་ཆོས་ལྡན་གྱི་དངུལ་གདུང་དང་དེའི་མདུན་དུ་ར་ཁོ་ཆོས་རྗེ་ཤེས་རབ་ཆོས་འབྱོར་གྱི་དངུལ་གདུང་།  གསེར་ཟངས་ལས་གྲུབ་པའི་ཨ་ཀྱཱ་རིན་པོ་ཆེའི་མཆོད་རྟེན་བཅས་བཞུགས་ལ།   མཆོད་རྟེན་ཆེན་མོའི་གཡས་ཕྱོགས་ཀྱི་ཀུན་དགའ་ར་བར་བཀའ་འགྱུར་དབུས་དཔར་མ་ཆ་ཚང་གཅིག་དང་།   གཡོན་ངོས་སུ་བསྟན་འགྱུར་དབུས་དཔར་མ་ཆ་ཚང་གཅིག་ཡོད་ལ།  གོང་མ་ཁང་ཞི་རྒྱལ་པོ་དང་ཆཱན་ལུང་རྒྱལ་པོ་གཉིས་ཀྱི་གསེར་ཡིག་ཁ་ཤས་དང་ཁྱད་པར་དུ་ཆཱན་ལུང་རྒྱལ་པོ་ནས་གནང་བའི་གསེར་གྱི་ཙི་པན་གཅིག་ཀྱང་ཡོད་དོ།  །    
          མཆོད་རྟེན་ཆེན་མོའི་མདུན་གྱི་མཆོད་རྫས་ཀྱི་རིམ་པར་གོང་མ་ཆཱན་ལུང་རྒྱལ་པོས་ཕུལ་བའི་འཁོར་ལོ་ཕྲ་རྒྱན་ཅན་སྟེགས་དང་བཅས་པ་གཅིག  བྱུ་རུའི་ཕྲེང་བ་ལེགས་པ་གཅིག  དངུལ་སྲང་བརྒྱད་ལས་གྲུབ་པའི་བཀྲ་ཤིས་རྫས་བརྒྱད་ཀྱི་སྣོད་བཞི།     དངུལ་སྲང་སུམ་ཅུ་སོ་གཉིས་ལས་གྲུབ་པའི་བཀྲ་ཤིས་རྟགས་བརྒྱད།  དངུལ་སྲང་ལྔ་བཅུ་ལས་གྲུབ་པའི་མཎྜལ་གསེར་ཚོས་མ་གཅིག དངུལ་སྲང་ཉི་ཤུ་རྩ་ལྔ་ལས་གྲུབ་པའི་བུམ་པ་ཁ་རྒྱན་དང་བཅས་པ་ཅན་གཅིག་ཡོད་དོ། །    
          འདུ་ཁང་ཆེན་མོའི་ནང་རྟེན་གཙོ་བོ་རུ་རྒྱལ་བ་ཡོན་ཏན་རྒྱ་མཚོ་དང་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་རྣམ་གཉིས་ཀྱི་དབུ་ཞྭ་དང་།   རྒྱལ་བ་གསུམ་པ་བསོད་ནམས་རྒྱ་མཚོའི་ཕྱག་དྲིལ།    རྒྱལ་དབང་བཞི་བ་ཡོན་ཏན་རྒྱ་མཚོའི་ཞབས་ལྷམ།  པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སྐུ་ཤམ།  རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོའི་གོས་བེར།     རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཞབས་ལྷམ།   བ་སོ་དྲུང་རིན་པོ་ཆེའི་སྐུ་གཟན།   ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དབུ་ཞྭ་བཅས་བཞུགས་སོ།  །   
