ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

༄༅།།རྭ་སྒྲེང་གནས་ཀྱི་ཆགས་ཚུལ།

སྤེལ་དུས 2023-09-19 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། བསོད་ནམས་ཆོས་དར།
        དེ་ནས་ཡང་བྲོ་དཔོན་གྱིས། མཁའ་འགྲོ་འབུམ་གྱི་ལུང་བསྟན། རྭ་སྒྲེང་གནས་ཀྱི་ཆགས་ཚུལ་ཨེ་མ་ཧོ། ཞེས་དབྱངས་རྟ་རིང་མོ་ཞིག་གིས་སྣེ་དྲངས་པ་དང་ལྷན་དུ་ཕྲེད་གླིང་པ་གཉིས་དང་བྲོ་པ་རྣམས་ནས་བྲོ་ཡི་ལེའུ་གཉིས་པ་དེ་འཁྲབ་འགོ་ཚུགས་པ་ནི། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་སྤུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་སྔོན་པོ་གཡུ་ཡི་དྲི་ཆབ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཐང་ཆེན་པོ་གསེར་གྱི་མཎྜལ་ལ ། །མ་མཁའ་འགྲོ་འབུམ་གྱི་དོ་ར་ཡོད། །ནོར་རིན་ཆེན་སྣ་ལྔའི་ཚོམ་བུ་བཀོད། །དུས་གཏན་དུ་ཀུན་བཟང་མཆོད་སྤྲིན་འཁྲིགས། །རི་པད་མ་སྟོང་ལྡན་དབྱིབས་ལེགས་པ། །དུས་དགུན་གསུམ་དཀར་པོ་ཤེལ་གྱི་མདོག། དུས་དཔྱིད་གསུམ་ཁྲ་མོ་གཟི་ཡི་མདོག  །དུས་དབྱར་གསུམ་སྔོན་པོ་གཡུ་ཡི་མདོག  །དུས་སྟོན་གསུམ་སེར་པོ་གསེར་གྱི་མདོག  །མདོག་ཕུན་སུམ་ཚོགས་པའི་རི་བོ་ལ ། །ལྟས་ཁྱད་པར་འཕགས་པའི་མཚན་མ་ཡོད། །རྟེན་མཐོང་བ་དོན་དང་ལྡན་པ་ཡོད། ། ཆུ་ཡན་ལག་བརྒྱད་ལྡན་ཆུ་མིག་འབབ ། །སུས་མྱོང་ཡང་ངན་སོང་གནས་ལས་གྲོལ ། །ནགས་བཀྲ་ཤིས་ཡལ་འདབ་རྒྱས་པ་ཡོད། །བྱ་དུ་མའི་གླུ་དབྱངས་སྒྲོག་ས་ཡོད། །ས་པད་མ་འདབ་བརྒྱད་ཡུལ་གྱི་དབུས། །གནམ་འཁོར་ལོ་རྩིབ་བརྒྱད་ཕུབས་པའི་འོག། ཕྱོགས་བཀྲ་ཤིས་རྟགས་བརྒྱད་བརྒྱན་པའི་ས། །སེམས་ཏིང་འཛིན་འཕེལ་བའི་གནས་སུ་བཟང་། །ཤིང་སྣ་ཚོགས་སྐྱེས་པའི་ནགས་ཀྱི་ཁྲོད། །ཡིད་བག་ཕེབས་འབྲེལ་ཚད་དོན་དང་ལྡན། །གནས་འདི་ནི་དུས་གསུམ་རྒྱལ་བའི་ཞིང་། །ཞིང་འདི་རུ་འཛོམས་པ་རྟེན་འབྲེལ་བཟང་། །ཞེས་པའོ།།