ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཐར་བདེ་མི་གཡོ་བསམ་གཏན་གླིང་།

སྤེལ་དུས 2018-04-25 ཡོང་ཁུངས། ཧི་མ་ལ་ཡའི་བོན། རྩོམ་པ་པོ། ཐར་བདེ་སྤྲུལ་སྐུ།
             རྣམ་འདྲེན་སྟོང་གི་དབང་པོ་སྟོན་པ་གཤེན་རབ་མི་བོ་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོའི་ཕྱག་འཚལ་ཞིང་དང་བས་སྐྱབས་སུ་མཆིའོ། ཞེས་མཆོད་པ་བརྗོད་པའི་ངག་གི་མེ་ཏོག་སྔོན་དུ་འཐོར་ཞིང་། སྐབས་འདིར་ཐར་བདེ་དགོན་གྱི་ལོ་རྒྱུས་བཤད་པ་ཏེ། དོན་རྣམ་བརྒྱད་ཀྱི་སྒོ་ནས་སྟོན་ལ།
             དང་པོ། གྲུབ་མཐའ་གང་ཞིག་ལ་གཏོགས་པ་ནི། བོད་གངས་ཅན་གྱི་ལྗོངས་འདིར། ནང་པ་སངས་རྒྱས་ཀྱི་གྲུབ་མཐའ་ཆེན་པོ་ལྔ་ཞེས་ཡོངས་སུ་གྲགས་པ་ལས། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་རིང་ལུགས་འཛིན་པའི་དགོན་སྡེ་ཞིག་ཡིན།
             གཉིས་པ། གནས་གང་ཞིག་དུ་ཆགས་ཡོད་པ་ནི། བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་མཛད་པ་རྣམ་པ་བཅུ་གཉིས་ཀྱི་དོན་སྟོན་པའི་ཞིང་ཁམས་ཁྱད་པར་ཅན། འོལ་མོ་ལུང་རིང་གི་ཤར་ཕྱོགས། ཞང་ཞུང་སྒོ་ཕུག་བར་གསུམ་དུ་གྲགས་པའི་སྒོ་ཡི་ཉེར་འདབ། མདོ་ཁམས་ས་ཡི་ཐིག་ལེ། འབྲི་རྫ་ཟལ་མོའི་ལྒོང་རྒྱུད། འབྲི་ཆུ་སྔོན་མོའི་གཡས་ཟུར། སྡེ་བཞི་དགེ་བཅུ་དཔལ་ཕུན་སུམ་ཚོགས་པའི་ཡུལ་གྱི་ཁོངས། མགོ་ལོན་ཞེས་པའི་ས་ཆ་རང་བྱུང་གི་དགེ་མཚན་ཕུན་སུམ་ཚོགས་པའི་གནས་ཆད་པར་ཅན། ཤར་ཕྱོགས་སྨིན་དྲུག་འོག་གི་རི་ལ་བཀྲ་ཤིས་པའི་གདུག་དཀར་དང་རྫས་བརྒྱད་ཀྱི་ངོ་མཚར་སྤུངས་པ། བྱང་ཕྱོགས་བཀྲ་ཤིས་དུང་དཀར་འདྲ་བའི་རི་ལ་ནོར་བུ་བརྒྱད་ཀྱི་ངོ་མཚར་སྤུངས་པ། ནུབ་ཕྱོགས་དར་དཀར་གྱི་ཡོལ་བ་མཐེན་འདྲའི་རི་ལ་གཡུང་དྲུང་དང་འཁོར་ལོའི་ངོ་མཚར་སྤུངས་པ། ལྷོ་ཕྱོགས་དུག་སྦྲུལ་ཐུར་དུ་རྒྱུག་འདྲའི་རི་ལ་དྲག་པོ་དབལ་གྱི་ཨེ་ཀློང་གི་ངོ་མཚར་ཡོད་པ། དབུས་རུས་སྦལ་མགོ་བོ་ལྷོ་རུ་བསྟན་འདྲ་བའི་ས་ལ་འབྱུང་བཞི་ཨུར་ནོན་གྱི་ངོ་མཚར་ལྡན་པ། གཞན་ཡང་རྒྱལ་སྲིད་སྣ་བདུད་དང་ས་ཡི་སྲུང་བཞི། ལྷག་པར་དུ་རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་རྒྱུན་དུ་བྱིན་གྱི་རླབས་པའི་གནས་དེ་རུ་ཆགས་ཡོད།

             གསུམ་པ། ཕྱགས་བཏབ་པ་པོ་ཡི་རིགས་རུས་བྱུང་ཚུལ་ནི། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་གདུང་རྒྱུད་ཆེན་པོ་དྲུག་སྟེ། རྒྱལ་རིག་གཤེན་གྱི་གདུང་། དཔལ་ལྡན་བྲུ་ཡི་གདུང་། དབང་ལྡན་ཞུ་ཡི་གདུང་། གྲུབ་ཐོབ་སྤ་ཡི་གདུང་། མཁས་པ་རྨེའུ་གདུང་། དམ་པ་ཁྱུང་གི་གདུང་བཅས་བྱུང་བ་ལས། དགོན་འདི་ཉིད་ཕྱགས་འདེབས་པའི་བླ་མ་ཀུན་དགའ་རྣམ་རྒྱལ་ནི། མཁས་པ་རྨེའུ་གདུང་རྒྱུད་སུ་འཁྲུངས། སྐབས་འདིར་མཁས་པ་རྨེའུས་ལོ་རྒྱུས་འདོར་ཙམ་ངོ་སྤྲོད་ཞུས་ན། སྲིད་པ་རྒྱུད་ཀྱི་ཁ་བྱང་དུ་དྲན་པ་ནམ་མཁའི་ཞལ་ནས། ཁོ་འོས་བྱིན་གྱིས་བརླབཔའི་བུ། རྨེའུ་གདུང་འཛིན་ལྷ་རི་མཚན། ཕྱི་ནང་གསང་བའི་བོན་སྒོ་ལ། སྦྱོང་རྟོགས་བསྟན་པ་དར་བ་བྱེད། ཞེས་ལུང་གི་ཟིམ་པའི་སྐྱེས་བུ་ཆེན་པོ་ལྷ་རི་གཉེན་པོ་དེ་ཉིད་རྨེའུ་ཡི་གདུང་སུ་འཁྲུངས། དམ་པ་ཁང་ནི་ཆུང་ནས་བློ་རིག་བཀྲ་ཤིང་བརྩོན་འགྲུས་ལྡན་པ་ཞིག་བྱུང་ནས། བྲུ་ཞུ་སྤ་གསུམ་གྱི་བླ་མ་བྲུ་ཤ་ཁྱུང་གི་རྒྱལ་མཚན་དང་། ཞུ་ལྷ་རྗེ་སྐྱིད་པོ། སྤ་སྟོན་དཔལ་མཆོག་གསུམ་གྱི་ཞབས་ལ་གཏུགས་སྟེ། མདོ་སྔགས་སེམས་གསུམ་གྱི་བོན་ལ་མཁས་པར་སྦྱོངས་ཤིང་། བསྟན་དང་འགྲོ་བའི་དོན་རྒྱ་ཆེར་མཛད། དམ་པ་ཁང་གི་སྲས་ རྨེའུ་གསས་མཁར་བླ་མ། དེའི་སྲས་རྨེའུ་ཤྭཀྱ་བརྟེན། དེའི་སྲས་རྨེའུ་དམ་པ་དགོངས་མཛོད་རི་ཁྲོད་ཆེན་པོ་སྟེ། སྐྱོང་འཕགས་ཀྱི་གནད་བྱང་ལས། ཚད་མེད་འོད་ལྡན་སྤྲུལ་པ་ནི། རྨེ་སྟོན་དམ་པ་རི་ཁྲོད་ཞེས། ཀུན་ཏུ་བཟང་པོའི་ཐུགས་དགོངས་ལྡན། རྗེས་འབྲང་བརྒྱ་རྩ་མངོན་སངས་རྒྱས། བརྒྱུད་འཛིན་བཅུ་ཡིས་འགྲོ་དོན་བྱེད། འབུམ་ཕྲག་ལྔ་བཅུའི་ཐར་ལམ་ཕྱེད། བརྒྱུད་པ་དུས་མཐའི་བར་དུ་གནས། ཞེས་རྒྱལ་བའི་ལུང་གིས་བསྔགས་པའི་སྐྱེས་བུ་དམ་པ་འདི་ཉིད་ལ། སློབ་བརྒྱུད་ཀྱང་རྟོག་ལྡན་སྒོམ་ཆེན་འབར་བ་སོགས་བཀའ་བབ་ཀྱི་སྲས་བཞི། ལྕམ་གཉིས། གཅུང་བརྒྱད། ཐ་ཆུང་གཉིས། གྲུབ་པ་ཐོབ་པ་ལྔ་བཅུ་རྩ་བརྒྱད། རི་འགྲིམ་སྒོམ་ཆེན་སྟོང་ལས་འདས་པ་དང་། བཀའ་འགྲེལ་ཐོབ་པ་འབུམ་ལས་བརྒལ་བ་བྱུང་ཞིང་། བསྟན་འགྲོའི་དོན་ལེགས་པར་མཛད། རྨེའུ་གདན་ས་ཆེན་པོ་འདི་ཉིད་དུ་གདུང་རབས་དང་བརྒྱུད་མཛིན་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུ་བྱུང་བ་ནི་བརྗོད་ཀྱི་མི་ལོང་ལ། འདིར་མཚམས་འཇོག་པར་བྱ། དེ་ནས་བླ་མ་ཀུན་དགའ་རྣམ་རྒྱལ་ནི་སྤྱི་ལོ་༡༢༠༠དུས་སུ་དབུས་ཙང་གི་ཕྱོགས། དཔལ་ལྡན་བཟང་པོའི་རི་ད་ལྟ་བཟང་རི་རྨེའུ་ཚང་བྱ་བའི་གནས་ཆད་པར་ཅན་དེར་མཁས་པ་རྨེའུ་ཡི་གདུང་སུ་སྐུ་འཁྲུངས། དམ་པ་འདི་ཉིད་ཡབ་མེས་གོང་མ་རྣམས་ཀྱི་རྗེས་སུ་འབྲང་ནས་ཐུན་མོང་ཕྱི་ནང་གི་རིག་གནས་སྤྱི་དང་། ལྷག་པར་དུ་མདོ་བསྔགས་གཞུང་ལུགས་ཀུན་ལ་མཁས་པ་སྦྱོང་ཞིང་། རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩམ་གསུམ་སོགས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་བརྒྱ་ཆེར་མཛད། དེ་ནས་གཡུང་དྲུང་བོན་གྱི་བཀའ་སྲུང་དཔལ་ལྡན་སྲིད་རྒྱལ་མོའི། བླ་མ་ཉིད་ཀྱི་འགྲོ་དོན་ཁམས་