          དེ་ལས་གཞན་ད་དུང་རྡོ་ངོས་ཀྱི་རྗེ་ཙོང་ཁ་པའི་ཞབས་རྗེས་དང་།   ཁོང་གིས་བྲིས་པའི་ཐང་བརྙན་དང་ཁོང་སྐུ་དངོས་ཀྱི་ཚེམས།     ཡུམ་གྱིས་མཛོ་མོ་བཏགས་སའི་རྡོ་དང་ཡུམ་གྱི་ཆུ་སྟེགས་སུ་གྲགས་པའི་ཕ་བོང་བཅས་ཡོད་པ་དང་།  གོང་མ་ཆེན་མོས་གནང་བའི་གསེར་གྱི་ཐམ་ཀ  འཇའ་ས།  གཟིམ་གུར་སེར་པོ།  མི་བཅུ་གཉིས་ཀྱིས་འདེགས་པའི་ཁྱོགས་ཤིང་སེར་པོ་དང་།  གོང་མ་ཁང་ཞི་རྒྱལ་པོའི་ན་བཟའ་གོས་ཆེན་འབྲུག་རིས་མ་དང་འབོག་ཆ་སེར་པོ་འབྲུག་རིས་མ།    བཞུགས་གདན་རྒྱབ་ཡོལ་སེར་པོ་འབྲུག་རིས་མ་བཅས་ཡོད་པར་མ་ཟད།  འདུ་ཁང་ཆེན་མོ་དང་གྲྭ་ཚང་སོ་སོ་ན་ཆོས་ལུགས་ཀྱི་སྐོར་དང་།  གསོ་བ་རིག་པ།   བཟོ་རིག་པ།   གནམ་གཤིས་རིག་པ།   སྙན་ངག་དང་ཟློས་གར་ལ་སོགས་ཀྱི་གླེགས་བམ་ཁྲི་ཕྲག་མང་པོ་མཆིས་སོ།  ། གཞན་ཡང་སྔོན་བྱོན་མཁས་པ་ལ་ལའི་གསུང་སྒྲོས་ལས།   སྐུ་འབུམ་དགོན་པའི་ནང་རྟེན་གྱི་གྲས་སུ་གླིང་རྗེ་གེ་སར་རྒྱལ་པོའི་ཤུལ་བཞག་གི་དངོས་རྫས་རྩ་ཆེན་གསེར་སྒ་ཉི་མ་རང་ཤར་དང་རལ་གྲི་བཏབ་པ་ལན་མེད་བཅས་ཀྱང་ཡོད་པར་གསུངས་མོད།   འོན་ཏེ་ཁོ་བོ་བཅས་ཐེངས་མང་ལ་ཆས་ནའང་མཐོང་མ་བྱུང་།    ཡིན་ནའང་བླ་བྲང་དགོན་པའི་ནང་དུ་གེ་སར་གྱི་གསེར་སྒ་དང་རལ་གྲི་ཁྱུང་གི་སྒོ་ང་བཅས་ཡོད་པ་མཐོང་མྱོང་ངོ་།  །   
          སྤྱིར་དགོན་ཆེན་འདིར་ནང་རྟེན་གྱི་རིགས་སྣ་ཚོགས་པ་རིན་ཐང་གཞལ་དུ་མེད་པའི་རིན་པོ་ཆེ་རྣམས་ཀྱིས་མངོན་པར་བརྒྱནཡོད་མོད།     འོན་ཀྱང་དེ་རྣམས་ཞིབ་ཏུ་བསྒྲུགས་ནས་བྲིས་ན་མགོ་ཉོག་པར་བསམས་ནས་ཆེ་ཤོས་འགའ་བྲིས་པ་ལགས་སོ།  །   
སྨྲས་པ།  དྲི་བྲལ་ནངརྟེན་ཆུ་སྲིན་འབྱུང་གནས་མཐར།  །       
          སྒྲོལ་ཐབས་བྲལ་བའི་རིན་ཆེན་རྟེན་བཟང་ཚོགས།  །        
          གསེར་འོད་འབུམ་ཕྲག་འཕྲོ་བཞིན་བཞུགས་པ་འདི།  །       
          ལྟ་བས་མི་ངོམས་ངོ་མཚར་སྟོང་གིས་སྤྲས།  །       
          དེ་བས་གོང་མ་རིམ་བྱོན་ར་བ་ལས།  །       
          གནང་བའི་གསེར་དངུལ་གཡུ་བྱུར་ཁྲི་འབུམ་གྱིས།  །        
          བརྒྱན་པའི་རྟེན་བཟང་མེ་ཏོག་ཙམ་པ་ཀ།        
          གནས་མཆོག་དགོན་འདིའི་འགངས་ཆེན་གཏེར་དུ་གྱུར།  །   
ཞེས་པ་ནི་གོང་གསལ་གྱི་ཚིག་དོན་ཕྱོགས་ཙམ་བསྡུས་ནས་བརྗོད་པའོ།  །    

