ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཟམ་པ་བརྒྱབ་ཅིང་སྨན་བཅོས་རོགས་སྐྱོར་བྱས་ཏེ་ཐོན་ལས་དར་འཕེལ་བཏང་། ནུས་ཤུགས་རྒྱུན་ཆད་མེད་པར་བཏོན་ནས་དམངས་འཚོ་འགན་ལེན་ཧུར་ཐག་བྱས།

སྤེལ་དུས 2021-12-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          “སློབ་ཚན་ཚུགས་སོང” “ཡར་ལོངས” སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན་དེའི་མིང་ལ་ཧོང་ཡན་ཕུང་ཟེར་བ་དང་ཁོང་ནི་བོད་ལྗོངས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་དགེ་རྒན་ཞིག་རེད། འདི་ལོའི་ཟླ་བརྒྱད་པར་ཁོང་ལྷ་སར་བསྐྱོད་ནས་ཅང་སུའུ་ཡི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་དཔུང་ཁག་ལ་ཞུགས་ཏེ་བཟའ་ཟླ་ཝང་རེན་ཆོན་དང་མཉམ་དུ་ལས་ཀ་བྱས། ཧོང་ཡན་ཕུང་གིས་གསར་འགོད་པར་དེ་སྔ་རྟག་ཏུ་བཟའ་ཟླས་བཤད་པའི་བོད་སྐྱོར་གཏམ་རྒྱུད་ཉན་གྱི་ཡོད། “དེ་གའི་ཕྲུ་གུ་གཞུང་དྲང་ལ་བབ་ཆགས་པ་ཞིག་འདུག ངས་ངེས་པར་དུ་གསོ་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་བཤད།
          ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ནི་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་2.63བཏང་ནས་བསྐྲུན་པ་ཞིག་རེད། ཅང་སུའུ་ཡིས་ལོ་ལྟར་ཚོགས་སྒྲིག་རྣམ་པར་བརྟེན་ནས་ནན་ཐུང་དང་དབྱང་ཀྲོའུ་སོགས་གྲོང་ཁྱེར་ནས་སློབ་གསོ་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་བདམས་ཏེ། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དུ་དགེ་རྒན་བྱེད་པར་བཏང་ནས། ཅང་སུའུ་ཡི་སྔོན་ཐོན་སློབ་གསོའི་འདུ་ཤེས་དང་ལྷ་སའི་སློབ་གསོའི་དངོས་ཡོད་གནས་ཚུལ་ཟུང་འབྲེལ་བྱེད་ཀྱི་ཡོད། 2014ལོར་སློབ་གྲྭ་བཙུགས་ཚུན་ཅང་སུའུ་ཡིས་ཁྱོན་བོད་སྐྱོར་དགེ་རྒན་ཁག་5དང་མི་ཐེངས་160བཏང་བ་དང་དགེ་རྒན་56གིས་བསྟུད་མར་བོད་སྐྱོར་ཐེངས་གཉིས་བྱས་ཡོད། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སློབ་སྤྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མཱ་ཧྭ་ཡིས་སློབ་ཁྲིད་ཀྱི་ཕན་འབྲས་ཡག་པོ་ཡོད་པས། ས་གནས་དེ་གའི་གདེང་འཇོག་ཡག་པོ་རྒྱ་ཁྱབ་ཐོབ་ཡོད་ཅེས་བཤད།
          ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ཁག་བཅུ་པའི་མདུན་ཕྱོགས་བཀོད་འདོམས་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤྱི་ཁྱབ་བཀོད་འདོམས་པ་ཁྲེན་ཅིང་གིས། 1994ལོར་བོད་ལྗོངས་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་ཚུན། ཅང་སུའུ་ཡིས་རིམ་རྩིས་བྱས་ན་བོད་སྐྱོར་ལས་བྱེད་པ་ཁག་9དང་མི་ཐེངས་871གངས་ལྗོངས་ས་མཐོར་བཏང་བ་དང་། འཆར་གཞིར་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་61.3བཏང་བ། བོད་སྐྱོར་རྣམ་གྲངས་657ལག་ལེན་བསྟར་ནས། ཕྱོགས་ཡོངས་དང་། ཁྱབ་ཁོངས་ཆེ་བ། རིམ་པ་མང་བ་བཅས་ཀྱི་བོད་སྐྱོར་རྣམ་པ་ཞིག་བཏོད་