དང་རྒྱལ་རང་དུ་ཡོད་ཅེས་ལུང་བསྟན་ཡང་ཡང་གནང་བ་དང་རྟེན་འབྲེལ་དུ་མ་ལ་རྟེན་ནས། ཁམས་སྡེ་དགེ་རྒྱལ་པོའི་མངའ་ཁོངས་མཁར་གསུམ་མདོ་རུ་ཕེབས་ནས་ལོ་ཁ་ཤས་བཞུགས་རིང་། ལུང་དང་མཐུན་པའི་ཡུམ་ཞིག་འཛིན་ནས་སྲས་གཉིས་འཁྲུངས། སྲས་ཆེ་བ་ལ་ལྷ་རྒྱལ་དང་། སྲས་ཆུང་བ་ལ་ཉི་མ་མཚན་གསོལ། དེ་ནས་ཡབ་སྲས་རྣམ་ཀྱིས་ཚྭ་ཚྭ་འབུར་མགོ་བྱ་བའི་ས་དེར་ཕོ་བྲང་ཞིག་བཞེང་ནས། ཡི་དམ་ཕྱི་ནང་གསང་གསུམ་ལ་ཉིན་མཚན་འགོར་མེད་དུ་སྙན་སྒྲུབ་མཛད་ནས་ལྷ་ཞལ་འཇལ་བ་སོགས་གྲུབ་པའི་རྟག་མཚན་ཐོན། དད་ལྡན་གྱི་སློབ་འབང་བརྒྱ་ཆེར་བ་བྱུང་བ་རྣམས་ལ་བོན་གྱི་སྦྱིན་པ་རྒྱ་ཆེར་མཛད། སྐབས་དེར་ལྷ་སྲུང་གྱི་ལུང་བསྟན་དུ་ཡུལ་དེ་ཡི་སྟོད། གླིང་ཁྲི་གོང་འོག་བར་གསུམ་དུ་གྲགས་པའི་བར་མ། མགོ་ལོན་ཞེས་པའི་ས་དེར་ཁྱེད་ཡབ་སྲས་ཀྱི་འགྲོ་དོན་ཡོང་གསུང་བ་བཞིན། ཁང་ཡབ་སྲས་རྣམས་ཀྱི་ཆིབས་ཀྱི་ཁ་ལོ་མགོ་ལོན་དུ་བསྒྱུར་ནས་སེང་ལུང་ལ་ཞེས་པའི་ས་རུ་སླེབས་དུས། དགོན་པ་བཏབ་སའི་ས་མིག། འདུན་གྱི་རི་ངོས་སུ་ཡོད་པ་གཟིགས་ནས། སྲས་ཆུང་བ་ཉི་མས་རྟེན་འབྲེལ་གྱི་ཚུལ་དུ་བྲག་འབུར་ཞིག་ཡོད་པ་དེ་ལ་དབུ་འབིགས་པས། མར་ལ་འཛུབ་མོ་བཙུག་པ་ནང་བཞིན་དབུ་རྗེས་གསལ་པོ་དོད་ཡོད་པ། ད་ལྟ་ཡང་འཇལ་རྒྱུ་ཡོད། དེ་ནས་ཡར་ཙམ་ཕྱིན་པའི་ས་ལ་གྲོང་པ་ཞིག་ཆགས་ཡོད་པ་དེ་ཡི་མགོ་ལ་ཕོ་བྲང་ཞིག་བཏབ། སྲས་ཆེ་བ་ལྷ་རྒྱལ་ལ་རིགས་བཟང་གི་བུ་མོ་ཞིག་བཙལ་ནས་གདུང་རྒྱུད་འཛིན་དུ་འཇུག་པ་དང་། སྲས་ཆུང་བ་ཉི་མ་རབ་ཏུ་བྱུང་ནས་གྲོང་པ་དེ་ཡི་རྒྱབ་ཀྱི་རི་ངོས། གོང་དུ་བཤད་པའི་གནས་ཁྱད་པར་ཅན་དེར་ཐར་བདེ་མི་གཡོ་བསམ་གཏན་བོན་གླིང་འདི་ཉིད་ཕྱག་བཏབ། སྲས་རྣམ་གཉིས་ཀྱིས་ཡབ་ཀྱི་སྐུ་མདུན་ནས་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་དང་། གསང་བསྔགས་ཀྱི་བོན་སྒོ་ཟབ་མོ་རྣམས་ཀྱི་དབང་ལུང་ཁྲིད་བཅས་རྒྱས་པར་ཞུས་ཤིང་། སྙན་སྒྲུབ་ལ་བརྩོན་པས་རྡོ་ཕ་ཝང་ཁྱི་ལྟར་ཁྲིད་པ། ཉི་མའི་ཟེར་ལ་ན་བཟའ་བཀལ་བ་སོགས་གྲུབ་པའི་རྟག་འཚན་ཐོན། ལྷག་པར་དུ་བླ་མེད་རྫོགས་པ་ཆེན་པོའི་བོན་སྒོ་ཟབ་མོ་རྣམས་ལ་ཉམས་ལེན་ལེགས་པར་བགྱིས་ནས་ལྟ་བའི་གདིང་ཐོབ་པ་དང་། ཟག་མེད་ཀྱི་མངོན་ཤེས་ཐོགས་མེད་མངའ་བ་སོགས་ཀྱིས་འབྲི་ཆུའི་སྟོད་སྨད་བར་གསུམ་ནས་དད་ལྡན་གྱི་སློབ་མ་དང་སྦྱིན་པའི་བདག་པོ་མང་པོ་བྱུང་། བསྟན་འགྲོའི་དོན་བརྒྱ་ཆེར་འགྲུབས།
སྨྲས་པ། 
             འཕགས་མཆོག་མཁས་པ་རྨེའུ་ལྷ་རི་ཡི། ། 
             རིགས་རྒྱུདའཁྲུལ་མེད་བླ་མ་ཡབ་སྲས་ཀྱི། །
             རྣམ་ཐར་དབྱར་གྱི་ཆུ་གཏེར་རྒྱས་པ་ལས། །
             ཐིག་པ་རྟོགས་རྣམས་འདི་ན་སྟོན་པར་བྱ། ། 
             ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
             བཞི་པ་བླ་རབས་རིན་བྱོན་གྱི་ལོ་རྒྱུས་ནི། ལྷ་རྒྱལ་ལ་སྲས་གསུམ་སྟེ། ཚེ་དབང་ལྷ་བུ་དང་བུ་ཆུང་། བསོད་ནམས་གསུམ་འཁྲུང་ཞིང་ཁོང་སྐུ་མཆེད་གསུམ་པོ་ཆུང་ནས་ཡབ་དང་ཁུ་བོའི་རྗེས་སུ་འབྲང་ནས་རིག་པའི་གནས་བཅུ་དང་།ལྷག་པར་དུ་མདོ་སྔགས་ཀྱི་གཞུང་ལུགས་དང་། གསང་བ་བླ་མེད་ཀྱི་རྒྱུད་སྡེ་ཀུན་ལ་ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་བཅད་ནས་ཉམས་ལེན་མཛད་། ཡིད་དམ་ལྷ་ཞལ་འཇལ་བ་དང་སྲུང་མ་བྲན་ལྟར་བཀོལ་བ། འགྲས་པའི་དགྲ་ལ་གཏོར་ཟོར་མི་དགོས་པ་སྙིང་རྗེ་ཆེན་པོའི་མ་ལུས་འཇོམས་པར་བྱེད་པ། ཚེ་ཟད་པ་ཡི་ཚེ་དཔལ་བསྐྱེད་ཞིང་། དབུལ་འཕོངས་པ་ཡི་དབུལ་བ་སེལ་བ། ཐ་ན་མཆིལ་ཐིག་རེ་བཏབ་པ་རྩོམ་གྱིས་གདོན་བགེགས་འབྱུང་པོ་ཐལ་བ་བརླགས་པ་སོགས་གྲུབ་པའི་རྟགས་མཚན་བརྗོད་ཀྱི་མི་ལོང་པ་མངའ་བའི་སྐྱེས་བུ་ཤ་དག་བྱུང་། སྲས་ཆེ་བ་ཚེ་དབང་ལྷ་བུ་ལ་གདུང་རྒྱུད་སྤེལ་བའི་དབང་བསྐུར།སྲས་འབྲིང་བ་བུ་ཆུང་རྒྱ་རང་ཡུལ་དུ་མེས་པོ་ཀུན་དགའ་རྣམ་རྒྱལ་གྱི་མདུན་དུ་ཕེབས་ནས། བསྟན་འགྲོའི་དོན་བརྒྱ་ཆེར་མཛད་པ་དང་། རྒྱུད་འཛིན་གྱི་བུ་སློབ་ཀྱང་སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དུ་མ་བྱོན། སྲས་ཆུང་བ་བསོད་ནམས་ཁུ་བོ་ཉི་མའི་མདུན་ནས་རབ་དུ་བྱུང་ཞིང་། ཐར་བདེ་དགོན་བསྟན་པའི་བདག་པོ་མངའ་གསོལ། རིས་མེད་ཀྱི་སྐྱེས་ཆེན་དམ་པ་དུ་མའི་ཞལ་སྔ་ནས། མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་མན་ངག་དང་བཅས་པ་རྒྱས་པར་ཞུས་ཤིང་མཁས་གྲུབ་ཀྱི་གོ་ས་ཐོབ། རང་དགོན་དུ་བཤད་པ་འཆད་ཉན་དང་སྒྲུབ་པ་ཉམས་ལེན་གྱི་སྡེ་གཙུགས་ནས་བསྟན་འགྲོའིའཕྲིན་ལས་རབ་ཏུ་རྒྱས། དེ་ནས་གང་གི་ཚེ་དབང་ལྷ་བུ་ལ་ཡང་སྲས་གསུམ་བྱུང་སྟེ། མགོན་པོ་བཀྲ་ཤིས། ལྷ་འབུམ་བཀྲ་ཤིས། ངག་དབང་རྒྱ་མཚོ། མགོནཔོ་བཀྲ་ཤིས་དང་ལྷ་འབུམ་བཀྲ་ཤིས་རྣམ་གཉིས་ཀྱིས་སྲིད་པ་རྒྱུད་ཀྱི་བོན་དང་ཟབ་མོ་གསང་སྔགས་ཀྱི་བོན་ལ་མཁས་པ་སྦྱོང་ཞིང་གདུང་རྒྱུད་སྤེལ། སྲས་ཆུང་ངག་དབང་རྒྱལ་མཚོའི་རབ་ཏུ་བྱུང་ནས་ངུར་སྨྲིག་གི་སྡེ་འཛིན། ལྟ་བ་རྫོགས་ཆེན་དང་མཐུན་པའི་རང་སེམས་ཀྱི་ངོ་བོ་སྐྱོངས། སྒོམ་པ་གསང་སྔགས་དང་མཐུན་པའི་སྣང་སྲིད་དབང་མཉམ་དུ་སྒོམ། སྤྱོད་པ་མདོ་ལམ་དང་མཐུན་པའི་སྤང་བླང་ཚུལ་བཞིན་སྲུང་ཤིང་གཤེན་བསྟན་གྱི་བ་དན་དཀར་པོ་ལྷ་ཡི་ལམ་དུ་མཐོན་པོ་བསྒྲིངས་ནས། ཡབ་མེས་གོང་མའི་བསྟན་པ་འཛིན། མགོན་པོ་བཀྲ་ཤིས་ལའང་སྲས་སྐུ་མཆེད་བཞི་འཁྲུངས་ཏེ། ཨ་དོན་དང་། ཉི་མ། ངག་དབང་བསྟན་པ། གཡུང་དྲུང་ཕུན་ཚོགས། སྲས་ཆེ་བ་ཨ་དོན་ནི་མི་ཆོས་གཙང་མ་བཅུ་དྲུག་དང་སྲིད་པའི་བོན་ལ་མཁས་པ་ཞིག་བྱུང་བ་ལ། སྔོ་གཟའ་བོ་པི་བྱ་བ་ཁྱིམ་ཐབ་སུ་ལེན་ནས་སྲས་གཉིས་འཁྲུངས། སྲས་ཆེ་བ་ལ་གཡུང་དྲུང་རྒྱལ་མཚན་དང་ཆུང་བ་ལ་གཡུང་དྲུང་ཡེ་ཤེས་མཚན་གསོལ། གཡུང་དྲུང་རྒྱལ་མཚན་ནི་སྐུ་ན་ཆུང་དུས་ནས་སྨན