ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཐད་ཀྱི“མཚོ་སྔོན་ཇུས་གཞི”བཏོན་པ།

སྤེལ་དུས 2022-02-18 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
          2021ལོའི་ཟླ12པའི་ཚེས29ཉིན། 2021ལོ་ནས2022ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་གྱིས་དམངས་ལ་ཕན་འདོགས་པའི་བྱ་འགུལ་ལམ“མཚོ་སྔོན་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་སྟེགས་བུ”གཉིས་སོ་སོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་རིག་གནས་ཁང་གི་ཐང་ཆེན་ཚོགས་ར་གཙོ་བོ་དང་། ཟི་ལིང་གྲོང་ཁྱེར་ཞིན་ཧྭ་ལེན་བྱིས་པའི་རྩེད་འཇོ་ར་བའི་ཚོགས་ར་གཙོ་བོ། ཟི་ལིང་གྲོང་ཁྱེར་ཐང་ཏའོ་ཧི་ཧོང་ལི་ཡན་ལག་ཚོགས་ར་བཅས་ནས་དུས་མཉམ་དུ་སྤེལ། སྤྲོ་བའི་ཡུལ་སྐོར་དང་སྤྲོ་བའི་རོལ་མྱོང་། སྤྲོ་བའི་དཔེ་ཀློག སྤྲོ་བའི་སྒྱུ་རྩལ། སྤྲོ་བའི་ལོངས་སྤྱོད་བཅས་རིགས་ཆེན་པོ5ཡི་རིག་གནས་ཡུལ་སྐོར་གྱིས་དམངས་ལ་ཕན་འདོགས་པའི་བྱ་འགུལ300ཙམ་སྤེལ་བས། རིམས་ནད་རྗེས་ཀྱི་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཚོང་ར་སླར་གསོ་བྱེད་པའི་སྟ་གོན་དུ་གྱུར་ཡོད་ལ། རྒྱལ་ཡོངས་ཀྱི་གངས་འཁྱགས་ཡུལ་སྐོར་དར་བར་སྟོབས་ཤུགས་གསར་པའང་བསྣན་ཡོད།
          མཚོ་སྔོན་ནི་ཡང་བསྐྱར་ཡུལ་སྐོར་ལ་དགའ་མཁན་རྣམས་ཀྱི་དོ་སྣང་བྱ་ཡུལ་དུ་གྱུར་མོད། འོན་ཀྱང་། ཐེངས་འདིར་མཚོ་སྔོན་མིང་དུ་གྲགས་སྤྱད་ནི་དབྱར་སྟོན་གཉིས་ཀྱི་ཆུ་དྭངས་རི་སྔོ་དེ་མིན་པར། ཁ་བས་གཡོགས་ཤིང་འཁྱགས་ཀྱིས་བསྡམས་པའི་དགུན་དུས་ཀྱི་མཐོ་སྒང་རེད།
          2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པར་གྲོས་ཞིབ་ཏུ་ཞུགས་སྐབས་དང་མཚོ་སྔོན་དུ་གཟིགས་ཞིབ་ཏུ་ཕེབས་སྐབས་མཚོ་སྔོན་ལ“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི”ལས་འགན་གལ་ཆེན་དང་ལོ་རྒྱུས་ཀྱི་ལས་འགན་འདི་བསྩལ། ལོ་དེར་མཚོ་སྔོན་གྱིས་ཡུལ་ཁོངས་ཡོངས་དང་དུས་ཚིགས་བཞི་པོའི་ཡུལ་སྐོར་སྐྲུན་པའི་ཁྲོད་ནས“མཚོ་སྔོན་གྱི་དྲིས་ལན”བཏབ་པར་མ་ཟད། ལངས་གནས་མཐོན་པོར་འགྲེངས་ཤིང་ཡུལ་ཁོངས་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་ཁྲོད་ནས“མཚོ་སྔོན་གྱི་ཇུས་གཞི”བཏོན།
          རྒྱལ་སྤྱིའི་མིག་རྒྱང་གིས་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ།
