སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བ།
སྤེལ་དུས 2022-02-18
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
2018ལོའི་ཟླ་6པར་མངའ་རིས་ས་ཁུལ་རྩིས་བཤེར་ཅུས་ཀྱིས་རྩིས་བཤེར་བྱེད་སྐབས། རྩྭ་མདའ་རྫོང་གི་2016ལོའི་སྐྱེ་ཁམས་ཁ་གསབ་ལས་དོན་ལ་སྐྱེ་ཁམས་ལས་གནས་ཟློས་པའི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བ་དང་ཆབས་ཅིག རྩྭ་མདའ་རྫོང་ལ་གནད་དོན་དེར་ཚུར་ལན་སྤྲད་པ་རེད། རྩྭ་མདའ་རྫོང་གིས་གནད་དོན་དེར་གཙང་བཤེར་དང་དག་ཐེར་མཐར་ཕྱིན་པ་མ་བྱས་པས། 2018ལོའི་ཟླ་10པར་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གསུམ་པས་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཆེད་དོན་སྐོར་གཟིགས་དང་2019ལོའི་ཟླ་9པར་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་གིས་རྩྭ་མདའ་རྫོང་གི་སྐྱེ་ཁམས་ཁ་གསབ་ལས་གནས་བཀོད་སྒྲིག་དང་མ་དངུལ་དོན་འཁྱོལ་བྱས་ཚུལ་ལ་རྩིས་བཤེར་བྱེད་སྐབས། སྔར་བཞིན་གོང་གསལ་གྱི་གནད་དོན་དེ་རིགས་ཤེས་རྟོགས་བྱུང་ཡོད། 2020ལོའི་ཟླ་3པར་རྩྭ་མདའ་རྫོང་གིས་གཞི་ནས་2016ལོ་ནས་2019ལོའི་བར་གྱི་སྐྱེ་ཁམས་ལས་གནས་བཀོད་སྒྲིག་བྱས་ཚུལ་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་དག་ཐེར་བྱས་པ་རེད། གྲལ་བཤེར་བྱས་པ་བརྒྱུད། རྩྭ་མདའ་རྫོང་གིས་ཆ་རྐྱེན་དང་མ་མཐུན་པའི་མི་211ལ་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་རོགས་དངུལ་ཁྱོན་སྒོར་ཁྲི་64.2སྤྲད་པ་ཤེས་རྟོགས་བྱུང་ཡོད། རྩྭ་མདའ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲང་ཝུན་ཞ་རྩྭ་མདའ་རྫོང་སྐྱེ་ཁམས་ཁ་གསབ་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པའི་ངོས་ནས་འགན་འཁྲི་ཡག་པོ་མི་ཁུར་བ་དང་ལས་དོན་ལ་ཞིབ་བཤེར་ནན་པོ་མ་བྱས་པ་དང་། དུས་མཚུངས་སྐོར་གཟིགས་དང་རྩིས་བཤེར་གྱིས་ཚུར་ལན་བྱས་པའི་སྐྱེ་ཁམས་ཁ་གསབ་གནད་དོན་དག་ཐེར་གྱི་འགན་ཁུར་འགོ་ཁྲིད་ཡིན་པའི་ངོས་ནས་ཚུར་ལན་བྱས་པའི་གནད་དོན་ལ་མཐོང་ཆེན་མ་བྱས་པ་དང་དུས་ཐོག་ཏུ་དག་ཐེར་མ་བྱས་པ་མ་ཟད། དགོས་པའི་ལས་མི་བྱེད་པ་དང་ལས་དུས་འགྱངས་པས་འགོ་ཁྲིད་ཀྱི་འགན་གཙོ་བོ་འཁུར་དགོས་ཀྱི་ཡོད། 2021ལོའི་ཟླ་9པར་ཀྲང་ཝུན་ཞ་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་སྒྲིག་འགལ་གྱི་དངུལ་ཚང་མ་གཞུང་བཞེས་བཏང་། 2022ལོའི་ཟླ་2ཚེས་14ཉིན། རང་སྐྱོང་ལྗོངས་ཀྱིས་དགོས་པའི་ལས་མི་བྱེད་པ་དང་། ལས་དུས་འགྱང་བ། འགན་འཁྲི་ཡང་དག་མི་སྒྲུབ་པ་བཅས་ཀྱི་དཔེ་མཚོན་གྱོད་དཔེ་5བརྡ་ཁྱབ་བཏང་བའི་ནང་ཀྲང་ཝུན་ཞའི་གྱོད་གཞི་དེ་དཔེ་མཚོན་གྱོད་དཔེར་བརྩིས་ནས་ཡོངས་བསྒྲགས་ངང་དམར་འདོན་བྱས་ཡོད།
སྐབས་བརྗེ་བྱས་ཚུན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་དོན་འཁྱོལ་གཏིང་ཟབ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་དང་བདེ་སྐྱིད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བཅས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས། ལྗོངས་ཡོངས་སུ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་ནས་སྤེལ་ཡོད། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ནས་ཞིབ་ཕྲའི་ལག་བསྟར་ཇུས་གཞི་དུས་ཐོག་ཏུ་ཞིབ་འཇུག་བྱས་ཏེ་བཟོས་པ་དང་ཆབས་ཅིག་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ་གཤམ་འོག་ཏུ་གཞུང་ལས་ཁང་བཙུགས་ནས་ཨུ་ལྷན་ལས་ཁུངས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་དང་དེ་བཞིན་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤྱི་འདོམས་བྱས་ཡོད། གཞན་བརྟུལ་བར་སྔོན་ལ་རང་ཉིད་དུལ་བར་བྱས་ཏེ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་ལྟ་སྐུལ་བརྟག་ཞིབ་ཚུར་ལན་གནད་དོན་ལ་བལྟ་བསྡུར་ནན་ཏན་དང་། ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེའི་བསླབ་བྱ་དང་ལེན། སྒྲིག་བཤེར་ལྟ་ཞིབ་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བར་དམིགས་པ། གཅིག་ཤེས་ཀུན་གྲོལ་ངང་གནད་དོན་བཤེར་འདོན་དང་དག་ཐེར་དམ་འཛིན་ནན་པོ། ནང་ཁུལ་གྱི་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད། རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྒྲིག་སྲོལ་བཟོ་བཅོས། བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཆང་རག་ཚོད་འཛིན་དང་དུག་འགོག་གི་འབྲེལ་ཡོད་གཏན་འབེབས་བཟོ་བ་བཅས་བྱས་ནས་ལམ་ལུགས་ལ་བརྟེན་ནས་དབང་ཆར་དོ་དམ་དང་། ལམ་ལུགས་ལ་གཞིགས་ནས་བྱ་བ་སྒྲུབ་པ། ལམ་ལུགས་ལ་བརྟེན་ནས་མིར་དོ་དམ་བཅས་བྱས་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གང་དུ་ཡོད་ན། དེར་ལྟ་སྐུལ་ཞིབ་བཤེར་རྗེས་བསྙེགས་ཐུབ་པ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་འབུར་དུ་ཐོན་པ་དང་རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་པ་མ་ཟད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲིར་ལྟ་སྐུལ་དང་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་གི་ཐོག་གཅིག་གྱུར་ཡོང་བ་བྱས་ཡོད། 2022ལོའི་ཟླ་དང་པོའི་ཟླ་འགོར། བོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས《ཉེ་དུས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཚུལ་སྐོར་གྱི་བརྡ་ཁྱབ》དང《རང་སྐྱོང་ལྗོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་བཀོད་སྒྲིག་བྱས་ཚུལ་སྐོར་གྱི་བརྡ་ཁྱབ》བསྟུད་མར་བཀྲམ་སྟེ། དཔེ་མཚོན་གྱི་བྱེད་ཐབས་ཕྱོགས་སྡོམ་དང་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱས་པ་མ་ཟད། མངོན་གསལ་དོད་པའི་གནད་དོན་དམར་འདོན་དང་རྗེས་མཐུད་དག་ཐེར་ཡོང་བར་སྐུལ་འདེད་ཀྱང་བཏང་ཡོད།
“ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་དམིགས་ཡུལ་གྱི་འདུ་ཤེས་ཞན་པ་དང་། འགན་འཁྲི་འཁུར་སེམས་ཆེན་པོ་མེད་པ། སྤྱོད་ཚུལ་ནན་པོ་དང་ཏན་ཏིག་མེད་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཡོད་པ་དང་། འགོ་ཁྲིད་གསར་པ་ལ་ལས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ་དང་། ལ་ལས་སྲིད་དོན་ཐད་ལེ་ལོ་རྣམ་གཡེང་བྱེད་པ། ལ་ལས་གཟབ་ནན་ཞིབ་ཚགས་མི་བྱེད་པ། ལ་ལས་ཞིབ་དཔྱད་ཀྱི་འགག་སྒོ་ནན་པོ་མ་སྲུང་བ། ལ་ལས་སྒྲིག་ལམ་ལ་སྣང་ཆེན་མི་བྱེད་པ། གོ་རིམ་ལག་བསྟར་ནན་ཏན་མི་བྱེད་པ་བཅས་ནི་དགོས་པའི་ལས་མི་བྱེད་པར་ལས་དུས་འགྱང་བ། འགན་འཁྲི་ཡག་པོ་མ་ཁུར་བའི་དཔེ་མཚོན་ཞིག་རེད” སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་ཆེད། དཔེ་མཚོན་གྱོད་དཔེའི་ཉེན་ཟོན་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་དང་། དགོས་པའི་ལས་མི་བྱེད་པ་དང་། ལས་དུས་འགྱང་བ། ཕྱི་ཚུལ་ཙམ་བྱེད་པ་སོགས་གནད་དོན་མངོན་གསལ་དོད་པའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པའི་བརྡ་རྟགས་དྲག་པོ་མུ་མཐུད་བཏང་བ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཀྱིས་དུས་ཐོག་ཏུ་འབྲེལ་ཡོད་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་བའི་ནང་དགོས་པའི་ལས་མི་བྱེད་པ་དང་ལས་དུས་འགྱང་བའི་དཔེ་མཚོན་གྱོད་དཔེ་ཁག་2ནི། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་སྤེན་པ་དོན་གྲུབ་སོགས་ཀྱིས་ལས་དོན་ཡག་པོ་མ་བསྒྲུབས་པའི་དབང་གིས“རྨོ་བསྐྱུར་རྩྭ་གསོའི”རྣམ་གྲངས་ཀྱི་མ་དངུལ་ཡུན་རིང་དུས་འགྱངས་བྱས་པའི་གནད་དོན་དང་། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ནགས་ལས་ཅུས་ཀྱི་དེ་སྔའི་ཅུས་ཀྲང་རྡོ་རྗེ་ཚེ་རིང་གིས་དགོས་པའི་ལས་དོན་ཡག་པོ་མ་བསྒྲུབས་པའི་དབང་གིས་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཏང་བའི་ཁ་གསབ་དངུལ་དུས་ཐོག་ཏུ་མ་སྤྲད་པའི་གནད་དོན་རེད། འགན་འཁྲི་ཡག་པོ་མ་ཁུར་བའི་དཔེ་མཚོན་གྱོད་དཔེ་ཁག་3ནི། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཨུད་ཀྱི་རྒྱུན་ཨུ་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲང་ཝུན་ཞ་སོགས་ཀྱིས་འགན་འཁྲི་ཡག་པོ་མ་ཁུར་བའི་དབང་གིས་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་རོགས་དངུལ་བླང་བྱ་དང་མི་མཐུན་པའི་གནད་དོན་ཡིན་པ་དང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཞིང་འབྲོག་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་འགན་འཁྲི་ཡག་པོ་མ་ཁུར་བའི་དབང་གིས་གཞུང་ཁོངས་རྒྱུ་ནོར་ལ་གྱོང་གུན་ཕོག་པའི་གནད་དོན་ཡིན་པ། བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཕིང་དང་སློབ་གསོ་ཐིང་གཞུང་དོན་ཁང་གི་འགན་འཁུར་བ་ཁྲེན་ཧྥེ་ཡིས་འགན་འཁྲི་ཡག་པོ་མ་ཁུར་བའི་གནད་དོན་བཅས་ཡིན། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་ཚང་མར་སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་གཞིར་བཟུང་ཐག་གཅོད་ནན་པོ་བྱས་ཡོད།
བརྡ་ཁྱབ་ནང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་ནི་སྐབས་གསར་པའི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། བྱ་གཞག་གསར་པ་དོན་གཉེར་དང་རྣམ་པ་གསར་པ་གཏོད་པའི་འགག་རྩའི་བྱ་ཐབས་ཤིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་བོད་ཀྱི་ལས་དོན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཞིབ་ཕྲ་དང་ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་བླང་བྱར་ནན་ཏན་ངང་གཞིགས་པ་དང་། “བཞི་བཤེར་བཞི་རྩད”དང“དོན་འཁྱོལ་དམ་འཛིན་བརྒྱད”ལ་དམིགས་པ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། གྲོང་ཁྱེར་དང་ས་ཁུལ་དེ་རང་དང་སྡེ་ཚན་དང་ཚན་པ་དེ་རང་བཅས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ནུས་ལྡན་སྤེལ་བར་སྐུལ་འདེད་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་བ་དེ་བྱ་བ་ཚང་མར་དོན་འཁྱོལ། མི་དམངས་ལྟེ་བར་འཛིན་པ་གཏམ་སྤྱོད་ཐོག་དོན་འཁྱོལ། དམངས་ཕན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཟབ་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་བཅས་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཁྲོད་ནས་རྣམ་པ་གསར་པ་ཏན་ཏིག་ཚོར་བར་བྱེད་དགོས་ཞེས་བསྟན་པ་མ་ཟད། གྲོང་ཁྱེར་དང་ས་གནས་ཁག་དང་སྡེ་ཚན་ཁག་བཅས་ཀྱིས་བརྡ་ཁྱབ་ཀྱི་དགོངས་དོན་ཏང་ཡོན་ལས་བྱེད་པ་ཚང་མར་བརྒྱུད་བསྒྲགས་དང་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ངེས་པར་དུ་གོང་གསལ་གྱི་གྱོད་དཔེའི་ཁྲོད་ནས་བསླབ་བྱ་གཏིང་ཟབ་བླངས་ཏེ་གཅིག་ཤེས་ཀུན་གྲོལ་དང་བསླབ་བྱར་ལེན་པ་དང་། སྔར་བས་སྤྱོད་ཚུལ་ལེགས་སུ་གཏོང་བ། དངོས་འཛིན་དངོས་སྒྲུབ་གོང་དུ་བཀུར་བ་བཅས་བྱས་ནས་འགན་འཁྲི་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པར་ལས་དུས་འགྱང་བ་དང་། ལས་རྙོག་བཟོ་བ། ཕྱི་ཚུལ་ཙམ་བྱེད་པ་བཅས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པའི་ནན་བཤད་བྱས་ཡོད།