རི་དགོན་དུ་གྲྭ་ས་ཕེབས། ཐུན་མོང་ཕྱི་ནང་གི་རིག་གནས་སྤྱི་དང་གཞུང་བཀའ་པོད་ལྔ་སོགས་མདོ་སྔགས་ཀྱི་གཞུང་ལུགས་རྣམས་ལ་མཁས་པ་སྦྱོངས་ཤིང་དགེ་གཤེས་ཀྱི་གོ་ས་ཐོབ། སྨན་རི་དགོན་དུ་དབུ་མཛད་ལོ་དགུ་མཛད་ནས་སླར་རང་དགོན་དུ་ཕྱིར་ཕེབས་ནས། ཁམས་ཕྱོགས་ཀྱི་བོན་དགོན་རྣམས་ལ་རྒྱལ་བ་སྨན་རི་བའི་ཕྱག་ལེན་གྱི་གསོལ་འཛུགས་པ་དང་། མདོ་སྔགས་ཟུང་འགྲེལ་གྱི་བསྟན་པ་སྤེལ། སྲས་ཆུང་གཡུང་དྲུང་ཡེ་ཤེས་ནི་ཁུ་བོ་གཡུང་དྲུང་ཕུན་ཚོགས་མདུན་ནས་རབ་ཏུ་བྱུང་། སོར་བྱང་སྔགས་གསུམ་དང་ཁྱད་པར་དུ་རྫོགས་པ་ཆེན་པོའི་བོན་ལ་ཉམས་ལེན་མཛད་པས་བཅོས་མིན་གྱི་རྣལ་འབྱོར་ཆེན་པོ་ཞིག་བྱུང་། གང་དུ་བཤད་པའི་མགོན་པོ་བཀྲ་ཤིས་ཀྱི་སྲས་གཉིས་པ་ཉི་མ་ནི་ཆུང་ནས་གྲོངས། སྲས་གསུམ་པ་ངག་དབང་བསྟན་པ་ནི་སྐུ་ན་ཕྲ་བའི་དུས་ཡབ་མེས་གོང་མའི་རྗེས་སུ་གཡུང་དྲུང་བོན་ལ་སྤྱོད་པ་དང་། ཕྱིས་སུ་ངེས་མེད་ཀྱི་རྒྱལ་ཁམས་འགྲིམ་ནས། ས་སྐྱའི་ངོར་ཆེན་རྡོ་རྗེ་འཛིན་བྱམས་པ་ཀུན་དགའ་རྣམ་རྒྱལ་གྱི་མདུན་ནས། ལམ་འབྲས་བུ་དང་བཅས་པའི་དབང་ལུང་ཁྲིད་རྒྱས་ཤིང་རྒྱས་ཞུས། དེ་ནས་རྡོ་གྲུབ་ཆེན་འཇུ་ལི་སངས་རྒྱས་རིན་པོ་ཆེ་རྣམ་ཀྱི་མདུན་ནས། གསང་སྔགས་རྙིང་མ་པའི་རྒྱུད་ལུང་མན་ངག་སོགས་ལ་གསན་སྦྱོངས་གནང་ཞིང་རིས་མེད་བསྟན་པ་ཀུན་ལ་མཁྱེན་པའི་དབང་པོ་གྱུར། དེ་ནས་གསང་སྔགས་ཕྱི་ནང་གི་སྒྲུབ་པ་དང་ལྷག་པར་དུ་ལུས་སྦྱིན་གཅོད་ཀྱི་ཉམས་ལེན་ལ་བརྩོན་ཤིང་དུར་ཁྲོད་བརྒྱ་དང་ཆུ་མིག་བརྒྱ་ལ་འགྲིམ་པས་བཅོས་མིན་གྱི་གྲུབ་པ་བརྙེས། དཔེར་ན་སྨྱོ་ནད་སོས་ཐུབ་པ་དང་། ཐོག་དང་སེར་བ་ཟློག་ཐུབ་པ། ལྷ་སྲིན་སྡེ་བརྒྱད་དབང་དུ་འདུས་ཤིང་གསུང་གླིང་མཛད་པ། ཕྱག་ཕྲེང་ལ་སྔགས་བཏབ་པས་མེ་སྟག་འཕྲོ་བ་སོགས་གྲུབ་པའི་རྟགས་མཚན་ལྡན་པའི་རྣལ་འབྱོར་ཆེན་པོ་དེ་ཉིད་ཀྱིས། སྨུག་པོ་གདོང་གི་རུས་ལས་ཆད་པའི་ཁེ་ཕྱི་བཟའ་ཁྲ་གྲོག་མ་གསང་ཡུམ་བརྟེན་ནས་སྲས་ལྕམ་དྲལ་བདུན་འཁྲུངས་པ་དང་། བསྟན་འགྲོའི་དོན་བརྒྱ་ཆེར་མཛད་དེ་སླར་ཤིང་ཕོ་སྟག་གི་ལོ་ལ་དགོངས་པ་བོན་དབྱིངས་སུ་གཤེགས། འདས་མ་ཐག་སྐུ་གདུང་སྤྱི་གཙུག་ནས་འཇའ་ཚོན་སྣ་ལྔའི་ཐག་པ་རྩ་བ་ཕྲ་ལ་རྩེ་མོ་ལྗོན་ཤིང་ཡལ་ག་འདྲ་བ་མངོན་སུམ་མཇལ་རྒྱུ་བྱུང་། མགོན་པོ་བཀྲ་ཤིས་ཀྱི་སྐུ་སྲས་བཞི་པ་གཡུང་དྲུང་ཕུན་ཚོགས་ནི་ཆུང་ནས་འཁོར་བ་ལ་ཞེན་པ་ལོག་ཞིང་། གཡུང་དྲུང་བོན་གྱི་བསྟན་པའི་སྒོར་ཞུགས། སྟོད་གངས་དཀར་ཏི་སེ་མན་ཆད། སྨད་དར་རྩེ་འདོ་ཡན་གྱི་གྲུབ་མཐའ་ཁག་གི་དགོན་སྡེ་རྣམས་ལ་མཇལ་སྐོར་དང་། བླ་སྤྲུལ་མཁས་དབང་དུ་མའི་མདུན་ནས་གཞུང་བཀའ་སྤོད་རྣམས་ལ་ཆོས་འབྲེལ་ཟབ་མོ་ཞུས་ཤིང་མཁས་པའི་གོ་ས་ཐོབ། ལྷག་པར་དུ་སྨན་རིའི་མཁན་ཆེན་བསོད་ནམ་བློ་གྲོས་མདུན་ནས་རབ་བྱུང་གི་བསྙེན་པ་རྫོགས། རྟོགས་ལྡན་ཡེ་ཤེས་བསྟན་འཛིན་གྱི་དྲུང་ནས་སྔོན་འགྲོ་དང་འབྲེལ་རྩ་ཐིག་རླུང་གསུམ། ཁྲེགས་ཆོད་ཐོད་བརྒལ་སོགས་རྫོགས་པ་ཆེན་པོའི་ཉམས་ལེན་སྐོར་ལ་གསན་སྦྱོངས་ལེགས་པར་མཛད། རླུང་སེམས་ལ་རང་དབང་ཐོབ་པ་དང་ཉམས་རྟོགས་ཡེ་ཤེས་མེ་ལྟར་འབར་ནས། འཁོར་འདས་མ་ལུས་རྗེན་པར་གཟིགས་པ་སོགས་ངེས་པ་དོན་གྱི་གྲུབ་པ་བརྙེས་སྐྱེས་བུ་ཆེན་པོ་ཞིག་བྱུང་། ས་སྐྱོངས་སྡེ་དགེ་རྒྱལ་པོའི་དབུ་ཡི་མཆོད་གནས་སུ་བསྐུར་བ་དང་། རྒྱུད་འཛིན་གྱི་བུ་སློབ་ནི་སྐུ་ཚ་གཡུང་དྲུང་ཡེ་ཤེས་དང་། བོན་གཏེར་ཆེན་མོ་ཚེ་དབང་གྲགས་པ་སོགས་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུ་བྱོན་ཡོད་པ་ནི་བརྗོད་ཀྱི་མ་ལོངས་ཤིང་། རང་དགོན་དུ་ལྷ་ཁང་ཀ་བཞི་མ་རྟེན་དང་བསྟན་པ་བཅས་བཞིངས། འགྲོ་དོན་དང་མཛད་འཕྲིན་རབས་ཏུ་རྒྱས། སླར་ལྕགས་ཕག་ལོའི་འབྲུག་ཟླ་བའི་ཚེས་ཉི་ཤུ་དྲུག་ལ་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་གཤེགས། གོང་དུ་བཤད་པའི་ངག་དབང་བསྟན་པ་ཡབ་ཡུམ་ལ་སྲས་ལྕམ་དྲལ་བདུན་མཆིས་པ་ལས།

             སྐབས་འདིར་བཤད་པ་ནི་སྐུ་སྲས་བཞི་པ་བོན་གཏེར་ཆེན་མོ་ཚེ་དབང་གྲགས་པའམ་ཨོ་རྒྱན་བདེ་ཆེན་གླིང་པ་ནི། བྱང་ཆུབ་རྡོ་རྗེའི་གཏེར་ལུང་ལས། ལོ་ཆེན་བེེ་རོའི་ཡང་སྲིད་ཞྭ་དམར་བདག། །སྐྱེ་བ་ལྔ་ལ་བསྟན་པ་འཛིན་པ་སྟེ། །མདོ་གམ་འབྲི་ལུང་གཡས་ཟུར་མཁའ་འགྲོའི་གནས། །ངོ་མཚར་ས་རྟགས་ལྡན་པའི་གནས་མཆོག་ན། །ཆུ་སྦྲུལ་ལོ་པ་དབང་དང་གྲགས་པའི་མཚན། །རིགས་རུས་ཡབ་ཡུམ་ཕུན་སུམ་ཚོགས་པ་སྟེ། ། སྐུ་སྟོད་ཧུྃ་ལ་སྐུ་སྨད་སྟག་རིས་ཅན། །མི་ཟད་རྔམ་པའིམཆེ་བ་ཅུང་ཟད་བསྣོལ། །སྔོན་ལས་འཕྲོ་སད་མཁའ་འགྲོའི་ཚོགས་ལ་དབང་། ཞེས་རྒྱལ་བ་གོང་མ་རྣམ་གྱི་ལུང་གིས་ཡང་ཡང་ཟིན་པའི་སྐྱེས་བུ་ཆེན་པོ་འདི་ཉིད། རྣམ་རྒྱལ་ཞེས་པ་ཆུ་སྦྲུལ་ལོ་སྟག་ཟླ་བའི་ཚེས་གཅིག་གི་ཐོག་རང་གཟའ་སྐར་དགེ་བའི་ཉིན་ལ་སྐུ་འཁྲུངས། ཉི་ཤར་དུས་སུ་ཡབ་ཡུམ་གཉིས་ཀྱིས་སྲས་ལ་གཟིགས་པས། ལོང་ཚོ་ཡང་སུ་སྨིན་ཤིང་། ལྟེ་བ་པདྨོ་སྦུས་སུ་ནུབ་པ་སོགས། རྒྱལ་སྲས་དམ་པའི་མཚན་དང་དཔེ་བྱད་ཀྱིས་སྤྲས་ཡོད་པ་གཟིགས་ནས་ཐུགས་རབ་ཏུ་དགྱེས། དེ་ནས་ཟླ་བ་ཚང་བ་དང་ཁུ་བོ་གཡུང་དྲུང་ཕུན་ཚོགས་ཀྱི་སྐུ་མདུན་སོང་བས། ཐུགས་རབ་ཏུ་མཉེས་ནས་གསང་མཚན་ཚེ་དབང་གྲགས་པ་གསོལ། ཡབ་ཡུམ་སྲས་བཅས་ལ་ཞི་ཁྲོ་དང་ཚེ་སྒྲུབ་སོགས་ཀྱི་དབང་ཁྲུས་ལེགས་པར་མཛད་ནས། སྲས་ལ་དག་སྣང་གིས་སྐྱོངས་དགོས་པའི་ཞལ་བཀོད་གནང་། རྒྱལ་སྲས་འདི་ཉིད་དགུང་ལོ་ལྔ་ལ་སོན་ཞིང་གཟའ་སྐར་དགེ་བའི་ཉིན་ཞིག། ཡབ་ཀྱིས་ཡི་གེ་བསླབ་ནས་ཀ་ཞེས་གསུང་པ་ཙམ་གྱིས་དབྱངས་གསལ་བྱེད་སོ་བཞི་རང་བཞིན་དུ་མཁྱེན་པ་དང་། བསྭོ་ང་ནི་གསལ་བྱེད་རྒྱལ་པོ་ཡིན་སོགས་ཚིག་ཤོ་ལོ་ཀ་མང་པོ་སྔོན་གནས་རྗེས་དྲན་གྱི་ཚུལ་དུ་གསུང་། དེ་ནས་ཡབ་དང་ཁུ་བོ་རྣམས་ཀྱི་མདུན་ནས་ཐུན་མོང་ཕྱི་ནང་གི་རིག་གནས་ཀུན་ལ་གསན་སྦྱོང་མཛད་པས་ཚེགས་མེད་དུ་མཁྱེན། ལྷག་པར་དུ་ཁུ་བོ་དམ་པ་གཡུང་དྲུང་ཕུན་ཚོགས་ཀྱི་སྐུ་མདུན་ནས། མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་རྣམས་བུམ་པ་གང་བྱོས་ཀྱི་ཚུལ་དུ་བཀའ་དྲིན་བསྩལ་བ་དང་། གཞན་ཡང་དབུ་ཕྱག་རྫོགས་གསུམ་དང་འབྲེལ་བའི་ལྟ་སྒོམ་སྤྱོད་འབྲས་སོགས་ཡིད་རྟོག་ཙམ་མ་ཡིན་པར་དོན་སྒྲོ་འདོགས་ལེགས་པར་བཅད། ཆུ་སྟག་ལོར་ཁུ་བོ་རིན་པོ་ཆེས་ལྷ་ཁང་རྟེན་དང་བསྟན་པ་བཅས་ལེགས་གྲུབ་ཟིན་ནས་རབ་གནས་ཀྱི་མཛད་སྒོ་ལ། སྟོད་ནས་ཞུ་གཤེན་རྨེའུ་གསུམ་གྱི་བླ་མ་དང་། ཁྱུང་དཀར་རྒྱུད་འཛིན་བསྟན་འཛིན་གཙུག་ཕུད་སོགས་སྐྱེས་ ཆེན་དུ་མ་གདན་འདྲེན་ཞུས་ནས་རབ་གནས་མཛད་པ་དང་། རྒྱལ་སྲས་དམ་པ་འདི་ཉིད་གཙོས་བླ་གྲྭ་ཡོངས་ལ་རྒྱུད་སྡེ་ཕྱི་ནང་དང་བཀའ་གསར་རྙིང་གི་དབང་ལུང་མཐའ་ཡས་པ་གསུང་། དམ་པ་འདི་ཉིད་དགུང་ལོ་བཅུ་གཉིས་ཤིང་འབྲུག་ལོར། སྨན་རིའི་མཁན་རབས་ཉེ་གསུམ་པ་ཉི་མ་བསྟན་འཛིན་ཉིད་མདོ་ཁམས་སྨད་དུ་གདུལ་བྱ་ཕེབས་སྐབས། ཁུ་བོ་རིན་པོ་ཆེའི་ཐར་བདེ་དགོན་དུ་གདན་འདྲེན་ཞུས་ནས་ཟླ་བ་གསུམ་གྱི་རེང་ལ། གསས་འཁར་མཆོག་ལྔ་གཙོས་ཡི་དམ་ཕྱི་ནང་གསང་གསུམ་གྱི་དབང་ལུང་ ཁྲིད་རྒྱས་པར་གསུང་བ་རྣམས། དམ་པ་ཁང་གིས་ལྷག་ལུས་མེད་པར་ཞུས་ནས་སྙན་སྒྲུབ་ལ་བརྩོན་པས། ཡི་དམ་ལྷ་ཞལ་འཇལ་བ་སོགས་ཐུན་མིན་ཀྱི་དངོས་གྲུབ་ཐོབ། སྤྱིར་ན་དམ་པ་འདི་ཉིད་སྐུ་འཁྲུངས་ནས་མཁའ་འགྲོ་མ་རྣམས་ལུས་དང་དྲི་མ་བཞིན་དུའགྲོག་ཞིང་། ལུང་རྟེན་དང་ཟླ་ཡིག་རྒྱུན་མི་མཆིས་ཀྱང་འདིར་མ་དྲིས། དེ་ནས་དམ་པའི་སྐྱེས་བུ་འདི་ཉིད་སྐུ་ན་རིམ་བཞིན་སོན་ནས་ཡབ་དང་ལྷན་དུ་དབྱར་ལྡོམ་ལ་སོང་ཞིང་། ལྕགས་ར་ཞེས་པའི་ལུང་པ་ན་བཞུགས་དུས་མཁའ་འགྲོའི་ལུང་བསྟན་ལྟར་ལྕེ་ཙ་མཁར་བུའི་ཕྱག་ཕུར་ཁྲུ་གང་ཙམ་བྱིན་རླབས་ཅན་དེ་ཟབ་གཏེར་གྱི་ཐོག་མ་སྤྱན་དྲངས་པ་དང་། དགུང་ལོ་ཉེར་གཉིས་པ་ཤིང་ཕོ་སྟག་གི་ལོར་སྔོན་གྱི་ལུང་རྟེན་ལྟར། ཡུལ་གསེ་པ་བྱ་བ་ནས་གླིང་རྗེ་རྒྱལ་པོའི་རིགས་རྒྱུད་སུ་འཛིན་པའི་མགོན་པོ་རྒྱལ་མཚན་གྱི་སྲས་མོ་ལྷ་སྐྱིད་བྱ་བ། ཕྱི་ནང་གསང་བའི་མཚན་རྟགས་ཡང་སུ་རྫོགས་པ་དེ་གསང་ཡུམ་འཛིན། དུས་དེ་ནས་བཟུང་རྟེན་འབྲེལ་ལེགས་པར་འགྲིགས་ནས་ཟབ་གཏེར་གྱི་བང་མཛོད་ནི་རིན་པོ་ཆེའི་བྲམ་པ་བཞིན་བརྗོད་ཀྱི་མི་ལོང་ལ། འདིར་གཙོ་བོ་རྣམས་ཞུས་ན། གླང་ཐང་སིང་གེ་རྣམ་རྫོང་ནས་བྲམ་ཟེ་བརྒྱ་རྩའི་གདུང་རུས་དང་བྲམ་ཟེ་བཅུ་གཅིག་གི་སྐུ་ཤ་སྤྱན་དྲངས། ཟིལ་ཁོག་ཕ་ཝཾ་རྟ་འདྲ་ནས་ཟབ་མོ་ལྡེ་མིག་སྐོར་གསུམ། །ཁ་བྱང་གསལ་བའི་སྒྲོན་མེ། །ཡང་བྱང་འཕྲུལ་གྱི་མེ་ལོང་། །ཡང་གབ་སྙིང་གི་རྒྱ་ཅན། ཁྱད་པར་དུ་ཡུམ་ལྷ་སྐྱིད་དང་ལྷན་དུ་རྨ་རང་ཝྭ་མགོ་སྣ་ཞེས་པའི་ས་ཆ་ནས་བྰཻ་རོ་ཙ་ནའི་སྐུ་མཐོ་གང་ཅན་དང་། དབང་དྲག་འབར་བ་མེ་ཕྲིང་གི་སྒྲུབ་སྐོར། གསང་ཆེན་མགུལ་ཕུར་སོགས་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་གཏེར་དུ་དྲངས། དེ་ནས་ཟླ་ལུང་ཡུལ་དགོན་གྱི་རེ་ཞུས་ལྟར་ཞེ་ཞེས་དགོན་དུ་ཕེབས་པའི་ལམ་ཁ། ས་ལེ་འོད་ཞེས་པའི་རི་སྒོང་ན་རྡོ་ལུག་དྲོད་འདྲ་བའི་སྟིང་དུ་ཞབས་རྗེས་བཀྲ་ལམ་མེ་བཞག་ཡོད་པ་ད་ལྟ་ཡང་འཇལ་རྒྱུ་ཡོད་པ་དང་། རྟག་རྩེ་རིན་ཆེན་འབར་བའི་དབུ་རྩེ་ནསམཁའ་འགྲོ་ཐུགས་རྗེ་ཀུན་གྲོལ་མའི་སྒྲུབ་པ་ཆ་ཚང་གཏེར་དུ་སྤྱན་དྲངས། དགུང་ལོ་ཉེ་གསུམ་ལོར། རྟག་རྩེ་རིན་ཆེན་འབར་བའི་གཡས་ཟུར་ལྷ་གདན་ཨུ་དུ་ཐང་དུ། ཟླ་ལུང་ཡུལ་དགོན་སྤྱི་ལ་དབང་ལུང་རྒྱ་ཆེར་གསུང་བའི་དུས་སུ། ཨོ་རྒྱན་ཡུལ་གྱི་རིག་ལྔའི་མཁའ་འགྲོ་མ་རྣམས་ཀྱིས། ཞྭ་དམར་སྲིད་གསུམ་ཟིལ་གནོན་དངོས་གྲུབ་སུ་གནང་བ་སོགས་མཛད་ཕྲིན་རྒྱས་ཤིང་རྟེན་འགྲེལ་ལེགས་པར་འགྲིགས། རང་དགོན་དུ་ཕྱིར་ཕེབས་པའི་ལམ་ཁ་མཁར་གསུམ་མདོ་རུ། དམ་སྲི་ནག་པོ་ཞིག་ཡོད་པ་དེ་དམ་ལ་བཏགས། མཁར་མདོ་དགོན་གྱིས་མཐུན་ཅན་ལེགས་པར་བསྒྲིགས་ནས་བདུད་འདུལ་སྒྲ་གྲགས་ཀྱི་མཆོད་རྟེན་ཚད་ལྡན་ཞིག་གཞེང་། དགུང་ལོ་ཉེར་བཞི་ལོར། ཚ་བ་རང་དང་ཀང་པོ་བོན་རི་སོགས་ས་གནས་མང་པོ་ལ་ཕེབས་ཤིང་། དད་ལྡན་གྱི་སློབ་བུ་རྣམས་ལ་དབང་ལུང་གིས་ཚིམ་པར་བྱས། གནས་མཆོག་སེང་གེ་གཡུ་རལ་ནས་བཀའ་བརྒྱད་གསང་བ་འདུས་པའི་སྒྲུབ་སྐོར་དང་།མཆོད་རྟེན་ཁྲི་མང་ཡང་འདུས་གཏེར་དུ་དྲངས། དགུང་ལོ་ཉེར་ལྔ་ལོར་སྡེ་དགེ་རྒྱལ་བློན་རྣམས་ཀྱི་རེ་ཞུས་ལྟར། དད་ལྡན་སློབ་འབང་སྟོང་ཚོ་ཟུང་དང་ལྷན་དུ་འབྲི་གཉེན་གདོང་དུ་ཕྱིན་ནས། སློབ་དཔོན་རིན་པོ་ཆེ་དབུ་ཐོད་དང་། ཡེ་ཤེས་མཚོ་རྒྱལ་གྱི་མདུན་ཁེབས་དང་ལན་ཚ། ནམ་མཁའི་སྙིང་པོའི་རྡོ་རྗེ་གཟུངས་ཐག་ཆ་གཅིག་བཅས་ཁྲམ་གཏེར་དུ་དྲངས་ནས། སྡེ་དགེ་རྒྱལ་པོ་ལ་རྟེན་སྐལ་དུ་ཕུལ། དགུང་ལོ་ཉེར་དྲུག་ལོར། གླིང་ཚང་རྒྱལ་པོ་གདན་ཞུས་ལྟར་ཕེབས་ཞིང་ལྕགས་ཀྱི་སྐམ་པ་ལ་རྡོ་རྗེའི་མདུད་པ་བྱས་ནས། རྒྱལ་པོ་དབང་ཆེན་ཆོས་སྐྱོང་ལ་རྟེན་སྐལ་དུ་ཕུལ། ཀོང་པོ་བོན་རི་ཕེབས་ཤིང་དབུ་ཕུགས་གསང་བ་ཡང་རྫོགས་ནས་སྐུ་གསུང་ཐུགས་ཀྱི་རྟེན་དང་། དམ་རྫས་བརྒྱ་རྩའི་ཕབས་རྟ་སོགས་རྟེན་རྩ་ཆེན་གྲངས་མ་གཏེར་དྲངས་བ་དང་། བེ་དཀར་རྒྱལ་པོ་དམ་ལ་གཏགས་ནས། བསྟན་སྐྱོང་དཔའ་བོ་ཆེན་པོ་མགྱོགས་བྱེད་ཞེས་གསང་མཚན་གསོལ་ཞིང་གཡུང་དྲུང་བོན་གྱི་སྲུང་མ་བསྐོས་། དགུང་ལོ་ཉེ་བདུན་ལོར། ཟླ་རྒྱལ་སྟག་རྩེའིམདུན་ནས་གསེར་འོད་ནོར་བུ་མཆོག་རྒྱལ་རྫས་རྟེན་དང་བཅས་པ་སྤྱན་དྲངས། དགུང་ལོ་ཉེར་བརྒྱད་ལོར། ཀོང་སྤྲུལ་ཡོན་ཏན་རྒྱལ་མཚོ་དང་ཀརྨ་པ་ཐེག་མཆོག་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་ཁམས་ཕྱོགས་ཀྱི་བླ་ཆེན་རྣམས་དང་ཕན་ཚུན་ཆོས་འབྲེལ་རྒྱས་པར་མཛད། དེ་ནས་ལོ་རྒྱུས་གཙོ་བོ་རྣམས་ཞུས་ན། དགུང་ལོ་སོ་ལྔ་ལོར།ཧོར་སྤྱི་ཁྱབ་རྒྱལ་པོའི་གདན་ཞུས་ལྟར་ཕེབས་ཤིང་སྤུ་རྒྱལ་གནས་ཀྱི་སྒོ་ཕྱེས། མཚོ་རཀྟ་ནས་གུ་རུའི་སྐུ་དང་ཀླུ་སྒྲུབ་ཡེ་ཤེས་སྙིང་པོའི་ཀླུ་སྨན་སྤྱན་དྲངས། དགུང་ལོ་བཞི་བཅུ་ལོར། དཀོན་མཆོག་ཕུག་པ་ནས་དཀར་མོ་ཚེ་འཛིན་མའི་ཟབ་གཏེར་གཞེས། རྫོང་སར་གྱི་ཕྱོགས་ཨ་དཀར་ཚེ་ལུང་བྲག་ནས་ཚེ་དཔག་མེད་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཤོག་སེར་གཏེར་རྫས་ཆ་ལྔ་སྤྱན་དྲངས། ལྕང་སྤྲུལ་འཇིགས་མེད་བོན་དབྱིངས་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་རྣམ་གཉིས་ལ་སྤྱན་གཟིགས་ཕུལ། དགུང་ལོ་ཞེ་གཉིས་ལོར་མཁྱེན་བརྩེ་དབང་པོའི་ཞལ་ལུང་ལྟར། དྲག་པོ་ཁྱུང་གི་རྫས་རྒོད་གཏེར་སྒྲམ་བཅས་སྤྱན་དྲངས་ནས།མཁྱེན་བརྩེ་དབང་པོ་ལ་ཕུལ། དེ་ནས་སྤྲུལ་པའི་གཏེར་ཆེན་འདི་ཉིད་ཀྱི་གདུལ་བྱ་སྙན་གྲགས་ཆེར་རུ་སང་ཞིང་། བོན་འབྲེལ་ཡོད་པའི་སློབ་མ་འབུམ་ཕྲག་དང་། བྱང་ཆུབ་སེམས་ཀྱི་བསྡམ་ཁྲིད་ཐོབ་པའི་སློབ་མ་ཁྲི་ཕྲག། ཟབ་གཏེར་དུ་དྲངས་བ་སྐུ་གསུང་ཐུགས་ཀྱི་རྟེན་རྩ་ཆེན་བརྒྱ་དང་ལྔ་བཅུ་ཁ་ལྷག། དམ་རྫས་ཀྱི་རིགས་རྒྱ་ཕྲག་གསུམ། གཞན་ཡང་རྡོ་ལ་ཞབས་ཕྱག་གི་རྗེས་དང་། གྲི་ལ་ཕྱག་མདུད། དཀར་ཡོལ་ཟན་ལྟར་བཅང་བ། དམ་རྫས་ཐིགས་པ་རེ་ཡིས་ནད་གདོན་སེལ་བ། ལྷག་པར་དུ་དགུང་ལོ་ལྔ་བཅུ་ནས་མཁའ་སྤྱོད་ཀྱི་ཞིང་ན་རྒྱུན་དུ་ཕེབས་ཤིང་ཚོགས་གྲལ་ཞུགས་པ་དང་། ལུང་རྟེན་དང་ཞལ་གདམས་གྲངས་མང་མཆིས། དེ་ནས་དགུང་ལོ་དྲུག་བཅུ་ཆུ་འབྲུག་སྣོན་ཟླའི་ཚེས་ཉི་ཤུ་ནས་ཞེ་ཞེས་དགོན་དུ་བཀའ་བརྒྱད་ལྷ་ཁང་རྟེན་བསྟན་པ་དང་བཅས་ལེགས་གྲུབ་བྱུང་ནས། རབ་གནས་མཛད་སྒོ་བརྒྱ་ཆེར་སྤེལ། ཡུལ་དགོན་ཡང་ལ་དྲང་ངེས་ཀྱི་བོན་དབང་ལུང་གིས་ཚིམས་པར་བྱས། ཚེས་ཉེར་ལྔ་ནས་མཉམ་བཞག་གི་ངང་དུ་ཉིན་གསུམ་བཞུགས། ཚེས་ཉེར་བརྒྱད་ཉི་ཤར་གྱི་དུས་སུ་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་བསྡུས། དེ་ནས་ཀོང་སྤྲུལ་ཡོན་ཏན་རྒྱལ་མཚོ་དང་ལྷ་འབྲང་དཔལ་ལྡན་ཆོས་རྒྱལ། སྤྲུལ་སྐུ་གཡུང་དྲུང་བསྟན་རྒྱལ། རྒྱལ་སྲས་ཚེ་དབང་འགྱུར་མེད་སོགས་བླ་སྤྲུལ་བརྒྱ་ཕྲག་ལྔ་ཙམ་གྱིས། ཞི་བའི་སྦྱིན་བསྲེགས་ཡེ་ཤེས་མེ་དཔུང ལ་བརྟེན་ནས་སྐུ་གདུང་གཞུས་པས། ནམ་མཁའ་དང་བར་སྣང་ཐམས་ཅད་འཇའ་སྤྲིན་གྱི་དྲ་བ་སྦྲེལ་བ་དང་། ཐུགས་ལྗག་སྤྱན་གསུམ་རིང་གསེ་ཁ་དོག་སྣ་ལྔ་སོགས་དད་རྟེན་དུ་བྱུང་བ་རྣམས་ཕྱི་རབས་དད་པའི་རྟེན་སྐུ་གདུང་ལེགས་པར་ཞིག་བཞིངས་ནས་ནང་རྟེན་དུ་ཕུལ། གཏེར་ཆེན་འདི་ཉིད་ཀྱི་སྐུ་སྲས་དམ་པ་རྒྱལ་སྲས་ཚེ་དབང་འགྱུར་མེད་མཆོག་ནི། ཡབ་མེས་གོང་མ་རྣམས་ཀྱི་རྗེས་སུ་འབྲང་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་བྱུང་། སྐུ་ཚེའི་སྟོད་ལ་ཡབ་དང་ལྷན་དུ་ཞེ་ཞེས་དགོན་པའི་སྟེན་པ་སྐྱོངས་བ་དང་། སྐུ་ཚེའི་སྨད་ལ་ཁྱུང་པོ་ཁོག་ལ་ཕེབས་ནས་རིག་བཟང་གི་ཡུམ་ཞིག་འཛིན་ནས་སྲས་གཉིས་འཁྲུངས། སྲས་ཆེ་བ་ནི་ཁྱུང་པོ་དཀར་རུ་དཔོན་ཚང་ལ་སྲས་མོ་ལས་སྲས་མ་འཆིས་པ་ལ་མག་པ་གནང་། ཁང་གི་རྒྱུད་པ་ནི་ད་ལྟ་ཡང་ཆབ་མདོ་ས་ཁུལ་ན་ཡོད། སྲས་ཆུང་བ་ཚེ་དབང་བདུད་འདུལ་འམ་བླ་བྲང་གཏེར་སྲས་ཉིད་ནི། ཟླ་ལུང་ཡུལ་དགོན་སྤྱི་ཡི་རེ་ཞུས་ལྟར་སྐུ་ན་ཆུང་དུས་ནས་ཡབ་ཀྱིས་ཞེ་ཞེས་དགོན་དུ་ཕྱིར་གཏང་། ཐར་བདེ་དགོན་དུ་ཁུ་བོ་གཡུང་དྲུང་བསྟན་རྒྱལ་སྐུ་མདུན་ནས་ཐུན་མོང་ཕྱི་ནང་གི་རིག་གནས་དང་། བློ་ལྡོག་གི་བོན་བཞི་སྔོན་འགྲོ་འབུམ་དགུ་སོགས་ལ་སྦྱོང་རྩོན་ལེགས་པར་བྱས། ཤར་རྫ་རིན་པོ་ཆེའི་འདུན་ནས་རྫོགས་པ་ཆེན་པོའི་དབང་ལུང་ཁྲིད་བཅས་རྒྱས་པར་ཞུས་ནས། བཤད་པ་མཆད་ཉན་དང་སྦྲེལ། སྒྲུབ་པ་ཉམས་ལེན་དང་སྦྲེལ་ནས་མཁས་པའི་གོ་ས་ཐོབ། ཞེ་ཞེས་དགོན་པའི་བསྟན་པ་ཡར་རྒྱས་དང་། འབྲི་ཆུ་ཤར་ནུབ་ཀྱི་དད་ལྡན་བུ་སློབ་རྣམས་ལ་འདི་ཕྱི་གཏན་གྱི་བདེ་བ་སྟེར་བའི་སྐྱེས་ཆེན་དམ་པ་ཞིག་བྱུང་ཡང་། སྙིགས་མའི་སེམས་ཅན་བསོད་ནམ་ཞན་པའི་དབང་གིས་དགུང་ལོར་ཆེར་མ་བཞུགས་པར་ཞིང་ལ་ཕེབས་པ་དང་སྲས་ཀྱང་མ་མཆིས་། ཐར་བདེ་དགོན་གྱི་བསྟན་པ་ནི། གཏེར་ཆེན་རིན་པོ་ཆེ་ཞེ་ཞེས་དགོན་དུ་ཕེབས་རྗེས། ཁུ་བོ་ཨ་དོན་གྱི་སྲས་གཡུང་དྲུང་རྒྱལ་མཚན་དང་གཡུང་དྲུང་ཡེ་ཤེས་རྣམ་གཉིས་ནས་བསྟན་པ་སྐྱོངས་བ་དང་། གཏེར་ཆེན་ཉིད་ཀྱི་ལྕམ་སྲིང་མ་ཆུང་བ་མ་གཞིས་དུ་ཡོད་པ་ལ་སྲས་ལྕམ་དྲལ་གཉིས་འཁྲུངས། སྲས་པོ་དེ་གཏེར་ཆེན་ཉིད་ལ་ཁུ་བོ་རིན་པོ་ཆེ་གཡུང་དྲུང་ཕུན་ཚོགས་ཀྱི་ཡང་སྲིད་ཡིན་པའི་དག་སྣང་བྱུང་བ་ནས། མཁྱེན་བརྩེ་དབང་པོ་ལ་ཡང་གཡུང་དྲུང་ཕུན་ཚོགས་ཀྱི་ཡང་སྲིད་ངོས་འཛིན་དགོས་པའི་རེ་བ་ཡང་ཡང་ཞུས་པས། ཁྱེད་ཀྱི་ཁུ་བོ་རིན་པོ་ཆེའི་ཡང་སྲིད་ནི་ཁྱེད་རང་གི་ལྕམ་སྲིང་མའི་པང་དུ་འདུགས་ཞེས་ངོས་འཛིན་གྱི་བཀའ་ཐོབ། བླ་མ་རྣམ་གཉིས་དགོང་པ་གཅིག་མཐུན་གྱི་མཚན་ཡང་གཡུང་དྲུང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། ཆུང་ནས་ཞང་པོ་རྣམས་ཀྱི་དྲུང་ནས་རིག་གནས་ཀུན་ལ་མཁས་པ་སྦྱང་། དགུང་ལོ་དགུ་ནས་ཀུན་བཟང་ཞི་དྲག་གི་ཕྱག་ལེན་སོགས་ལ་མཁས་པ་གྱུར་ནས། དགུང་ལོ་བཅུ་གསུམ་བར་མ་གཞིས་སུ་སྐུ་མཚམས་བཞུགས། དེ་ནས་རྒྱབ་རི་ལྷ་ཕྱུག་ནང་ཞེས་པའི་དབེན་གནས་ཞིག་ཡོད་པར་དེར། སྒྲུབ་ཁང་ཆུང་ངུ་ཞིག་བཏབ་ནས་ལོ་ལྔ་ཡི་རིང་ལ་ཐུན་མང་ཕྱི་ནང་གི་སྔོན་འགྲོ་དང་། རྩ་རླུང་ཐིག་གསུམ་སོགས་རྫོགས་པ་ཆེན་པོའི་སྐོར་ལ་ཉམས་ལེན་དང་། དགུང་ལོ་བཅུ་བདུན་ལོར་ཡུལ་དགོན་སྤྱི་ཡི་རེ་ཞུས་ལྟར་ཐར་བདེ་དགོན་དུ་ཕེབས་ནས་ཁྲི་ལ་མངའ་གསོལ། ཡུལ་དགོན་ཡང་ལ་དབང་ལུང་ཁྲིད་རྣམས་རྒྱས་པར་གསུང་། སླར་དགོན་ནང་དུ་གོང་མ་རྣམས་ཀྱི་སྒྲུབ་ཁང་བྱིན་ཅན་ཞིག་ཡོད་པ་དེར། སྐུ་ཚེ་ཧྲིལ་པོ་མཚམས་ལ་བཞུགས་ནས་བསྙེན་སྒྲུབ་མཛད། བར་སྐབས་སུ་སློབ་མ་རྣམས་ལ་དབང་ལུང་ཁྲིད་རྒྱ་ཆེར་གསུང་བ་སོགས། འགྲོ་བའི་དོན་རྒྱ་ཆེར་མཛད། དགུང་ལོ་དོན་གསུམ་ལོར་དགོང་པ་བོན་དབྱིངས་སུ་གཤེགས། དམ་པ་འདི་ཡི་ལྕམ་སྲིང་མ་ཚེ་རིང་ལྷ་མོ་ལ་སྲས་གཉིས་ལྕམ་གཅིག་འཁྲུངས།

             སྲས་ཆེ་བ་ནི་སྤྱི་ལོ་༡༢༩༩ ལོར་བཟའ་སྐར་དགེ་བའི་ཉིན་ལ་འཁྲུངས། སྐུ་འཁྲུངས་དུས་ནས་སྤྱན་གྱི་སྨིན་མ་གཡས་པ་དཀར་ཡོད་པས། དམ་པའི་སྐྱེས་བུ་ཟུང་ནས་མཉམ་མེད་སྤྱན་གཅིག་པའི་སྐྱེ་མཐའ་ཡིན་པའི་རྟག་ཡིན་གསུང་། ཆུང་དུས་ཞང་པོ་གཡུང་དྲུང་བསྟན་རྒྱལ་ནས་ཡི་གེ་འབྲི་ཀློག་དང་རིག་པའི་གནས་བཅུ། ཆད་པར་དུར་རྫོགས་པ་ཆེན་པོའི་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་སོགས་ལ་སློབ་ཁྲིད་དང་གསོ་སྐྱོང་ལེགས་པར་མཛད། དེ་ནས་དགུང་ལོ་བཅོ་བརྒྱད་ཀྱི་དུས་སུ་དགོན་གྱི་བླ་གྲྭ་ཟུང་དང་ཤར་རྫ་རིན་པོ་ཆེའི་སྐུ་མདུན་ཕྱིན་ནས། རྫོགས་པ་ཆེན་པོའི་དབང་ལུང་ཁྲིད་དང་བཅས་པ་བུམ་པ་གོང་བྱོས་ཚུལ་དུ་བཀའ་དྲིན་ཐོབ་པ་རྣམས། དོན་བཤད་པ་དང་འབྲེལ། བཤད་པ་ཁྲིད་རིམ་དང་འབྲེལ། ཁྲིད་རིམ་ཉམས་ལེན་དང་འབྲེལ། ཉམས་ལེན་རྟོགས་པ་དང་འབྲེལ་བའི་ངེས་པ་དོན་དང་ལྡན་པའི་རྫོགས་ཆེན་གྱི་རྣལ་འབྱོར་ཞིག་བྱུང་ཞིང་། ཤར་རྫ་རིན་པོ་ཆེའི་ཐུགས་ཀྱི་སློབ་མ་གྱུར། དགུང་ལོ་ཉེ་བདུན་ལོར་ཞང་པོ་རིན་པོ་ཆེ་སྐུ་མཚམས་གྲོལ་བའི་ཕྱག་ཡིག་འབྱོར་ཏེ། རང་དགོན་དུ་ཕྱིར་ཕེབས་ནས་ལོ་ཕྱེད་ཀྱི་རིང་ལ་ཞང་པོ་རིན་པོ་ཆེ་བའི་མདུན་ནས་སྔགས་རྫོགས་ཀྱི་བདམས་ངག་ཐོབས་པ་རྣམས། ཡིད་དཔྱོད་དང་རྟོག་བཅས་ཙམ་མ་ཡིན་པར་དོན་གྱི་སྒྲོ་འདོགས་ལེགས་པར་བཅད། དེ་བའི་ལོ་འཇུགས་ཞང་པོ་དགོངས་པ་རྫོགས་ཏེ། དགོངས་རྫོགས་དང་གདུང་མཆོད་ཡག་པོ་མཛད། དགུང་ལོ་ཉེ་བརྒྱད་ནས་རེ་གཅིག་བར་ཞང་པོ་བཞུགས་པའི་སྒྲུབ་ཁང་ནང་སྐུ་མཚམས་དམ་པོ་བཞུགས་ནས། གུང་འཚམས་སུ་དད་ལྡན་གྱི་སློབ་མ་རྣམ་ལ་གསང་སྔགས་ཕྱི་ནང་གི་དབང་ལུང་ཁྲིད་ཀྱི་བསྟན་པ་སྤེལ་ཞིང་། ཐུགས་ཀྱི་སློབ་མ་སྐུ་ཚ་ཉི་མ་རྒྱལ་མཚན་དང་། གཙང་པ་སྤྲུལ་སྐུ། བཟོ་བོ་སྤྲུལ་སྐུ། སེ་ཞིག་སྤྲུལ་སྐུ། ཅང་ལུང་སྤྲུལ་སྐུ་སོགས་བསྟན་པ་དང་སེམས་ཅན་ལ་ཕན་ཐོག་པའི་སྐྱེས་བུ་གྲངས་མང་བྱུང་ཡོད། དམ་པ་འདི་ཉིད་ལ་བཀའ་བབས་དང་ལྗགས་བརྩོམ་ནི། ལྷ་མོ་དབྱངས་ཅན་མའི་སྒྲུབ་པ་པྲ་མོ་བཅས་ཆ་ཚང་དང་། རྫོགས་ཆེན་ཉམས་ལེན་སྐོར་གྱི་ཞལ་གདམས་ཟུང་། སྒྲུབ་སྡེ་མང་ཙམ་ཕྱག་བཞེས་གསར་པ་བཅས་མཛད་ཡོད། དགུང་ལོ་རེ་ཅིག་ལོར་བཞི་རྒོལ་འགུལ་སྤྱོད་དང་ཐུག་ནས་སྡེ་དགེ་རྩོན་ཁང་ནང་དུ་དགོངས་པ་གཤེགས་ནས། སྐུ་ཡང་འཇའ་ལུས་སུ་གྲུབ་པ་དབུ་བླ་ཁག་ལྔ་སོགས་བླ་སྤྲུལ་མང་པོའི་དངོས་སུ་མཇལ། དམ་པ་འདི་ཡི་སྤུན་ཚུལ་ཁྲིམ་བཟང་པོ་ནི། ཆུང་ནས་ས་སྐྱའི་ཆོས་སྒོ་ཞུགས་ནས་མཁར་མདོ་དགོན་དུ་གྲྭ་པ་བྱས། སྟོད་ཀྱི་ངོ་རི་ས་སྐྱ་དང་རྫོང་སར་སོགས་གྲྭ་ས་ཕྱིན་ནས། རིག་པའི་གནས་བཅུ་དང་། བླ་མེད་རྒྱུད་སྡེ་ལམ་འབྲས་བཅས་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད། མཁས་བཙུན་བཟང་གསུམ་འཛམ་པའི་བླ་མ་ཞིག་བྱུང་ནས། འཁར་མདོ་དགོན་པའི་ཆོས་ཁྲིམས་མཛད་པ་དང་ཟུར་བླའི་གོ་ས་ཐོབ། དགུང་ལོ་གྱ་གསུམ་ལོར་སྤྱི་ལོ་༡༩༨༥ལོར་མགོ་ལོན་སྤུང་ཚལ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་བསྡུས། དམ་པ་གང་མ་གཉིས་ཀྱི་སྲིང་མོ་ཨ་རྨེ་བུ་མོ་དང་། ཁྱུང་དཀར་གྱི་གདུང་འཛིན་དམ་པ་མཆོག་སྤྲུལ་གཡུང་དྲུང་འཆང་གཉིས་ཐབས་ཤེས་ཀྱི་ཡབ་ཡུམ་སུ་གྱུར་ནས་སྲས་གཉིས་འཁྲུངས་སྲས་ཆེ་བ་གཞན་དགའ་ནི་མཁར་མདོ་དགོན་དུ་གྲྭ་པ་བྱས། ས་སྐྱའི་གྲྭ་ས་ཁག་ལ་ཕྱིན་ནས་རིག་གནས་སྤྱི་དང་ཆད་པར་དུ་ནང་དོན་རིག་སྐོར་ལ་མཁས་པ་སྦྱོང་། བྱ་བ་ཀུན་ལ་མཁས་པའི་བླ་མ་ཞིག་བྱུང་ཡང་། བཞི་རྒོལ་གྱི་དུས་སྐབས་བཙོན་ཁང་ནང་དུ་ཞིང་ལ་གཤེགས། སྲས་ཆུང་བ་ཉི་མ་རྒྱལ་མཚན་ནི་ཡབ་ཡུམ་གྱི་རྨིས་ལྟས་བཟང་པོ་དང་བཅས་སྤྱི་ལོ་༡༩༣༠ལོར་སྐུ་འཁྲུངས། ཞང་པོ་གཡུང་དྲུང་བསྟན་རྒྱལ་དང་། བླ་མ་སེང་གེ་ཉི་མ་རྣམ་གཉིས་དགོངས་པ་གཅིག་མཐུན་དུ། ཁྱུང་དཀར་གྱི་གདུང་འཛིན་ཡིན་པ་མ་ཚད། གཤེན་ཉི་མའི་རྣམ་སྤྲུལ་ཡིན་གསུང་ཞིང་མཚན་ཡང་ཉི་མ་རྒྱལ་མཚན་གསོལ། ཞང་པོ་རྣམས་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་དང་རིག་གནས་རིག་གནས་སྤྱི་ལ་སློབ་གཉེར་མཛད། ཆད་པར་དུ་ཞང་པོ་ཚུལ་ཁྲིམ་དྲི་མེད་ཀྱི་མདུན་ནས་བློ་སྦྱོང་སྔོན་འགྲོ་ནས། རྫོགས་པ་ཆེན་པོའི་དབང་ལུང་ཁྲིད་མན་ངག་བཅས་བུམ་པ་གང་བྱོས་ཀྱི་ཚུལ་དུ་བཀའ་དྲིན་བསྩལ། སྟག་ཞིག་བླ་སྤྲུལ་རྣམ་གཉིས་ཀྱི་སྐུ་མདུན་ནས། གཡུང་དྲུང་བོན་གྱི་བཀའ་གསར་རྙིང་གི་དབང་ལུང་ཁྲིད་རྣམས་རྒྱས་པར་ཞུས། དགུང་ལོ་ཉི་ཤུ་ལོར་བཟའ་སྐར་དགེ་བའི་ཉིན་ལ་ཐར་བདེ་དགོན་གྱི་བསེ་ཁྲིའི་བདག་པོ་མངའ་གསོལ། དེ་ནས་ཡི་དམ་ཕྱི་ནང་སྙེན་སྒྲུབ་ལ་སྐུ་མཚམས་རྒྱུན་དུ་བཞུགས་པ་དང་།

             བར་སྐབས་སུ་མགོ་ལོན་གཙོས་འབྲི་ཆུ་ཉིན་སྲིད་ཀྱི་ཡུལ་སྡེ། གཞན་ཡང་གླིང་ཚང་རྒྱལ་པོའི་ལྷ་སྡེ་སོགས་དད་ལྡན་གྱི་བུ་སློབ་མང་དུ་སོང་ནས་འགྲོ་དོན་རྒྱ་ཆེར་བྱུང་། ཧཱུྃ་ཆེན་འགྲོ་འདུལ་གླིང་པ་ཐར་བདེ་དགོན་དུ་ཕེབས་ནས་སྒྲ་དབྱངས་ངག་གི་བཀའ་བབ། སྐུ་ཚེའི་སྟོད་ལ་ཐར་བདེ་དགོན་དུ་སྐུ་གསུང་ཐུགས་ཀྱི་བསྟན་པ་སྤེལ། སྐུ་ཚེའི་སྨད་དུས་རབས་གསར་པའི་ནང་སྡེ་དགེ་རྫོངས་སྲིད་ཀྱི་ཨུ་ཡོན་བསྐོས། དམ་པ་ཁང་ནི་ཁྱུང་དཀར་གྱི་རྒྱུད་པ་ཡིན་པས་དགུང་ལོ་སོ་གཅིག་ལོར་ཧྱོ་མདའ་ཞེས་པའི་ཡུལ་ནས། མཁར་ལེགས་ཚང་གི་བུ་མོ་སྐལ་བཟང་སྒྲོལ་ཞེས་བཞིན་བཟང་ལ་སྙིང་རྗེ་ཅན་དེ་ཡུམ་དུ་བཞེས། སྲས་ལྕམ་དྲལ་དུ་མ་འཁྲུངས། དེ་ནས་རིམ་བཞིན་སྡེ་དགེ་རྫོངས་སྲིད་གྲོས་ཀྱི་ཀྲུ་ཞི་གཞོན་པ་སྐབས་མང་ཙམ་ལ་མཛད་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་བྱ་བ་ལེགས་པོ་སྤེལ། ལྷག་པར་དུ་ཏང་གི་ཆོས་ལུགས་དད་པ་རང་མོས་ཀྱི་སྲིད་ཇུས་བཟང་པོའི་ཉི་འོད་ཕྱོགས་ཀུན་འཁྲོས་ནས། སྡེ་དགེ་རྫོངས་ཀྱི་དགོན་ཁག་རྣམས་ཀྱང་རིམ་བཞིན་ཆོས་སྒོ་ཕྱེ་བའི་དུས་སྤྲུལ་སྐུ་ཉི་མ་རྒྱལ་མཚན་ནས་ཀྱང་འགྲེལ་ཡོད་ལས་ཁང་དང་ལྷན་དུ་ཐུགས་ཁུར་ཆེན་པོབཞེས་ནས། དགོན་པ་གཅིག་ཀྱང་མ་ལུས་ཆོས་སྒོ་ཕྱེས། དེ་ནས་ཐར་བདེ་དགོན་དང་རབ་རྒྱལ་གཉིས་ཀྱི་བསྟན་མ་ཉམས་གང་འཕེལ་དང་། ཉམས་པ་ཡར་རྒྱས་ཀྱི་བྱ་བ་སྤེལ། ཐོག་མ་ཐར་བདེ་དགོན་དང་རབ་རྒྱལ་གཉིས་ལ་གཙུག་ལག་ཁང་བསྟན་རྟེན་པ་བཅས་གསར་བཞིང་མཛད་པ་དང་། བླ་གྲྭ་གསོ་སྐྱོང་དུས་མཆོད་འཛུགས་རྒྱུ་སོགས་བསྟན་འགྲོ་དོན་རྒྱ་ཆེར་མཛད་པ་ནི་བརྗོད་ཀྱི་མི་ལོང་། སྤྱི་ལོ་༡༩༩༢་ལོར་སྡེ་དགེ་རྫོངས་མཁར་དུ་དགོངས་པ་བོན་དབྱིངས་སུ་གཤེགས། སྤྱི་ལོར་༢༠༠༠ལོར་ཐར་བདེ་དགོན་དུ་སྤྲུལ་པའི་སྐུ་མཆོག་བཞི་གཙོས་བླ་གྲྭ་བརྒྱ་ཕྲག་ཙམ་གྱིས། ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ནས་སྐུ་གདུང་མེ་ལ་བཞུས་པས། རིང་བསྲེལ་བརྒྱ་ཕྲག་དུ་མ་དད་ལྡན་སློབ་འབངས་རྣམས་ཀྱི་སྐལ་བ་ཐོབ། སྤྲུལ་པའི་སྐུ་མཆོག་འདི་ཉིད་ལ་སྲས་ལྕམ་དྲལ་དུ་མ་མཆིས་པ་ལས། སྐུ་སྲས་ཆེ་བ་ཚེ་དབང་འཇིགས་མེད་ནི་སྤྱི་ལོ་༡༩༧༡ལོའི་ཧོར་ཟླ་༥་ཚེས་༨་ལ་བཀྲ་ཤིས་པའི་རྟག་དུ་མ་དང་བཅས་སྐུ་འཁྲུངས། དགུང་ལོ་བཞི་ནས་སྡེ་དགེ་རྫོངས་དུ་ཡབ་ཀྱི་སྐུ་མདུན་ཡི་གེ་འབྲི་ཀློག་དང་། རིག་གནས་སྤྱི་ལ་སློབ་སྦྱོང་ལེགས་པར་མཛད། དགུང་ལོ་བཅུ་གཉིས་དུས་སུ་གྲུབ་ཆེན་ཉི་མ་རིན་པོ་ཆེ་དང་སེ་ཞིག་སྤྲུལ་སྐུ་རྣམ་གཉིས་དགོང་པ་གཅིག་མཐུན་དུ། སྤྲུལ་སྐུ་གཡུང་དྲུང་བསྟན་རྒྱལ་གྱི་ཡང་སྲིད་ཡིན་པ་ངོས་འཛིན། དགུང་ལོ་བཅུ་གསུམ་ལོར་ཐར་བདེ་ཡུལ་དགོན་སྤྱི་ཡི་རེ་ཞུས་ལྟར་གསེར་གྱི་ཁྲི་ལ་མངའ་གསོལ། བླ་གྲྭ་རྒན་རབས་རྣམས་ཀྱི་མདུན་ནས་འདོན་ཕྱག་ལེན་སོགས་སློབ་གཉེར་ལེགས་མཛད། དགུང་བཅོ་ལྔ་ལོར་དཔལ་སྤུང་སི་ཏུ་རིན་པོ་ཆེའི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་དབང་ལུང་མན་ངག་བརྒྱ་ཆེར་ཐོབ། དེ་ནས་དགུང་ལོ་བཅོ་བརྒྱད་བར་སྡེ་དགེ་ཡུལ་གྱི་རིས་མེད་ཀྱི་བླ་སྤྲུལ་དང་མཁས་པ་དུ་མའི་མདུན་ནས། རིག་པའི་གནས་ཀུན་དང་དབང་ལུང་མན་ངག་བརྒྱ་ཆེར་ལ་སྤྱོད་པའི་སྐལ་བ་ཐོབ། དགུང་ལོ་བཅུ་དགུ་ལོར་ཤར་རྫ་རིན་པོ་ཆེའི་གདན་ས་ཕྱིན་ནས། ཉག་བླ་གཡུང་དྲུང་བསྟན་འཛིན་དང་རྒྱལ་འཚབ་མཐུ་སྟོབས་རྣམ་རྒྱལ་གཉིས་ཀྱི་མདུན་ནས། ཁྲིད་ལུང་མན་ངག་རྩ་ཆེན་ཐོབ་པ་དང་། ཁྱད་པར་དུ་རྒྱལའཚབ་ཚུལ་ཁྲིམ་བསྟན་འཛིན་མདུན་ནས་ལོ་ངོ་གསུམ་གྱི་རིང་ལ། སྔོན་འགྲོ་ཐུན་མཚམས་བཅོ་ལྔ་པ་བཀའ་ལུང་རྒྱལ་མཚོ་དང་། གསང་སྔགས་སྐྱེད་རྫོགས། རྫོགས་ཆེན་སྐུ་གསུམ་རང་ཤར་ཁྲེད་ཆོད་ཐོད་རྒལ་བཅས་པ། རྩ་རླུང་ཐིག་ལེའི་ཉམས་ལེན་ཀྱི་སྐོར།

