ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

དགའ་ལྡན་སུམ་རྩེན་གླིང་།

སྤེལ་དུས 2023-02-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་མཚོ།

             དགའ་ལྡན་སུམ་རྩེན་གླིང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་སྤྱི་ལེ5ཡི་མཚམས་སུ་ཡོད། ཡུན་ནན་ཞིང་ཆེན་གྱི་གཞི་ཁྱོན་ཆེས་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན་པ་མ་ཟད། སི་ཁྲོན་དང་ཡུན་ནན་རྒྱུད་ཀྱི་དགེ་ལུགས་པའི་དགོན་སྡེ་གཙོ་བོ་ཞིག་ཀྱང་ཡིན། བོད་འབྲེལ་ས་ཁུལ་དུ་སྙན་པའི་གྲགས་པ་ཆེ་ཞིང་གོ་གནས་གལ་ཆེན་ཟིན་ཡོད་ལ། པོ་ཏ་ལ་ཆུང་བ་ཞེས་པའི་མཚན་སྙན་ཡང་རྒྱས་ཡོད།
             དགའ་ལྡན་སུམ་རྩེན་གླིང་ནི་གནའ་གྲོང་གཞི་ཁྱོན་ཅན་གྱི་མཁར་ཚོགས་འདུས་པའི་འཛུགས་སྐྲུན་ཞིག་ཡིན་ལ། བོད་ཀྱི་འཛུགས་སྐྲུན་སྒྱུ་རྩལ་ལས་བཟོས་ཤིང་། བོད་ཀྱི་སྒྱུ་རྩལ་གྱི་བཤམས་སྟོན་ཁང་ཞེས་འབོད་སྲོལ་ཡང་འདུག
             དགོན་པ་འདི་ནི་སྤྱི་ལོ1679ལོར་འདེབས་མགོ་བརྩམས་ཤིང་། སྤྱི་ལོ1681ལོར་ལེགས་འགྲུབ་བྱུང་། ཏཱ་ལི་བླ་མ་སྐུ་ཕྲེང་ལྔ་བས་དངོས་སུ་ཕྱག་བྲིས་གནང་སྟེ་མཚན་ལ་དགའ་ལྡན་སུམ་རྩེན་གླིང་ཞེས་སུ་གསོལ་བ་རེད། དགོན་པའི་འཛུགས་སྐྲུན་ཁྱད་དུ་འཕགས་ཤིང་། བཟོ་དབྱིབས་སྣ་ཚོགས་ཀྱི་སྟེང་ལ་གསེར་དངུལ་གྱིས་ལེགས་པར་རྒྱན་ཡོད་ཅིང་། གྲྭ་ཚང་འདུ་ཁང་གི་བཀོད་པ་མཚར་དུ་དངར་ལ། ནང་དུ་སྐུའི་བཀོད་པ་གང་མང་བཞེངས་ཡོད། ལྡེབས་རིས་ཀྱི་བཟོ་རྩལ་ཁྱད་དུ་འཕགས་པ། རི་དྭགས་ཆོས་འཁོར་གྱིས་ཆོས་བསྐོར་བའི་མིའི་སེམས་སུ་རྣམ་དག་གི་དད་པ་སྦྱིན་ཡོང་། 
             བོད་བརྒྱུད་ནང་བསྟན་གྱི་འཛུགས་སྐྲུན་ཁྱད་ཆོས་དང་ཀུན་ནས་མཚུངས་པར། སུམ་རྩེན་གླིང་གི་གྲྭ་ཚང་དང་། རྗེ་ཁང་གཉིས་ནི་དགོན་པའི་དཀྱིལ་ན་ལྷང་ངེར་བརྗིད་པ་དང་། གཞན་གྱི་ཁམས་ཚན་བརྒྱད་དང་གྲྭ་ཤག་དག་གིས་དགོན་པ་ཡོངས་སུ་བསྐོར་ཡོད། སྐས་རིམ་རེ་རེ་གྲལ་དག་ཅིང་ཕན་ཚུན་བསྣོལ་ཡོད་པས་འབུར་གཟུགས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་། འཛུགས་སྐྲུན་སྤྱིའི་བཀོད་པ་རྔམ་བརྗིད་ལྡན་པ་ཞིག་ཡིན།
             དགོན་པའི་འཛུགས་སྐྲུན་གཙོ་བོ་ནི་གྲྭ་ཚང་འདུ་ཁང་ཡིན་ལ། དེ་ནི་གྲྭ་བཙུན་ཚོས་ཆོས་ཀྱི་རིག་གནས་སྦྱང་ས་ཡིན། འདུ་ཁང་དུ་རྗེ་ཙོང་ཁ་པ་དང་། བྱམས་པ་མགོན་པོ། ཏཱ་ལི་བླ་མ་སྐུ་ཕྲེང་བདུན་པའི་ཟངས་སྐུ་སོགས་བཞུགས་ཡོད། ཐོག་བརྩེགས་བར་མ་ན་སྲུང་མ་ཁང་དང་། མཚམས་ལ་བཞུགས་ས་སོགས་ལྷ་ཁང་བརྒྱད་ཡོད།

             དགོན་པའི་ནང་དུ་ལོ་རབས་མང་བོའི་རིག་དངོས་རྩ་ཆེན་ཉར་ཡོད་པ་དང་། ཏཱ་ལི་བླ་མ་སྐུ་ཕྲེང་ལྔ་བ་དང་། སྐུ་ཕྲེང་བདུན་པའི་སྐབས་ཀྱི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དང་། ཐང་ག་བཞུགས་ཡོད། བཀའ་འགྱུར་གསེར་བྲིས་མ་དང་བསྟན་འགྱུར་གསེར་བྲིས་མ་སོགས་གླེགས་བམ་རིན་པོ་ཆེ་དུ་མ་བཞུགས་ཡོད་པ་ཡིན་ནོ།།