ཡོད། འཆར་འགོད་ལྟར་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཅང་སུའུ་ཡིས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་25ལྷག་ཙམ་བཀོད་སྒྲིག་བྱས་ནས། བོད་སྐྱོར་རྣམ་གྲངས་130ལྷག་ཙམ་ལག་ལེན་བསྟར་རྩིས་ཡོད་པའི་ནང་80%ཡན་གཞི་རིམ་དུ་བཏང་སྟེ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་སྤྱོད་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
          དམངས་ཕན་ཟམ་པ་བསྐྲུན། མང་ཚོགས་ཕྱིར་སྐྱོད་བདེ།
          སྤྲིན་དཀར་པོ་མཁའ་དབྱིངས་སུ་རྒྱུ་ཞིང་ཆུ་ཕྲན་གངས་ལྗོངས་ས་མཐོར་རྒྱུག རྐོ་འདྲུའི་འཕྲུལ་འཁོར་དང་ན་ཁ་ཡུག་གཅིག་ཏུ་སྦྲེལ། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱལ་བཟང་གྲོང་ཚོའི་ཆུ་ཕྲན་དུ་བཟོ་པ་ཚོས་བྲེལ་འཚུབ་ངང་གྲོང་མི་ཚོར་ཟམ་པ་རྒྱག་བཞིན་ཡོད། ཟམ་པ་དེ་ནི་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པའི“ཆུ་ཕྲན་ཟམ་པའི་འདུ་འགོད”ཀྱི་གྲས་ཤིག་རེད། ཆུ་ཕྲན་ཟམ་པར་རླངས་འཁོར་ཤར་གཏོང་ཐུབ་རྗེས། དེ་སྔ་ཆུ་ཚོད་གཅིག་ལྷག་ཙམ་འགོར་བའི་ལམ་ཐག་ལ་སྐར་མ་བཅུ་གྲངས་ཁ་ཤས་ལས་འགོར་གྱི་མེད།
          ཆུ་ཕྲན་ཟམ་པ་རྒྱག་རིང་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཡུལ་དེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། ནན་ཅིང་གྲོང་ཁྱེར་གྱི་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་ལས་དོན་ཚོགས་ཆུང་ཁག་དགུ་པའི་ཙུའུ་ཀྲང་མལ་གྲོ་གུང་དཀར་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཧྲི་ཡུང་ཅུན་གྱིས་ཆུ་ཕྲན་ལ་མཛུབ་མོ་བཙུགས་ནས་གསར་འགོད་པར་ཆུ་ཕྲན་ཟམ་པ་རྒྱག་པའི་དཀའ་གནད་ཧ་ཅང་ཆེན་པོ་ཡོད། སྤྱིར་བཏང་ཨར་འདམ་གྱི་ལུགས་རྒྱག་སྟངས་སྤྱད་ཚེ་ཡུལ་དེའི་ས་གཤིས་ཁྱད་ཆོས་ལ་ཤུགས་རྐྱེན་ཐེབས་ནས་སྐྱེ་ཁམས་ལ་སྦགས་བཙོག་བཟོ་སྲིད། ལས་དོན་ཚོགས་ཆུང་གིས་ཡུལ་དེའི་ས་གཤིས་ས་དབྱིབས་ལ་བརྟག་དཔྱད་བྱས་པ་དང་ཞིབ་འཇུག་གྲོས་བསྡུར་བྱས་པ་བརྒྱུད། མཐར་བཟོ་གྲྭས་སྔོན་ནས་བཟོ་བའི“སྒྲིག་སྦྱོར་རྣམ་པའི”ཁ་སྐོང་བྱ་ཐབས་སྤྱད་དེ་འགྲོ་ལམ་གྱི་དཀྱིལ་དུ་མདོང་ལམ་ཞིག་བསྐྲུན་ནས་ཆུ་ཕྲན་དེ་སྔའི་ཆུ་ལམ་བརྒྱུད་རྒྱུག་ཐུབ་པའི་གཏན་འཁེལ་བྱས། “ཆུ་མདོང་ལམ་ནས་ཆུ་ཕྲན་དུ་རྒྱུག་པས་ཆུ་མགོ་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་ཡོད”ཅེས་བཤད།
          “ཆུ་ཕྲན་ཟམ་པའི་འདུ་འགོད”ནི་དམངས་འཚོའི་དོན་ཆེན་ཞིག་རེད་ལ། མི་སེར་ལ་བསྒྲུབས་པའི་བྱ་བ་དངོས་ཤིག་དེ་བས་ཀྱང་རེད། 2020ལོ་ཚུན་དུ་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་ནན་ཅིང་གྲོང་ཁྱེར་གྱི་ལས་དོན་ཚོགས་ཆུང་གིས་ལོ་3ནང་མལ་གྲོ་གུང་དཀར་རྫོང་གི་ཞིང་འབྲོག་ཁུལ་དུ་དམངས་ཕན་ཟམ་པ་100ལྷག་ཙམ་བསྐྲུན་ནས། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་8དང་སྲིད་འཛིན་གྲོང་ཚོ་40ལ་ཁྱབ་པ་དང་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་1.46དང་མི་ཁྲི་5.6ལ་ཕན་པ་ཐོབ་ཡོད།
