ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

༄༅།།འཇའ་མོ་གྲྭ་ཚང་བདེ་ལེགས་ཆོས་གླིང་།

སྤེལ་དུས 2023-09-07 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།
      སྡེ་འདི་ནི་ཁྲི་ཀ་རྫོང་སྲིད་ནས་ལྷོ་ནུབ་ཏུ་སྤྱི་ལེ་བདུན་གྱི་མཚམས། དེང་གི་སྤྱང་ཚང་མ་སྡེ་བའི་ཁོངས་སུ་ཡོད་པའི་དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཡིན། ༼མདོ་སྨད་ཆོས་འབྱུང༽ལས། སྡེ་འདི་ཐོག་མར་འདེབས་མཁན་ནི་འཇའ་མོ་ངག་དབང་གྲགས་པ(༡༦༧༨-༡༧༤༥)ཡིན་པས། དགོན་པའི་མཚན་ལ་འཇའ་མོ་གྲྭ་ཚང་ཞེས་ཐོགས། འདི་པ་རབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་རེབ་གོང་སྡེ་བདུན་ནང་ཚན་འཇའ་མོ་ནས་འཁྲུངས། ཤར་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོ་ལས་དགེ་ཚུལ་སློང་གི་སྡོམ་པ་མནོས། རོང་བར་ཐུགས་གཉེར་དང་རྒྱུད་གྲྭ་གསར་བཙུགས་ཀྱིས་དཔོན་སློབ་མཛད། ཡི་དམ་འཇིགས་བྱེད་ཀྱི་རྗེས་སུ་བཟུང་བ་དང་། མགོན་པོས་འཕྲིན་ལས་བསྒྲུབ་པའི་མཚན་མ་བརྙེས། མཁན་ཆེན་དགེ་འདུན་རྒྱ་མཚོ་ལས་རྣམ་བཤད་སྙིང་བོ་རྒྱན་གྱི་བཤད་ལུང་སོགས་གསན། རེ་བརྒྱད་པ་ཤིང་གླང་ལ་གཤེགས།
      འཇའ་མོ་ཏ་བླ་མ་སྟེ་དཀོན་མཆོག་བསྟན་འཛིན་ཉི་མ་ཡིན་ཟེར། དམ་པ་གང་ཉིད་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་སྟེ་སྤྱི་ལོ་༡༧༩༡ལོར་སྒོ་མེ་རྡོ་ར་རུ་སྐུ་འཁྲུངས། གོང་མ་ཏོ་བཀྭང་ཁྲི་ལོ་གསུམ་པར་ཤྭན་བཀྭན་ཙང་དུའི་བླ་མའི་ཆོ་ལོ་གནང་། རབ་བྱུང་བཅུ་བཞི་བའི་སྟོད་ཙམ་ལ་བ་ཀྱ་གྲྭ་ཚང་འདི་གསར་འདེབས་མཛད། འདིའི་རིང་ལ་གདུགས་དཀར་རི་བོའི་འདབས་ནས་དེང་སྐབས་གྲྭ་ཚང་རྙིང་བ་ཟེར་བའི་སར་དགོན་གནས་སྤོས། དགུང་ལོ་རེ་བཞི་བ་ཤིང་སྟག་སྟེ་སྤྱི་ལོ་༡༨༥༤ ལོར་གཤེགས།
      དེའི་སྤྲུལ་སྐུ་མཁས་བཙུན་བསྟན་འཛིན་རྒྱ་མཚོ་མེ་འབྲུག་སྟེ་སྤྱི་ལོ་༡༨༥༦ལོར་རུ་སྔུན་དཔོན་ཚང་དུ་འཁྲུངས། འདི་བའི་རིང་རྐུན་ཇག་སོགས་ཀྱི་རྐྱེན་ལས་དགོན་གནས་ད་ལྟའི་གནས་འདིར་སྤོས། དགོན་པའི་རྟེན་བརྟེན་པ་གསར་བཞེངས་གྲུབ་ནས་རིང་བོ་མ་ལོན་པར་མེ་ཡོས་ཏེ་སྤྱི་ལོ་༡༨༦༧ལོར་ཁ་ཆེ་ཟིང་འཁྲུག་གི་གཏོར་བཤིག་ཐེབས། འདི་སྐུ་ན་ཕྲ་བའི་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་མཐུན་རྐྱེན་སྦྱར་ཏེ་ཉམས་གསོ་བྱས་ནས་ང་བརྒྱད་བར་གནས་སོ།།