བཞི་པ།  དགོན་པའི་མིང་དང་དགེ་ལུགས་པ་སོགས་ཇི་ལྟར་བྱུང་བའི་མཐའ་དཔྱད།
          གཤམ་དུ་སྐུ་འབུམ་ཞེས་པ་དང་སྐུ་འབུམ་བྱམས་པ་གླིང་ཞེས་པའི་མིང་ཇི་ལྟར་ཐོགས་དོན་གཙོ་བྱས་ནས་བརྗོད་པའི་ཞོར་དུ་ཙོང་ཁ་པ་ཞེས་པའི་མཚན་ཡང་ཇི་ལྟར་བྱུང་བ་མདོ་ཙམ་བརྗོད་ན།   སྐུ་འབུམ་ཞེས་པའི་མིང་འདི་མཆོད་རྟེན་གྱི་ནང་རྟེན་དུ་བཞུགས་པའི་རྒྱལ་བ་སེང་གེའི་ང་རོའི་སྐུ་དཔར་མ་འབུམ་བཞུགས་པ་ཙམ་གྱིས་སྐུ་འབུམ་ཞེས་མཚན་བཏགས་པ་མ་ཡིན་པར།    རྗེ་ཁོང་ཉིད་འཁྲུངས་སྐབས་ལྟེ་ཁྲག་སར་ལྷུང་བ་ལས་སྐྱེས་པའི་ཙན་དན་དཀར་པོ་སྡོང་བོའི་འདབ་མ་འབུམ་ཕྲག་དང་ལྡན་པ།   འདབ་མ་འབུམ་ལ་དེ་བཞིན་གཤེགས་པ་སེང་གེའི་ང་རོའི་སྐུ་འབུམ་ཕྲག་དངོས་སུ་བཞུགས་པ་དེ་ལ་བརྟེན་ནས་སྐུ་འབུམ་ཞེས་ཐོགས་སོ།  །  
          སྐུ་འབུམ་བྱམས་པ་གླིང་ཞེས་པ་ཇི་ལྟར་ཐོགས་ཤེ་ན།   དེ་ཡང་སྤྱི་ལོ་1517ལོར་གནས་འདིར་གཙུག་ལག་ཁང་ཐོག་མར་བཞེངས་ཏེ།    རིན་ཆེན་བརྩོན་འགྲུས་རྒྱ་མཚོས་སྦྱིན་བདག་མཛད་ནས་སྨན་འདམ་ལས་གྲུབ་པའི་རྒྱལ་བ་བྱམས་པ་མགོན་པོ་དགུང་ལོ་བཅུ་གཅིག་པའི་སྐུ་ཚད་ཅིག་བཞེངས་པ་ནས་བཟུང་དགོན་གནས་འདི་ལ་སྐུ་འབུམ་བྱམས་པ་གླིང་ཞེས་མཚན་སྙན་ཀུན་གྱི་རྣ་བའི་རྒྱན་དུ་གྱུར་ཏོ།  །   
          དེས་ན་རྗེ་བློ་བཟང་གྲགས་པའི་མཚན་ལ་ཙོང་ཁ་པ་ཞེས་ཐོགས་དོན་ཅི་ཡིན་ཞེ་ན་རགས་ཙམ་བརྗོད་པར་བྱ་ལ།   སྤྱིར་དེར་གསལ་བཤད་ཀྱི་དགོས་པ་མེད་ན་ཡང་།    ད་ལྟའི་རྒྱ་ཡིག་ལས་བརྩམས་པའི་རྩོམ་ཡིག་ཁ་ཤས་སུ་བརྗོད་སྟངས་མི་འདྲ་བ་སྣ་ཚོགས་བྱུང་བའི་དབང་གིས་ལྟ་ཚུལ་མི་མཐུན་པ་བྱུང་ཚེ་གསང་བ་མེད་པར་བརྗོད་ན།    ལྷད་མེད་གསེར་གྱི་ཐིགས་པ་བཞིན་དུ་འཁྲུལ་མེད་ཐོན་ཐུབ་པས་ན།   ཕྲན་གྱིས་ཀྱང་འདིར་མཐོང་ཐོས་མདོ་ཙམ་བརྗོད་པར་བྱའོ།   ། ཙོང་ཆུ་ཞེས་པའི་ཆུ་ཀླུང་འདིའི་འབྱུང་ཡུལ་ཙོང་ཁའི་སྐྱེས་རི་ཡིན་པས། ཙོང་ཁའི་སྐྱེས་རི་ལས་ཐོན་པའི་ཆུ་ཞེས་པའི་མིང་བསྡུས་ནས་ཙོང་ཆུ་ཞེས་པའི་ཐ་སྙད་ཐོན་ཞིང་།   ཙོང་ཆུ་ཞེས་པའི་ཆུ་ཀླུང་འདི་བཞུར་བའི་ས་ཆར་ཙོང་ཁའི་ཡུལ་ཞེས་ཐོགས་པ་ཡིན་ཏེ།   རྗེ་རིན་པོ་ཆེ་འཁྲུངས་པའི་ཡུལ་ནི་ཙོང་ཁའི་ཡུལ་ཡིན་པས་ན།   ཙོང་ཁ་ཞེས་པའི་མཐའ་རུ་པ་ཡིག་བདག་སྒྲ་སྦྱར་ཏེ་གནས་མིང་མཚན་ལ་ཐོགས་པ་ཡིན་ནོ།   ། གནས་མིང་མཚན་ལ་འབྱོར་བའི་དཔེ་ནི་ཁ་བའི་ལྗོངས་འདིར་གནའ་ནས་ད་བར་དུ་དར་རྒྱས་ཤིན་ཏུ་ཆེ་སྟེ།  དཔེར་ན།  ས་པཎ། གུང་ཐང་བསྟན་པའི་སྒྲོན་མེ།  ཚེ་ཏན་ཞབས་དྲུང་ལྟ་བུའོ།  །   
          གཞན་ཆོས་སྡེ་ཆེན་པོ་འདི་ཡང་དགེ་ལུགས་པའི་དགོན་ཆེན་ཞིག་ཡིན་པར་བརྟེན།   དགེ་ལུགས་པའམ་དགེ་ལྡན་པ།   ཞྭ་སེར་པ་ཞེས་པའི་མཚན་ཇི་ལྟར་ཐོགས་ཚུལ་མདོ་ཙམ་བརྗོད་ན།     དེར་ཡང་བཤད་ཚུལ་མི་འདྲ་བ་མང་སྟེ། དཔེར་ན་ལ་ལས།   རྗེ་ཙོང་ཁ་པས་གྲུབ་མཐའ་སྒེར་དུ་བཟུང་བས་སྒེར་ལུགས་པར་འབོད་པའི་སྒྲ་ཕྱིས་སུ་ཉམས་ནས་དགེ་ལུགས་པར་གྲགས་ཟེར་བ་དང་།  ལ་ལས།   རྗེ་ཙོང་ཁ་པས་ཁོའི་སྐབས་དེའི་རིག་གཞུང་མཐོན་པོའི་སྙན་གྲགས་ལ་བརྟེན་ནས།  དགེ་འདུན་པས་ཆང་འཐུང་མི་ཆོག་པ་དང་།  ནོར་ལ་མི་གཉེར་བ་སོགས་སྡོམ་པ་སྲུང་བའི་སྒྲིག་ལམ་གཏན་ལ་ཕབ་ཏེ།  དགེ་བཅུ་ཆེར་བཤད་བྱས་པའི་དབང་གིས་རྗེ་ཁོང་ཉིད་ཀྱི་རང་ལུགས་ལ་དགེ་ལུགས་པ་ཞེས་མཚན་བཏགས་ཞེས་པ་ཚང་མ་ཁུངས་ལུང་མེད་པའི་བབ་ཅོལ་གྱི་གཏམ་དུ་གྱུར་ཏོ།   ། དེས་ན་ཇི་ལྟར་བརྗོད་ཚེ་ད་གཟོད་ཁུངས་བཙུན་པར་འདུག་ཅེ་ན།  དེ་ཡང་དགེ་ལུགས་པའམ་དགེ་ལྡན་པ་ཞེས་པ་ནི་གདན་སའི་མིང་གིས་བཏགས་པ་ཡིན་ཏེ། རྗེ་ཙོང་ཁ་པ་དགུང་ལོ་ལྔ་བཅུ་ང་གསུམ་བཞེས་པའི་ཚེ། འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ནས་སྐུ་ཚེ་སྨད་དེར་བཞུགས་པར་བརྟེན་ནས་རྗེ་ཁོང་ཉིད་ཀྱི་རང་ལུགས་ལ་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད་པ་བྱུང་།    ཕྱིས་སུ་དགའ་ལུགས་པའམ་དགའ་ལྡན་པ་ཞེས་འབོད་བའི་ཕྱིར་ན། དགེ་ལུགས་པའམ་དགེ་ལྡན་པ་ཞེས་རྒྱུན་ཆགས་སོ།  །   
