ནེ་ཕྱུང་རི་ནི་ལྷ་ས་ནས་དོག་བདེ་བརྒྱུད་རྡོ་སྔོན་པོ་བར་སྤྱི་ལེ་བཞི་ལྔ་ཙམ་དང་། དེ་ནས་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་འཛེགས་ན་བཙུན་མའི་དགོན་དེར་སླེབས་ངེས།
དགོན་དེར་དགོན་མིང་མི་འདྲ་བ་གསུམ་ཡོད་པ་སྟེ། ནེའུ་ཆུང་རི། མི་ཆུང་རི། ནེ་ཕྱུང་རི་བཅས་ཡོད། དང་པོ་དགོན་པ་ཆགས་ཡུལ་དེར་ནེའུ་གསིང་ཆུང་ངུ་ཡོད་པས་ཡིན་ཟེར། གཉིས་པ་རི་ངོས་སུ་མི་ཆུང་ཞིག་བསྡད་པ་ལྟ་བུའི་དབྱིབས་ཀྱི་རི་མོ་ཡོད་པས་མི་ཆུང་རི་ཟེར། གསུམ་པ། མཁའ་སྤྱོད་དཔའ་མོ་མཆོག་གིས་དགོན་པ་སྤོ་སའི་ས་བརྟག་མཛད་སྐབས། རབ་འབྱམས་ཆོས་རྗེའི་ནང་རྟེན་བཀྲམ་པའི་དཀྱིལ་ནས་བྱ་ནེ་ལེ་ཞིག་གིས་གཏོར་ཆས་བླུགས་པའི་སྣོད་དེ་ཕྱུང་ནས་ད་ལྟ་དགོན་པ་ཆགས་ཡུལ་དུ་བསྐྱུར་བས་ནེ་ཕྱུང་རི་ཞེས་བརྗོད་སྲོལ་འདུག
སྤྱི་ལོའི་དུས་རབས་བཅུ་གཉིས་ཙམ་དུ་ཞང་གཡུ་བྲག་པའི་སློབ་མ་རབ་འབྱམས་ཆོས་རྗེ་ཡིས་བཏབ། དུས་རབས་བཅོ་ལྔ་པའི་ནང་རྗེས་ཙོང་ཁ་པ་སེ་ར་ཆོས་ལྡིངས་སུ་བཞུགས་སྐབས་སྒྲུབ་སྡེ་དེའི་བླ་སློབ་ཡོངས་ནས་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས། དེ་རྗེས་གུང་རུ་རྒྱལ་མཚན་བཟང་པོས་སེ་རའི་ཁྲི་པ་མཛད་སྐབས་ས་བཙུན་མ་ཕལ་ཆེ་བས་གྲུབ་མཐའ་དགེ་ལུགས་འཛིན་ཅིང་། སེ་ར་སྤོ་བོ་ཁང་ཚན་དང། གུང་རུ་ཁང་ཚན། ནེ་ཕྱུང་རི་བཅས་ནི་སྟོད་པ་མཁན་པོས་ཞལ་བདག་གནང་།
དེ་དུས་བཙུན་མའི་སློབ་དཔོན་མཁའ་སྤྱོད་དཔལ་མོས་གྲྭ་བཙུན་མཉམ་དུ་བསྡད་ན་མི་ལེགས་པས་བཙུན་དགོན་དེ་ད་ལྟའི་དགོན་པ་ཆགས་སར་སྤོས་སྐད།
མཁའ་སྤྱོད་དཔལ་མོ་ནི་དགུང་ལོ12ཐོག་བུ་ནས་བུ་མོར་འགྱུར་བ་ཞིག་ཡིན། དེ་ནས་མཁའ་སྤྱོད་དཔལ་མོས་མོ་དགོན་འདི་འདི་ན་མི་ལེགས་པས་གནས་གཞན་ཞིག་ཏུ་སྤོ་དགོས་དགོངས་པ་ལ། ཉིན་ཞིག་ནང་རྟེན་བཀྲམ་པའི་དཀྱིལ་ནས་རབ་འབྱམས་ཆོས་རྗེའི་གཏོར་ཆས་བླུགས་པའི་སྣོད་བྱ་ནེ་ལེ་སྟེ་པིང་ཀྱུར་མ་ཞིག་གིས་འཁྱེར་ཏེ་ད་ལྟའི་དགོན་ཆགས་ཡུལ་དེར་བསྐྱལ་བས་ནེ་ཕྱུང་རི་ཞེས་པའི་མཚན་ཐོགས། གཞན་ནེའུ་ཆུང་རི་ཞེས་པ་དང་མི་ཆུང་རི་སོགས་འབོད་སྲོལ་སྣ་ཚོགས་ཡོད།
རི་ཁྲོད་དེའི་རྟེན་གཙོ་ནི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་། རྗེ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་སོགས་བཞུགས།
ཕྱིས་ཉམས་གསོ་བྱུང་རྗེས་བཙུན་མོ་ཞལ་གྲངས་བརྒྱད་ཅུ་སྐོར་བཞུགས་ཡོད། སྔོན་འདུ་ཁང་ཀ་བ་སུམ་ཅུའི་ནང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་རྗེ་ཙོང་ཁ་པ། དགོན་དེའི་ཆུ་མིག་ནང་ནས་འཁྲུངས་པའི་རྡོ་ནག་གི་མགོན་པོ་ཕྱག་བཞི་སོགས་བཞུགས་སུ་གསོལ་ཡོད།
སྔོན་བཙུན་མ180ཙམ་གྱིས་རི་བོ་དགེ་ལྡན་ཕྱག་བཞེད་མཛད་པ་ཡིན། ད་ལྟ་སྔོན་གྱི་གྱང་གོག་སྟེང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།
དཔྱད་གཞིའི་ཡིག་ཆ།
1 ཆོས་འཕེལ་གྱིས་བརྩམས་པའི 《གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ》 མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2004ལོའི་ཟླ7པའི་པར་གཞི་དང་པོ། ཤོག་ངོས77ན་གསལ།
2 བསམ་ཤོད་ཀྱིས་བརྩམས་པའི 《ལྷ་སའི་གནའ་ཤུལ་ལོ་རྒྱུས་པདྨའི་དགའ་ཚལ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2010-12པར་པར་གཞི་དང་པོ། ཤོག་ངོས103-104ན་གསལ།