ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

༄༅།།ཆུ་ནག་དགོན་བཀྲ་ཤིས་ཆོས་གླིང་།

སྤེལ་དུས 2023-09-07 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།
      སྒྲུབ་སྡེ་འདི་ནི་ཁྲི་ཀ་རྫོང་མཁར་ནས་ནུབ་བྱང་དུ་སྤྱི་ལེ་ང་གསུམ་ཡོད་པའི་ཆུ་ནག་སྡེ་བའི་ནུབ་ཕྱོགས་ཀྱི་འཇམ་དབྱངས་ཐང་དུ་ཆགས་ཡོད། གྲུབ་མཐའ་ནི་རི་བོ་དགའ་ལྡན་པ་ཡིན་ལ། སྡེ་འདི་ཐོག་མར་སྟོང་སྐོར་སྐུ་ཕྲེང་དྲུག་པ་ངག་དབང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོས་འཕྲང་ལུང་གོང་མར་རབ་འདོད་མེ་ཁྱི་སྟེ་སྤྱི་ལོ༡༧༦༦ལོར་ཕྱག་བཏབ། སྐབས་དེར་དགེ་འདུན་ཞལ་གྲངས་བརྒྱ་ཕྲག་གཅིག་ལས་བརྒལ། ཟི་ལིང་སྟོང་སྐོར་ཐུབ་བསྟན་བཤད་སྒྲུབ་གླིང་གི་དགོན་ལག་ཡིན། དམ་པ་འདི་ཉིད་རབ་འདོད་ཤིང་ཁྱི་སྟེ་སྤྱི་ལོ་༡༧༥༤ལོར་རོང་བོ་མར་ནང་ཤིང་ལེ་ཁར་འཁྲུངས། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་གྲྭར་ཞུགས། དབུས་སུ་ཕེབས་ནས་སེར་སྨད་ཀྱི་ཁྲིར་བཞུགས་ཤིང་ལྕགས་པོ་རི་དང་ཞྭ་ལུ་དགོན་པའི་མཁན་པོར་ཡང་བཞུགས། མེ་རྟ་སྟེ་སྤྱི་ལོ༡༧༨༦ལོར་ཨ་མདོར་ཕྱིར་ལོག་སྟེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་ཞེ་ལྔ་བ་ས་རྟ་སྟེ་སྤྱི་ལོ་༡༧༨༦ལོར་སྐུ་གཤེགས།
      ལོ་བཅུ་ཕྲག་འགའི་རྗེས་སུ། གནས་དེར་རྒྱུ་རྐྱེན་དུ་མས་དབང་གིས་ལྗོན་ཤིང་ཐང་ཟེར་བའི་སར་དགོན་གནས་སྤོས། དེར་འདུ་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད། དེ་སྔ་ནང་བསྟན་གཙོ་བོར་ཙན་དན་དམར་པོ་ལས་གྲུབ་པའི་ལོ་ཀེ་ཤྭ་རའི་སྐུ་བརྙན་དགུང་ལོ་བདུན་པའི་ཚད་ཅན་དང་། ཙན་ཏན་དཀར་པོ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་བྱིན་ཁྲུ་དོ་ཙམ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་བཞུགས་པ་ད་ལྟ་མིང་ཙམ་དུ་གྱུར། སྐབས་དེར་དགོན་པར་བདག་སྐྱོང་བྱེད་མཁན་ནི་དགེ་བཤེས་བྱམས་པ་འོད་ལྡན་ཞུ་བ་དེཡིན་ཞིང་གྲྭ་ཤག་ཉི་ཤུ་ཙམ་དང་དགེ་འདུན་སུམ་ཅུ་ལྷག་བཞུགས་སྐད།
      ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་རྗེས། དད་ལྡན་མང་ཚོགས་ཀྱི་རེ་འདོད་ལྟར་སྤྱི་ལོ་1983ལོར་སྔར་གྱི་དགོན་གནས་སྤོས་ཏེ་འཇམ་དབྱངས་ཐང་ཞེས་པར་གནས་གཞི་གསར་དུ་བཏིངས་ནས་སླར་གསོ་བྱེད་མགོ་བརྩམས། མཆོད་གཞིས་དད་ལྡན་མང་ཚོགས་ཀྱིས་མཐུན་རྐྱེན་གང་ལེགས་སྦྱར་ཏེ་འདུ་ཁང་གྱན་ལྔ་ཅན་གསར་བཞེངས་བྱས། ནང་རྟེན་དུ་སྨན་འདམ་ལས་གྲུབ་པའི་ཤཱཀྱ་མུ་ནེ་ཁྲི་དྲུག་འགྱོགས་ཅན་གཙོས་འབག་སྐུ་བཞི། གྱན་ཐང་ཉེར་གཅིག བཀའ་བསྟན་འགྱུར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཅས་བཞུགས་ལ། ད་ལྟ་གྲྭ་བ་བཅུ་གྲངས་ཙམ་གྱིས་སྔར་སྲོལ་རྒྱུན་འཁྱོངས་བྱེད་བཞིན་པའི་སྐབས་སོ།།
      སྡེ་འདིའི་ཆོས་ཐོག་གི་སྐོར་ལ། ཟླ་དང་པོར་ཆོ་འཕྲུལ་སྨོན་ལམ་དང་། བཞི་བའི་སྨྱུང་གནས། ལྔ་བའི་མཆོད་པ། བཅུ་བའི་ལྔ་མཆོད། བོད་ལོའི་གཏོར་སྒྲུབ་བཅས་དང་ཟླ་རེར་བཅོ་ལྔའི་དུས་བཟང་ཆག་མེད་ཡིན། འདོན་ཆོས་གཙོ་བོ་བདེ་གསང་འཇིགས་གསུམ་དང་ཀུན་རིག  སྨན་བླ། མགོན་ཆོས་རྣམས་སོ།།