          སྨན་བཅོས་རུ་ཁག་སླེབས། འོས་འགན་སྨན་བཅོས་བྱས།
          “བོད་སྐྱོར་བྱེད་རིང་ངས་སྨན་བཅོས་ཐད་ཀྱི་རང་འཁྲིའི་ལས་ཀ་ལེགས་སྒྲུབ་བྱེད་པ་མ་ཟད། ད་དུང་སྨན་ཁང་གི་སྤྱི་གཉེར་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་དོ་དམ་བྱེད་ཀྱི་ཡོད། ལས་འགན་དཀའ་ཚེགས་ཆེ་ནའང་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད”ཅེས་ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་ཅང་པིན་སྨན་ཁང་གི་སྤྱི་གཉེར་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀྲེན་ཅང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅོ་ལྔ་པའི་རུ་དཔོན་ཡའོ་མིན་གྱིས་བཤད།
          འདི་ལོའི་དབྱར་ཁར་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཁོངས་མི་ཡའོ་མིན་ཀྲེན་ཅང་ནས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མི་དམངས་སྨན་ཁང་དུ་ལས་ཀ་བྱེད་པར་སླེབས། ཟླ་ཤས་རིང་ཁོང་གིས་གཅིག་སྡུད་གསོ་རླུང་མཁོ་འདོན་ས་ཚིགས་བཅོས་སྒྲིག་དང་། བཙོག་ཆུ་གཙང་གསིང་ཕྱོགས་བསྡུས་བཅོས་སྐྱོང་། སྨན་ཁང་ཁུལ་གསར་གྱི་དུག་སེལ་མཁོ་སྤྲོད་ལྟེ་གནས་འཛུགས་སྐྲུན་གྱི་བཀོད་པ་ལེགས་སྒྲིག སྨན་བཅོས་མཁོ་ཆས་ཀྱི་ཟད་གྲོན་དོ་དམ་ལམ་ལུགས་བཟོ་བ་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་རེད།
          སྟག་རྩེ་ཆུས་མི་དམངས་སྨན་ཁང་དུ་ནད་ཁྲི་290དང་། བོད་སྨན་གྱི་ལུམས་ཁྲི་20 CTདང་ཕོ་ཤེལ་དང་རྒྱུ་ཤེལ་སོགས་བརྟག་དཔྱད་ནུས་པ་ཁང་། མ་བུ་བདེ་སྲུང་དང་བྱིས་པའི་ཕྱོགས་བསྡུས་ཐོག་ཁང་ལ་སོགས་ཡོད་པ་དང་རྫོང་དང་ཆུས་རིམ་པའི་སྨན་ཁང་ཞིག་ཡིན་མོད། སྒྲིག་ཆས་ཆ་ཚང་བ་དང་སྒྲིག་བཀོད་སྔོན་ཐོན་རེད། 2016ལོར་སྟག་རྩེ་ཆུས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བླང་བྱར་གཞིགས་ཏེ། སྟག་རྩེ་ཆུས་མི་དམངས་སྨན་ཁང་འབྱུང་འགྱུར་ལོ་10ཡི་སྟག་རྩེ་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཞིག་ཏུ་ཧུར་ཐག་སྐྲུན་བཞིན་ཡོད།
          “འདི་ལོའི་ལོ་སྟོད་དུ་ཀྲེན་ཅང་གི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་སྨན་བཅོས་རུ་ཁག་གིས་གྲོང་ཚོ་དང་དུད་ཚང་དུ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་ཡོད། མིག་སྔའི་བར་འོས་འགན་སྨན་བཅོས་བྱེད་སྒོ་ཐེངས་3སྤེལ་ནས་ཁྱོན་ནད་ལྟ་བར་ཡོང་མཁན་དང་བློ་འདྲི་བྱེད་པར་ཡོང་མཁན་ཞིང་འབྲོག་པ་མི་ཐེངས་600ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། སྨན་ཤོག་500ལྷག་ཙམ་བྲིས་པ། སྒོར་ཁྲི་2ལྷག་ཙམ་རི་བའི་སྨན་རྫས་སྤྲད་ཡོད”ཚོགས་སྒྲིག་རྣམ་པའི་ཁ་གཏད་རོགས་སྐྱོར་ལག་བསྟར་བྱས་པ་བརྒྱུད། ཀྲེན་ཅང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་མི་10ལ་རོགས་སྐྱོར་བྱེད་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། སྨན་ཁང་རིམ་པའི་གསོ་སྦྱོང་དུས་ཐེངས་12བྱས་པ། མི་ཐེངས་240གསོ་སྦྱོང་བྱས་ཡོད་ཅེས་སྟག་རྩེ་ཆུས་ཨུད་ཀྱི་རྒྱུན་ཨུ་ཞུས་ཅུན་ཁྲའོ་ཡིས་ངོ་སྤྲོད་བྱས།
          འབྱུང་འཕྲོད་ཐོན་ལས་དར། ཁོར་ཡུག་སྲུང་སྐྱོང་བྱས།
          སྐྱ་མདའ་བཏང་མ་ཐག་ལོ་38ལ་སླེབས་པའི་ཡུལ་མི་བསྟན་འཛིན་སྒྲོལ་དཀར་གྱིས་ཆུ་ཤུར་རྫོང་ཚལ་སྣེ་ཤང་འབྱུང་འཕྲོད་ཐོན་ལས་གླིང་དུ་ཤིང་ཏོག་ལན་མེ་འཐུ་བར་བསྐྱོད། ལོ་གསུམ་གོང་བསྟན་འཛིན་སྒྲོལ་དཀར་གྱིས་ཁྱིམ་དུ་ཞིང་ལས་བྱེད་པ་དང་ས་ཞིང་ནང་བཤུག་བྱས་རྗེས་ཁོང་ཐོན་ལས་གླིང་དུ་ཞུགས་ནས་ཆུ་རྒྱག་པ་དང་། ལུད་རྒྱག་པ། ཆུ་འདྲེན་པ་སོགས་ཀྱི་ལས་ཀ་བྱེད་པར་ཟླ་རེར་གཏན་འཇགས་ཡོང་འབབ་སྒོར་4500ཡོད། “ཡོང་འབབ་མཐོ་པོ་འདི་འདྲ་ཡོད་པ་བསམ་ཡུལ་ལས་འདས་སོང་། ཁྱིམ་གྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད་འཚོ་བ་ཡང་ཡག་ཏུ་ཕྱིན་སོང”སྒྲོལ་དཀར་དང་འདྲ་བར་ཐོན་ལས་གླིང་དུ་གླ་པ་རྒྱུག་མཁན་གྲོང་མི་50ལྷག་ཙམ་ཡོད་ཅིང་། དུས་ཚིགས་མི་འདྲ་བར་གཞིགས་ནས། ཐོན་ལས་གླིང་གིས་ལས་མི་བསྡུ་བའི་མི་གྲངས་ལེགས་སྒྲིག་བྱས་ཏེ་ཡུལ་དེའི་གྲོང་མིར་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་བྱེད་ཀྱི་ཡོད།
          ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་རྒྱལ་ལམ་561གི་གཞོགས་གཉིས་སུ་སྐྱོད་སྐབས། བ་ཚང་དང་གཟན་ཁང་མང་པོ་ཡོད་པ་དེ་ནི་ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྟེན་གཞིས“ཀུང་སི་+རྟེན་གཞི་+མཉམ་ལས་ཁང་+ཞིང་དུད”བཅས་ཀྱི་རྣམ་པ་བརྒྱུད། ཁྲོམ་རས་སྣེ་འདྲེན་དང་། སྣེ་འདྲེན་གྱིས་རྟེན་གཞིར་སྣེ་ཁྲིད། རྟེན་གཞིས་མཉམ་ལས་ཁང་ལ་རོགས་སྐྱོར། མཉམ་ལས་ཁང་གིས་འབྲོག་དུད་དང་མཉམ་འབྲེལ་བྱེད་པ་བཅས་ཀྱི་ཐོན་ལས་ཅན་གྱི་རྩ་འཛུགས་མ་ལག་ཆགས་པར་བྱས་པ་དང་། འབྲི་གཡག་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་དཔེ་སྟོན་སྐར་ཁུང་དང་། རྒྱུད་ཁོངས་རྟེན་གཞི། ཚན་ཞིབ་རྟེན་གཞི། ཞིང་འབྲོག་པའི་གསོ་སྦྱོང་རྟེན་གཞི་བཅས་བཙུགས་པ་རེད།
          འབྱུང་འཕྲོད་ཐོན་ལས་ནི་ཅང་སུའུ་ཡི་ཐོན་ལས་བོད་སྐྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། བོད་སྐྱོར་རྣམ་གྲངས་སྐྲུན་རིང་ཅང་སུའུ་ཡིས་འཛུགས་སྐྲུན་དོ་དམ་གྱི་ཉམས་མྱོང་ལེགས་ཆ་འདོན་པ་དམིགས་ཡུལ་དུ་བཟུང་ནས། ཐོན་ཁུངས་སྣ་ཚོགས་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་ཀྱིས“སྔོན་ལ་སྦགས་བཙོག་བཟོ་བ་དང་རྗེས་སུ་བཅོས་སྒྲིག་བྱེད་པའི”ལམ་རྙིང་དུ་མ་བསྐྱོད་པར་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཐོན་ལས་འཕེལ་རྒྱས་བཏང་བ་ལས། ལྷ་སའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཟོ་ཚད་ཆུང་དུ་བཏང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།