          ད་ནི་དགེ་ལུགས་པ་ལ་ཞྭ་སེར་པ་ཞེས་པའི་མཚན་ཐོགས་ཚུལ་མདོ་ཙམ་བཤད་ན།  དེ་ལ་མཁས་པའི་བཞེད་སྲོལ་མི་འདྲ་བ་གཉིས་མཆིས་ཏེ།  དཔེར་ན། ཁ་ཅིག་གིས།   རྗེ་ཙོང་ཁ་པ་རང་ཉིད་དང་སློབ་མ་བགྲེས་པ་རྣམས་ཀྱི་དགོངས་པར་ཞྭ་མོ་དང་ཆས་སོགས་ལུགས་བྱིངས་དང་མི་འདྲ་བ་ཞིག་བྱུང་ཚེ་གྲུབ་མཐའ་གཞན་དག་གི་ཕྲག་དོག་དང་ངན་སྨྲས་སོགས་ཡོང་བའི་ཉེན་ཁ་ཆེ་བས་ཆོས་ལུགས་སྤྱི་དང་མཐུན་ན་བསམས་ཀྱང་།   སློབ་མ་ཕལ་ཆེ་བས་ཞྭ་མོ་མདོག་སེར་པོ་དང་དབྱིབས་ཀྱང་གཞན་དང་མི་འདྲ་བ་སྒེར་འཛིན་བྱེད་པས་ན།  རྗེའི་རང་ལུགས་ལ་ཞྭ་སེར་འཆང་བའི་ལུགས་ཞེས་ཐོགས་ཟེར་བ་དང་།  ཁ་ཅིག་གིས།  བླ་ཆེན་དགོངས་པ་རབ་གསལ་གྱིས་ཀླུ་མེས་བོད་དུ་འབྱོན་ཁར་དབུ་ཞྭ་སེར་པོ་བཞེས་འཕྲོ་ཞིག་གནང་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས་པར་བརྟེན་སྔོན་གྱི་འདུལ་འཛིན་པ་ཆེན་པོ་རྣམས་ཀྱིས་དབུ་ཞྭ་སེར་པོ་ནབ་པ་ཡིན་པས།   རྗེ་བླ་མས་ཀྱང་འདུལ་བའི་བསྟན་པ་ཉམས་པ་གཞི་ནས་གསོ་བའི་རྟེན་འབྲེལ་དུ་དབུ་ཞྭའི་ཁ་དོག་སྔོན་གྱི་འདུལ་འཛིན་པ་རྣམས་དང་མཐུན་པའི་སེར་པོ་མཛད་པར་བརྟེན་རྗེའི་རང་ལུགས་ལ་ཞྭ་སེར་འཆང་བའི་ལུགས་ཞེས་བཞེད་པའོ་ཞེས་པ་ལྟར།    བློ་ཆུང་བདག་གིས་བཞེད་པ་མི་འདྲ་བ་འདི་གཉིས་ལ་བློ་ཡིས་དཔོག་ཚོད་ཀྱིས་རགས་ཙམ་དཔྱད་ན།     སྔ་མའི་བཞེད་ཚུལ་དེ་ཁུངས་བཙུན་ཞིང་འཁྲུལ་བ་མེད་པ་ཞིག་མིན་པར་བསམས།   ཅིའི་ཕྱིར་ཞེ་ན།   དུས་སྐབས་དེའི་སྤྱི་ཚོགས་ཀྱི་ཆ་རྐྱེན་ལ་གཞིགས་ན་ཆོས་ལུགས་གོང་གྲས་མི་སྣའི་སྙན་གྲགས་ཤིན་ཏུ་དར་རྒྱས་སུ་འགྲོ་བའི་སྐབས་ཡིན་ལ།     རྗེ་ཙོང་ཁ་པ་ལྟ་བུའི་མཁས་ཆེན་དམ་པ་དང་དེའི་སློབ་གཉེར་བ་བགྲེས་པ་རྣམས་ཀྱིས་ཞྭ་སེར་གྱོན་པར་བཞེད་པ་མེད་ཚེ་དམན་གྱི་སློབ་གཉེར་བ་དར་གཞོན་རྣམས་ཀྱིས་རྗེ་སློབ་དཔོན་ཆེན་པོའི་དགོངས་པ་ལ་འགལ་ཏེ།  ཨུ་ཚུགས་ཀྱིས་ཞྭ་སེར་གྱོན་ཐུབ་བམ། གལ་ཏེ་ཞྭ་སེར་གྱོན་ཐུབ་པའི་དབང་དུ་བཏང་ནའང་།    ཞྭ་མོའི་མདོག་དང་དབྱིབས་བསྒྱུར་བ་ཙམ་གྱིས་གྲུབ་མཐའི་ངོ་བོ་འཛིན་མི་ཐུབ་པ་དང་གྲུབ་མཐའ་སྒེར་འཛིན་ཡང་བྱེད་མི་ཐུབ་པར་བསམས།  དེའི་རྒྱུ་མཚན་ནི་གྲུབ་མཐའི་ལྟ་བ་མི་འདྲ་བའི་ནང་དུའང་གྱོན་ཆས་དང་ཞྭའི་མདོག་མཚུངས་པ་ཡོད་པས་སོ།   ། དེའི་ཕྱིར་ཉམ་ཆུང་བདག་འདྲས་ཀྱང་དགག་བྱེད་ཀྱི་མཚོན་ཆ་ཞིག་བསྒྲེངས་ན་ཅི་མ་རུང་སྙམ་མོ།   ། འོ་ན་བཞེད་ཚུལ་ཅི་འདྲ་ཞིག་ལ་འཐད་ཅེ་ན།   ཕྱི་མའི་བཞེད་པ་དེ་ཁུངས་ལུང་བཙུན་ཞིང་།  བསླུ་མེད་སྐྱོན་དང་བྲལ་བ་ཞིག་ཡིན་པར་སེམས་སོ།  །      ལྔ་པ།  ཏང་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་།
          སྤྱི་ལོ་1949ལོར་ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་རྣམ་འདྲེན་ཏང་གིས་འཁྲུལ་མེད་དབུ་མཛད་ཀྱི་སྦྲང་ཆར་སྙོམས་པར་ཕབ་སྟེ།    བགྲང་བྱ་སྟོང་ཕྲག་དུ་མར་སྡོམ་རྒྱས་དམ་པོར་འཆིང་བའི་འཛིན་མ་རྣམ་པར་གྲོལ་ནས། བདེ་སྐྱིད་ཀྱི་འདབ་བརྒྱ་མ་ལུས་ས་ཕྱོགས་ཀུན་ཏུ་ལྷུག་པར་བཞད་ཅིང་།   ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་དྲི་བྲལ་གཟི་འོད་ཀྱི་གཟིགས་སྐྱོང་དང་།  ལྷག་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རིག་གནས་དངོས་རྫས་སྲུང་སྐྱོབ་བྱེད་དགོས་པའི་མི་འཇིག་གནམ་ལྕགས་ཐོག་འདྲའི་རྡོ་རིང་ལྷང་ངེར་བཞེངས་པའི་བཀའ་དྲིན་ལ་བརྟེན་ནས།  མཚུངས་མེད་སྐུ་འབུམ་བྱམས་པ་གླིང་སྟེ་རྒྱ་མཚོ་ལྟ་བུའི་གླེགས་བམ་གྱི་བང་མཛོད་དང་།    ཁྱད་དུ་འཕགས་པའི་རྐོ་བཟོ་དང་འཇིམ་བཟོ།   ཡང་ན་ངོ་མཚར་སྟོང་ལྡན་གྱི་ལི་ཁང་དང་གཙུག་ལག་ཁང་།  དེ་མིན་རིན་ཐང་བྲལ་བའི་ནང་རྟེན་འགངས་ཆེན་ལ་སོགས་པར་བརླག་སྐྱོན་ཚབས་ཆེན་མ་ཐེབས་པ་ལགས་སོ།  །   
          ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་དུ།   ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་འོད་ཟེར་ཡང་བསྐྱར་ལྷམ་མེར་འཕྲོས་ཏེ།   མི་རིགས་ཀུན་ལ་ཆོས་ལུགས་དད་མོས་རང་དབང་དང་མི་དད་པའི་རང་དབང་ཡོད་པ་དང་།  དེར་མ་ཟད་ད་དུང་རྒྱལ་ཁབ་ཀྱིས་རོགས་སྐྱོར་གང་ལེགས་མཛད་དེ།   ཉེ་འགའི་ལོ་ལ་རྒྱལ་ཁབ་ཀྱིས་འགྲོ་སོང་སྒོར་ས་ཡ་གསུམ་ལྷག་བཏང་ནས་དགོན་སྡེ་འདིའི་གསེར་སྡོང་ཆེན་མོ་གཙོ་བྱས་ནས་ཞིག་གསོ་རྒྱ་ཆེན་གནང་བར་བརྟེན།  ད་ལྟ་ང་ཚོའི་མིག་གི་སྤྱོད་ཡུལ་དུ་དགོན་སྡེ་འདི་སླར་ཡང་ལྷུན་ཆགས་རྔམ་བརྗིད་ལྡན་པའི་ངང་ལྷང་ངེར་འགྱིང་ཞིང་།     