      དེའི་སྤྲུལ་སྐུ་བྱ་སྟོད་སྨར་ཁམས་ནས་འཁྲུངས། འདི་བ་རྐྱེན་འགའ་ཡིས་འཛིན་བཟུང་ཐེབས་དུས་ཁྲི་ཀའི་ཡུལ་ལྷས་འཕྲིན་ལས་ཚུལ་བཞིན་སྒྲུབ་པའི་ལོ་རྒྱུས་སོགས་བཤད་རྒྱུ་མང་། དེའི་སྤྲུལ་སྐུ་འཇམ་དབྱངས་རྒྱ་མཚོ་སྒོ་མེ་(ཞེ་ཧེ)རུ་སྤྱི་ལོ་1938ལོར་འཁྲུངས་པ་ད་ལྟ་བཞུགས་པ་འདིའོ།།
      སྔོན་དུས་ཀྱི་རྟེན་དང་བརྟེན་པའི་སྐོར་ལ། འདུ་ཁང་གྱན་བདུན་ཅན་དང་ཆོས་ར། རྔ་ཁང་བཅས་པ། དེ་དག་གི་ནང་དུ་སྐུ་གསུང་ཐུགས་རྟེན་མང་པོ་བཞུགས། གཞན་ཡང་གནས་ཆུང་ཁང་དང་ཡུལ་ལྷ་ཁང་། འཇའ་མོ་སྒར་བ། ཁྲི་རྒན་བླ་བྲང་། དགའ་ལྡན་བླ་བྲང་། གྲྭ་ཤག་བརྒྱ་དང་བཅུ་ལྷག་ཡོད་པ་ང་བརྒྱད་དང་རིག་གསར་སྐབས་འཇིག་གོ།
      ཆོས་ཐོག་གི་སྐོར་ལ། ཧོར་ཟླ་དང་པོར་སྨོན་ལམ་ཆེན་མོ་ཉིན་བདུན། ཚེས་བཅུ་གསུམ་ཉིན་ཆོས་སྐྱོང་གི་འཆམ། བཅུ་བཞི་ཉིན་གོས་སྐུ་བཤམས་པ། བཅོ་ལྔའི་ཉིན་མགོན་པོ་རྡོ་རྗེའི་འཆམ་བཅས་ཡོད། ཧོར་ཟླ་བཞི་བར་འཇིགས་བྱེད་བདག་འཇུག་ཉིན་ལྔ། ཧོར་ཟླ་དྲུག་པའི་བཅོ་ལྔ་ནས་བཟུང་དབྱར་གནས། ཧོར་ཟླ་དགུ་བར་གནས་བཅུ་ཕྱག་མཆོད་ཉིན་ལྔ། བཅུ་བར་ལྔ་མཆོད་ཉིན་ལྔ། ཚེས་ཉེར་དགུ་ཉིན་ཆོས་སྐྱོང་གི་འཆམ་གཏོར་རྒྱག་དང་བཅས་པ། ཧོར་ཟླ་བཅུ་གཉིས་པར་གཏོར་སྒྲུབ་ཉིན་བདུན་བཅས་ཆོ་གའི་ཕྱག་ལེན་རྭ་རྒྱའི་དགོན་དང་མཐུན་ནོ།། དགོན་པར་སྡོང་ར་གསུམ་དང་སིལ་སྡོང་བཅོ་ལྔ་ཙམ། སྡོང་བོ་ཆིག་སྟོང་བཞི་བརྒྱ་ལྷག  འཇའ་མོ་སྒར་བར་སྡོང་བོ་བརྒྱད་བརྒྱ་ལྷག་དང་ས་ཞིང་མུའུ་བརྒྱ་དང་བདུན་ཅུ་ལྷག་ཡོད་པ་དུས་འགྱུར་དབང་གིས་མིང་གི་ལྷག་མར་བཏང་།  སྔོན་གྱི་སིལ་ར་དང་སྡོང་བོ་འགའ་ད་ལྟ་ཕྱིར་སྤྲོད་བྱས་ཡོད་པ་དགོན་འདིའི་དཔལ་འབྱོར་གྱི་ཐོན་ཁུངས་གཙོ་བོ་ཡིན། ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དངོས་འབེབས་བྱས་རྗེས། ཆོས་དད་མང་ཚོགས་ཀྱི་རེ་འདུན་ལྟར་དགོན་པའི་ཆོས་སྒོ་ཕྱེ་སྟེ་བསྐྱར་བཞེངས་བྱས་དང་། དགོན་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་འཇའ་མོ་འཇམ་དབྱངས་རྒྱ་མཚོ་དང་ཀྲུའུ་རིན་གཞོན་པ་ཁྲི་རྒན་ཚང་གཙོས་བླ་གྲྭ་བཅུ་ཕྲག་གཅིག་གིས་སྔར་སྲོལ་རྣམས་ལུགས་བཞིན་སྐྱོང་བའི་སྐབས་ལགས་སོ།།