          སྐྱེ་ཁམས་ཀྱིས་སྐྱེ་ཁམས་ལ་བལྟ་བ་དང་མཚོ་སྔོན་གྱིས་མཚོ་སྔོན་ལ་བལྟ་བ་ནས་འགོངས་ཡོད།
          རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཤུགས་ཡོད་རྒུས་བསྐྲུན་པའི་བགྲོད་ལམ་སྟེང་དུ།མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་གོ་གནས་ཨང་དང་པོར་བཞག་སྟེ་རྒྱལ་སྤྱི་དང་རྒྱལ་ནང་གི་དར་རྒྱས་ཆེ་བའི་ཞིང་ཆེན་གྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་བཟུང་བ་དང་། རྒྱལ་སྤྱིའི་མིག་རྒྱང་དང་སྐྱེ་ཁམས་མིག་རྒྱང་། རིག་གནས་མིག་རྒྱང་བཅས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་ཚད་ལྡན་མ་ལག་བཙུགས་ཤིང་འཐུས་ཚང་དུ་བཏང་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བར་སྟོང་དོ་དམ་ཚོད་འཛིན་བྱེད་པའི་བླང་བྱ་དངོས་འབེབས་བྱས། ཐོན་ཁུངས་ཀྱི་རང་སྤུས་དང་ས་གཤིས་ཀྱི་ཁོར་ཡུག ཚོང་རའི་སྦས་ཤུགས་ལྟར། རི་ཁུལ་དང་ནགས་ཚལ། བརླན་ས་དང་མཚེའུ། རྩྭ་ཐང་དང་བྱེ་ཐང་། ཡུལ་ཁོངས་ཀྱི་རིག་གནས་སོགས་ལ་བརྟེན་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་སྐོར་ཞིག་དང་། སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་དང་རང་བྱུང་མི་ཆོས་རིག་གནས་གཙོ་བོ་ཡིན་པའི་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་སྐོར་ཞིག་བསྐྲུན།
          ཚད་གཞི་ཡིས་རྒྱུ་སྤུས་ལ་ཡར་སྐུལ་བྱེད་པ་དང་ཚད་གཞི་ཡིས་མཐོར་འདེགས་ལ་ཡར་སྐུལ་བྱས། མིག་སྔར། རང་ཞིང་གིས་མཚོ་བོད་མཐོ་སྒང་གི་གདོད་མའི་སྐྱེ་ཁམས་ཡུལ་སྐོར་གྱི་བསྐོར་ལམ་ཆེན་མོ“བསྐོར་ལམ་གཅིག”ཏུ་བརྩི་བ་དང་། མཚོ་སྔོན་པོ་དང་གཙང་གསུམ་འབྱུང་ཡུལ། མདོ་ལའི་མཛེས་ལྗོངས། ཁུ་ནུའི་ཁུངས་འདེད། རྨ་ཙོང་རིག་གནས། མཚོ་སྔོན་ཀན་སུའུ་སི་ཁྲོན་གསུམ་གྱི་རྨ་ཆུའི་ཡུལ་སྲོལ་བཅས་སྐྱེ་ཁམས་ཡུལ་སྐོར་གྱི་མཐུན་སྦྱོར་ས་ཁུལ་ཆེན་མོ་དྲུག“ས་ཁུལ་དྲུག” ཏུ་བརྩི་བ། མཚོ་བོད་ཀྱི་འཛམ་གླིང་སྒལ་ཚིགས་དང་ཐང་བོད་གནའ་ལམ་གཉིས་ཀྱི་སྐྱེ་ཁམས་ཡུལ་སྐོར་ཁྱམས་རིང་དེ“ཁྱམས་རིང་གཉིས”སུ་བརྩིས་ཏེ། ཡུལ་སྐོར་ལྗོངས་ཁུལ་ལེགས་ཤོས་ཀྱི“བསྐོར་ལམ་གཅིག་དང་ས་ཁུལ་དྲུག ཁྱམས་རིང་གཉིས། གནས་མང་པོ”བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་སྐོར་ཞིག་རིམ་སྤར་གསར་སྐྲུན་བྱས། དུས་མཉམ་དུ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒྲོམ་གཞི་ལ་བརྟེན་ནས་ས་གནས་ཡོངས་ལ་སྣེ་ཁྲིད་བྱེད་པ་དང་། ལམ་ཐིག་གིས་ཡུལ་ཁག་སྦྲེལ་བས། སྐྱེ་ཁམས་ཁོར་ཡུག་མཛེས་ཤིང་རིག་གནས་ཀྱི་རྫོང་མཐུག་པ། ཡུལ་སྐོར་གྱི་ནང་དོན་འཛོམས་པ། ཞབས་འདེགས་ཀྱི་བྱེད་ནུས་ཚང་བ། ཡུལ་ཁོངས་མཉམ་ལས་དམ་ཟབ་ཡིན་པ་བཅས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་འཕེལ་རྒྱས་བར་སྟོང་དང་གྲུབ་ཚུལ་ཆགས་ཡོད།
          ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པ་དང་གངས་འཁྱགས་ཀྱང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་ཆགས་སུ་བཅུག་སྟེ། སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་ལ་དངོས་གནས་སྲུང་སྐྱོབ་བྱས་པ་དང་། མཚོ་སྔོན་གྱིས་རྒྱལ་སྤྱིའི་ཚད་གཞི་ལ་སྣེ་འདྲེན་བྱས་ནས་འཕེལ་རྒྱས་ཀྱི་ཆགས་སྟངས་ལེགས་སྒྱུར་བྱས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ་དེ་ནང་དོན་གཙོ་བོར་བརྩིས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི་གྲས་སུ་བཞག མགོ་ཚུགས་ས་མཐོན་པོ་ནས་འཆར་གཞི་འགོད་པ་དང་ཚད་གཞི་མཐོན་པོར་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་པར་མ་ཟད། རིམ་པ་གསལ་ཞིང་ཕན་ཚུན་སྦྲེལ་བ། ཚད་ལྡན་གོ་ཆོད་ཀྱི་འཆར་འགོད་མ་ལག་ཅིག་རིམ་བཞིན་གྲུབ།
          མཐོ་སར་འགོས་ནས་ཐག་རིང་ལ་བལྟ་བ་དང་རྒྱལ་སྤྱིའི་ཚད་གཞི་ལ་གཞིགས་ནས་གནས་མཚམས་ཕྱེ་སྟེ། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་མཛེས་སྡུག་གི་མ་འོངས་པ་འབྲི་ཅི་ཐུབ་བྱས།
          སྐྱེ་ཁམས་ཀྱི་རང་སྤུས་ལ་རྐང་ཚུགས་ཏེ་ཁྱད་ཆོས་འབུར་དུ་དོད་པ།
          སྔོ་བསངས་བསངས་ཀྱི་མཚོ་སྔོན་པོ་དང་ནམ་མཁའི་མེ་ལོང་ཚྭ་ཁའི་ཚྭ་མཚོ། ལྷ་ཡི་ཡུལ་ཁམས་མདོ་ལའི་ཨ་མྱེས་སྟོང་སོ་སོགས་མཚོ་སྔོན་ཁོ་ནར་མངའ་བའི་ཡིད་འཕྲོག་པའི་སྐྱེ་ཁམས་འདི་དག་ནི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་རྒྱུ་ཆ་ཡིན།
          གསེར་དངུལ་ཐང་ནས་རྡུལ་ཕྲན་མཁར་དང་། ཁྲི་ཀའི་རྨ་ཆུ་དྭངས་མོ། མིན་ཡོན་གྱི་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། རྐང་ཚའི་གསེར་ཉའི་གཞིས་ཁྱིམ་སོགས་ཀྱིས་མཚོ་སྔོན་གྱི་ཆུ་དྭངས་རི་སྔོའི་མཛེས་པ་མངོན་དུ་བཅུག་པ་དང་། གསེར་རི་དངུལ་རི་ལ་རིན་ཐང་ལྡན་དུ་བཅུག་པ། རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་ལ་རིན་ཐང་འཕར་དུ་བཅུག་ཡོད།