ནང་བསྟན་ཆོས་ལུགས་ཀྱི་དད་ལྡན་མང་ཚོགས་ནི་སྤྲིན་དཀར་འདུ་འགོད་བགྱིད་པ་བཞིན་བར་མཚམས་མེད་པར།  ཕྱག་མཇལ་ལྟ་སྐོར་ལ་ཡོང་བཞིན་མཆིས་ལ།    སྔ་ཕྱིར་ཏང་དང་རྒྱལ་ཁབ་ཀྱི་གཙོ་འཛིན་ཅང་ཙེ་མིན་དང་ཧུའུ་ཅིན་ཐོ།  ལིས་ཕུན།  ཀྲུའུ་རུང་ཅི།  ལིས་རོས་ཧན། ལིས་ལན་ཆིན།   བུན་ཅ་པའོ།   ཆན་ཆི་ཁྲིན་བཅས་པས་མཚོ་སྔོན་དུ་བྱ་བར་གཟིགས་ཞིབ་གནང་བའི་སྐབས་དང་བསྟུན་ནས་དགོན་སྡེ་ཆེན་པོ་འདིར་ལྟ་གཟིགས་མཛད་ཅིང་།     ད་དུང་བསྟོད་བསྔགས་ཀྱི་མེ་ཏོག་ཀྱང་གང་ལེགས་འཐོར་མྱོང་བར་མ་ཟད།  ཕྱིས་སུ་བདག་སྐྱོང་ལེགས་པོ་བགྱི་བའི་ཐད་དུ་གསུང་བཤད་གལ་ཆེན་ཀྱང་གནང་ངོ་།  །    
འདིར་སྨྲས་པ།  མདོ་སྨད་འཛིན་མའི་ལྷ་ལམ་ཡངས་པ་རུ།  །            
          གྲོང་དང་གྲོང་ཁྱེར་རྒྱུ་སྐར་རྣམ་བཀྲ་ཡང་།  །
          བཟོ་རྩལ་རྨད་བྱུང་སྐུ་འབུམ་ཆུ་ཤེལ་དབང་།  །
          ལྷ་གླིང་འདི་ཡི་མཛེས་རྒྱན་ཉིད་དུ་གྱུར།  །
          དགོན་འདིའི་ལོ་རྒྱུས་ཟབ་ཡངས་རྒྱ་མཚོའི་མཐར།  །
          ཤེས་བྱ་དབུལ་བའི་ཉམ་ཆུང་བདག་འདྲ་བས།  །
          ལྕེ་བརྒྱ་སྤྲུལ་ནས་བསྐལ་པ་ཁྲི་ཕྲག་ལ།  །
          བརྗོད་ཀྱང་ཐར་བའི་ལེགས་བྱས་རབ་ཏུ་ཕྲ།  །
          ཡིན་ཡང་གནས་འདིའི་ལོ་རྒྱུས་ལེགས་བྱང་བའི།  །
          མཁས་པ་སྟོང་གི་དཔྱད་གཏམ་རྒྱུད་མངས་སྒྲ།  །
          ཡོངས་སུ་འགུག་སླད་རྩོམ་ཐུང་འདོད་ལྡན་མས།  །
          དོན་མེད་གླུ་གཞས་ཅ་ཅོ་འདི་ཕུལ་ལོ།  །
ཟུར་ལྟའི་དཔྱད་གཞིའི་ཡིག་ཆ།
1.ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་བོས་མཛད་པའི་གདན་རབས་མུ་ཏིག་ཕྲེང་བ།    
2.གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་གདན་རབས་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ཆེད་དུ་བརྗོད་པ་དོན་ལྡན་ཚངས་པའི་དབྱངས་སྙན།    
3.ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་གྲུབ་མཐའ་ལེགས་བཤད་ཤེལ་གྱི་མེ་ལོང་བཅས་ཡིན་ནོ། །