             གཞན་ཡང་མཛོད་ཆེན་རྣམ་ལྔའི་དབང་ལུང་མན་ངག་ཁྲིད་དང་བཅས་པ། བུམ་པ་གོང་བྱོ་ཀྱི་ཚུལ་དུ་བཀའ་དྲིན་བསྩལ་བ་རྣམས། ཚུལ་བཞིན་དུ་ཉམས་ལེན་མཛད་ནས་མཁས་བཙུན་བཟང་གསུམ་གྱི་གོ་ས་ཐོབ། དགུང་ལོ་ཉེར་གཉིས་ནས་ཉེར་དྲུག་བར་ཐར་བདེ་དགོན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཞོར་དུ། རིས་མེད་ཀྱི་བསྟན་འཛིན་སྐྱེས་བུ་དམ་པ་དིལ་མགོ་མཁྱེན་རྩེ་དང་། ཀླུ་སྡིངས་མཁན་པོ། སྤྲུལ་སྐུ་ཐུབ་བཟང་། སྨུག་བསང་མཁན་པོ་ཤེས་རབ་སོགས་ཀྱི་མདུན་ནས་དབང་ལུང་ཁྲིད་བརྒྱ་ཆེར་ཐོབ་པ་དང་། ལྷག་པར་དུ་སྨན་རི་མཁན་རིན་པོ་ཆེའི་སྐུ་མདུན་ནས་གསང་བ་སྔགས་ཀྱི་དབང་ལུང་རྩ་ཆེན་དུ་མ་ཐོབ་པ་དང་། རྒྱལ་འཚབ་ལུང་རིག་རྣམ་དག་གི་མདུན་ནས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོའི་ལུང་བརྒྱས་པར་ཞུས། དགུང་ལོ་ཉེར་དྲུག་ལོར་སྤྱི་ལོ་༡༩༩༦་ལོའི་ཟླ་བ་༢་པའི་ཚེས་༢༥་ཉིན་དཀར་མཛེས་ཁུལ་ཆོས་ལུགས་ཅུས་ནས་སྤྲུལ་སྐུ་དཔང་ཡིག་གི་ལག་ཁྱེར་གནང་བ་ཐོབ། དགུང་ལོ་ཉེར་བདུན་ནས་ཉེར་དགུ་བར་ཀྲུང་གོ་བོད་རྒྱུད་ནང་བསྟན་སློབ་གླིང་དུ། རིས་མེད་ཀྱི་བླ་སྤྲུལ་མཁས་དབང་དུ་མའི་མདུན་ནས་གྲུབ་མཐའ་ཁག་ལྔའི་ལོ་རྒྱུས་དང་། ཐུན་མོང་ཕྱི་ནང་གི་རིག་གནས། ལྷག་པར་དུ་གཞུང་བཀའ་པོད་ལྔ་སོགས་ཀྱི་དཔེ་ཁྲིད་རྒྱས་པར་ཐོབ། གཞན་ཡང་རྒྱ་ཡིག་དང་རྒྱ་ཡི་ཆོས་ལུགས། མ་ཚད་དིང་རབས་ཀྱི་རིག་གནས་སྐོར་ལ་སློབ་སྦྱོང་ལེགས་པར་མཛད། སྤྱི་ལོ་༡༩༩༨་ལོར་སྡེ་དགེ་རྫོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་སི་ཁྲོན་ཞིང་ཆེན་སྐབས་བརྒྱད་པའི་སྲིད་གྲོས་ཀྱི་ཨུ་ཡོན་བསྐོས་ནས། སྲིད་ཞུགས་སྲིད་ལོར་པེ་ཅིན་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཞིབ་འཇུགས་སློབ་ཚན་ནང་། སངས་རྒྱས་ཆོས་ལུགས་ཁག་གསུམ་སྟེ། རྒྱ་བོད་ལྷོ་གསུམ་གྱི་ཆོས་ལུགས་ཀྱི་ལོ་རྒྱུས་དང་རིག་གནས། བྱེ་བྲག་ཏུ་གྲུབ་མཐའ་སོ་སོས་བསྐོར་ལ་མཁས་དབང་དུ་མའི་མདུན་ནས་སློབ་སྦྱོང་དང་ཞིབ་འཇུགས་ཕུལ་ཕྱིན་མཛད་ནས་སློབ་མཐར་ཕྱིན། ༢༠༠༣ལོར་ཡང་དུ་སྡེ་དགེ་རྫོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དང་། སི་ཁྲོན་ཞིང་ཆེན་སྐབས་དགུ་པའི་སྲིད་གྲོས་ཨུ་ཡོན། ལྷག་པར་དུ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་དབུ་འཛིན་སོགས་བསྐོས་ནས། ལོ་ངོ་བཞི་ཡི་རིང་ལ་སྡེ་དགེ་རྫོངས་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཐབས་ཤེས་གང་གྲགས་བྱས་ནས། རྒྱལ་ཁབ་རིག་དངོས་ཅུས་སོགས་འགྲེལ་ཡོད་ལས་ཁུང་ཁག་ནས་མ་དངུལ་བསྡུ་ལེན་བྱས་ཏེ། པར་ཁང་གི་ལས་སྒྲུབ་མི་སྣ་རྣམས་དང་ལྷན་དུ་པར་ཁང་གི་འཁོར་ཡུག་དང་སྐོར་ལམ། ཁང་པ་ཕྱི་ནང་ལ་ཉམས་གསོ་དང་མཚོན་གསོ་སོགས་ལེགས་པར་བྱས་པ་མ་ཚད། ཆོས་མཛོད་ཁང་དང་མགོན་ཁང་གཉིས་ཀྱི་ཀ་གདུང་ལ་ཤིང་རྐོས་སྤུས་ལེགས་དང་མཚོན་གསོས། ཇང་ལྷ་ཉམས་གསོ། ལྷག་པར་དུ་པར་ཤིང་དང་གཟུངས་ལྷ་པར་གསར་རྐོས་སྟོང་ཕྲག་ཟུང་དང་། གཞན་ཡང་དད་ལྡན་གྱི་གྲོགས་པོ་འགའ་ཡི་རོགས་རམ་ལ་བརྟེན་ནས། མེ་འགོག་དང་ཉེན་འགོག་གི་འཁྲུལ་ཆས་གསར་འཛུགས་བྱས་ཡོད་པ་དང་། ༢༠༠༤ལོ་ནས་ཁྱེད་མཁས་མི་སྣ་གསར་འཛུགས་བྱས་ནས་འཛམས་གླིང་རིག་གནས་ཤུལ་བཞག་ནང་འགྲོ་རྒྱུའི་ལས་བཀའ་སྒྲུབ་བཞིན་ཡོད་པ་དང་། ༢༠༠༦ལོར་རིམ་པ་ཁག་གི་འགོ་ཁྲིད་རྣམས་དང་ལྷན་དུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་། པར་ཁང་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་གྲས་སུ་སོང་ནས་ལོ་བཅུ་ཡི་ལས་དོན་སྐོར་གྱི་སྙན་ཞུ་བྱས་པ་དང་། པེ་ཅིན་ཤམ་སོན་གླིང་ཁ་ནང་པར་ཁང་གི་རིག་དངོས་སྐོར་ཉིན་གསུམ་ལ་བཤམ་སྟོན་བྱས། ༢༠༠༧ལོར་སྡེ་དགེ་རྫོང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་རེན་གཞོན་པ་དང་། པར་ཁང་རིག་དངོས་བདག་གཉེར་ཇུས་གསར་འཛུགས་བྱས་ནས་ཇུས་ཀྲང་བསྐོས། འདི་ལོར་པར་ཁང་ནང་དུ་ཟངས་གསེར་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གྱི་སྐུ་གཙོས་གྲུབ་མཐའ་ཁག་གི་བླ་སྐུ་ཟུང་བསྐྲུན་པ་དང་། ཚད་ལྡན་གྱི་ལས་ཁང་དང་མི་སྣ་གདན་དྲང་ནས་པར་ཁང་ཕྱི་ནང་ལ་ཉམས་གསོ་རྒྱ་ཆེར་བྱེད་བཞི་ཡོད།

             སྤྲུལ་སྐུ་ཉི་མ་རྒྱལ་མཚན་གྱི་སྐུ་སྲས་གཉིས་པ་ཚེ་དབང་རིག་འཛིན་ནི་སྤྱི་ལོ་༡༩༧༣ལོར་སྐུ་འཁྲུང་། ཆུང་ནས་ཡབ་དང་ཞང་པོ་རྣམས་ཀྱི་སྐུ་མདུན་ནས་ཡིག་གེ་འབྲི་ཀློག་དང་འདོན་ཕྱག་ལན་ལ་མཁས་པར་སྦྱོང་། དགུང་ལོ་བཅོ་ལྔ་ནས་དཔལ་ཡུལ་དགོན་དུ་ཕྱིན་ནས་བཤད་སྒྲུབ་གཉིས་ཀ་མཐར་ཕྱིན། དགུང་ལོ་ཉེ་གཅིག་ལོར་གྲུབ་དབང་པད་མ་ནོར་བུ་སྤྲུལ་སྐུ་ཐུབ་བཟང་གཉིས་དགོངས་པ་གཅིག་མཐུན་དུ། ཨེ་ཝྃ་དགོན་གྱི་སྤྲུལ་སྐུ་ཡིན་པ་ངོས་འཛིན་པ་དང་། ཁུལ་རྫོངས་ཀྱི་ཆོས་ལུགས་ལས་ཁང་ནས་སྤྲུལ་སྐུ་ཚད་ལྡན་ཡིན་པའི་ལག་ཆེར་གྱི་འཛིན་ཐོབ། དེ་ནས་ཨེ་ཝྃ་དགོན་པའི་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་གྱི་བྱ་བ་རྒྱ་ཆེར་མཛད་བཞིན་བཞུགས་ཡོད། སྐུ་སྲས་བཞི་པ་བསྟན་འཛིན་རྒྱལ་མཚོ་ནི་༡༩༧༩ལོར་སྐུ་འཁྲུང་། ཆུང་དུ་ཕ་ཡུལ་གྱི་སློབ་གྲྭ་ནང་སློབ་སྦྱོང་མཛད་པ་དང་། དགུང་ལོ་བཅུ་གཅིག་ནས་ཡབ་ཀྱི་དགོང་པ་ལྟར་སྤུན་ཆེ་བ་དང་ལྷན་ཐར་བདེ་དགོན་དུ་ཕྱིན་ནས། འདོན་ཕྱག་ལེན་སོགས་བླ་མའི་བྱ་བ་ལ་མཁས་པར་སྦྱོང་། དེ་ནས་དཔལ་ཡུལ་དགོན་གྱི་བཤད་གྲྭ་ལོ་ཤས་བཞུགས་ནས་གཞུང་བཀའ་སྤོད་ལྔ་ལ་ཐོས་བསམ་བྱས། ཕྱིས་སུ་ཤར་རྫའི་སྒོམ་གྲྭ་ནང་ལོ་གསུམ་ལ་བཞུགས་ནས། རྒྱལ་འཚབ་མཐུ་རྟོབས་རྣམ་རྒྱལ་དང་མཁས་དབང་དུ་མའི་མདུན་ནས་ཐུན་མོང་གྱི་རིག་གནས་དང་། ཁྱད་པར་དུ་ཤར་རྫ་རིན་པོ་ཆེའི་མཛོད་ཆེན་རྣམས་ལ། སློབ་སྦྱོང་དང་ཉམས་ལེན་ལེགས་པར་མཛད་ནས་རྟོགས་པའི་ཤེས་རབ་རྒྱས། རྒྱལ་ཚབ་མཐུ་སྟོབས་རྣམས་རྒྱལ་ནས་ཐར་བདེ་ཚུལ་ཁྲིམས་དྲི་མེད་ཀྱི་ཡང་སྲིད་ཡིན་པ་ངོས་འཛིན། ད་ལྟ་ཐར་བདེ་དགོན་དུ་སྒྲུབ་ཁང་སོགས་གསར་བཞིང་མཛད་ནས། བསྟན་པ་རྒྱ་ཆེར་སྤེལ་བཞིན་ཡོད།