          2021ལོའི་ཟླ6པར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་བསྒྲགས་པའི་རྨ་ཆུ་བརྗོད་དོན་གྱི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ལམ་ཐིག10པོའི་ཁྲོད་ཀྱི་ལམ་ཐིག་བདུན་རབ་མཛེས་མཚོ་སྔོན་ནས་ལམ་ལ་ཆས་ཏེ་རྨ་ཆུའི་སྐྱེ་ཁམས་ལ་རོལ་མྱོང་བྱེད་པ་དང་རྨ་ཆུའི་རིག་གནས་ཀྱི་འབྱུང་ཁུངས་འཚོལ་བ། རྨ་ཆུ་མ་ཡུམ་གྱི་དྭངས་གཙང་གི་ན་ཆུང་མའི་དུས་སྐབས་ནས་རྨ་ཆུར་བཅར་བ་དང་རྨ་ཆུར་རྒྱུས་ལོན་བྱེད་པ། རྨ་ཆུར་གཅེས་སྤྲས་བྱེད་དགོས་པ་ཞིག་རེད།
          རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་བགྲོད་ལམ་སྟེང་དུ་མཚོ་སྔོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་དང་ཐོན་ཁུངས་ཁོར་ཡུག་གི་རང་སྤུས་ལ་རྐང་ཚུགས་ཏེ་སྐྱེ་ཁམས་བདེ་འཇགས་དང་རིམ་མཐོའི་ཡུལ་སྐོར། བདེ་ཐང་ཉམས་ལེན། སྐྱེ་དངོས་སྣ་མང་ཅན། རྒྱལ་ཁབ་སྤྱི་གླིང་། ཡུལ་མཆོག་སྲུང་སྐྱོབ། བརྙན་ཕབ་དགའ་མོས་པ། བརྗེ་རེས་བརྗེ་སྤེལ་མཉམ་འདྲེས། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་བཅས་འབུར་དུ་དོད་པའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་ནས། སྐྱེ་ཁམས་ཡུལ་སྐོར་གྱི་ཁྱད་ཆོས་ཅན་དང་ཚོང་རྟགས་ཅན། ཁྱད་བག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོན་པོ་དང་སྣ་མང་ཅན་གྱི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་ཐོན་རྫས་ལ་རམ་འདེགས་བྱེད་པའི་མ་ལག་ཆགས་སུ་འཇུག་རྒྱུ་རེད།
          ཞིང་ཆེན་ཡོངས་ནས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི3973.42སྣེ་ལེན་བྱས་པ་དེ་དུས་མཉམ་དང་བསྡུར་ན20%འཕར། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར349.9བླངས་པ་དེ་དུས་མཉམ་དང་བསྡུར་ན20.7%འཕར། ད་ལྟAརིམ་པའི་ཡུལ་སྐོར་ལྗོངས་ཁུལ138དང་གྲོང་གསེབ་ཡུལ་སྐོར་སྣེ་ལེན་བྱེད་ས2325། ཡུལ་སྐོར་ལས་གཉེར་ཁང568། སྐར་རིམ་གསོལ་ཁང322བཅས་ཡོད་པས། མཚོ་སྔོན་དུ་ཚོང་རར་ཤུགས་རྐྱེན་ཆེན་པོ་བཟོ་བའི་ནུས་པ་དང་འགྲན་རྩོད་ནུས་པ་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་མ་ལག་ཆགས་བཞིན་པའི་སྒང་ཡིན།
          ས་བབ་དང་བསྟུན་ཅིང་ཐོན་ཁུངས་རང་སྤུས་ཀྱི་གནས་མཚམས་ཕྱེ་སྟེ། མཛེས་སྡུག་གི་ཡུལ་ལྗོངས་ཀྱིས་མཚོ་སྔོན་གྱི་ཁྱད་ཆོས་དང་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་གཏོད་ཀྱིན་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོན།