ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

གནམ་བྱམས་ཡག་གིས་ལོ་ངོ20ཡི་རིང་ལ་བློ་གཅིག་སེམས་གཅིག་གིས་དགོ་སྐྱར་ལྟ་སྲུང་བྱས་པ།

ལུས་པོ་སྨན་ཁང་དུ་ཡོད་ཀྱང་སེམས་པ་རྩྭ་ཐང་དུ་ཕྱོགས།

སྤེལ་དུས 2022-02-28 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
           མཚན་མོར། འདུ་འཛི་ཆེ་བའི་སྨན་ཁང་དལ་ཅག་གེར་གནས་ཤིང་། གནམ་བྱམས་ཡག་ནད་ཁྲིའི་སྟེང་འགྲེ་ལོག་རྒྱག་བཞིན་གཉིད་མ་ཁུག ཁོ་རང་རྫོང་མཁར་གྱི་སྨན་ཁང་དུ་བསྡད་ཡོད་ནའང་། སེམས་པའི་རྒོད་པོ་སྔ་མོ་ནས་ཕ་ཡུལ་ཆོས་རྗེའི་རྩྭ་ཐང་དུ་འཕུར། ད་ལྟ་ནི་དགོ་སྐྱས་རྒྱུད་སྤེལ་བའི་དུས་ཚིགས་སུ་སླེབས་ཡོད་པས། ཁོས་དགོ་སྐྱ་རྣམས་ལ་ཁྱི་ལྡོམ་གྱིས་འཇབ་རྒོལ་བྱས་ཨེ་འགྲོ་བསམས་ནས་སེམས་ཁྲལ་བྱེད་བཞིན་འདུག
           གནམ་བྱམས་ཡག་ནི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆོས་རྗེ་ཞང་རྒྱ་སྐོར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་ཡིན། ལོ་ངོ20ཡི་རིང་ལ། གནམ་བྱམས་ཡག་གིས་ཨ་ཕའི་མངགས་བཅོལ་སེམས་ལ་དམ་པོར་བཅངས་ནས། དགོ་སྐྱ་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་ལྕི་མོ་ཕྲག་ཏུ་བླངས།
           ཞོགས་པར། བྱེས་བགྲོད་རླངས་འཁོར་ཆོས་རྗེ་རྩྭ་ཐང་གི་ཕྱོགས་སུ་སྐྱོད་བཞིན་ཡོད་ལ། གནམ་བྱམས་ཡག་གི་སེམས་ལ་ལྷག་ཏུ་དགའ་སྤྲོ་སྐྱེས་ཡོད། ཐེངས་རེར་གུང་ཧོ་རྫོང་ནས་ཆོས་རྗེ་རྩྭ་ཐང་དུ་ལོག་དུས། ཁོའི་སེམས་པ་དགའ་སྤྲོས་ཁེངས་ཡོད། ཁོས་བཤད་ན། ཁོ་རང་རྩྭ་ཐང་ལ་དགའ་ཞིང་། རྩྭ་ཐང་ན་མཆོང་ལྡིང་བྱེད་བཞིན་པའི་དགོ་སྐྱ་ལ་དེ་བས་ཀྱང་དགའ་ཟེར།
           དུས་ཚོད་གཉིས་ལྷག་ལ་བསྐྱོད་རྗེས། ཆོས་རྗེ་རྩྭ་ཐང་མིག་མདུན་དུ་མངོན་བྱུང་། “ཁྱོད་ཀྱིས་ལྟོས་དང་། རླུང་འཁོར་གྱི་འོག་ཏུ། དགོ་སྐྱ་ཁྱུ་ཞིག་འདུག”ཅེས་གནམ་བྱམས་ཡག་གིས་དེ་ལྟར་བཤད། རླངས་འཁོར་གྱི་དྲ་མ་ཕྱེས་ཏེ། སྐད་སྒྲ་མཆེད་འོངས་པའི་ཕྱོགས་སུ་བལྟས་པ་ན། མིག་མདུན་ནི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་རེད། ཞིབ་ཏུ་བལྟས་པ་ན། ཐག་མི་རིང་བའི་གཤོང་ས་རུ། དགོ་སྐྱ་བདུན་བརྒྱད་ཙམ་གྱིས་སོས་དལ་ངང་གཟན་རྩྭ་ཟ་བཞིན་འདུག
           ལོ་ངོ་མང་པོར་དགོ་སྐྱ་ལ་ལྟ་སྲུང་བྱས་པས། གནམ་བྱམས་ཡག་ལ་མཚོན་ན་ཆོས་རྗེ་རྩྭ་ཐང་གི་དགོ་སྐྱའི་གནས་ཚུལ་ནི་ཁྱིམ་ཚང་གི་རྒྱུ་ནོར་དང་འདྲ་བར་ཤིན་ཏུ་ཆ་རྒྱུས་ཡོད་དེ། དེ་ཚོས་གནས་གང་དུ་གཟན་རྩྭ་འཚོལ་བ་དང་། ག་དུས་ཆུ་འཐུང་བ་སོགས་ཁོས་གཅིག་གཅིག་གཉིས་གཉིས་བྱས་ཏེ་བཤད་ཐུབ། ལོ་ངོ་མང་པོར་ལྟ་སྲུང་བྱས་པས། གནམ་བྱམས་ཡག་གིས་དགོ་སྐྱའི་འཚོ་བའི་གོམས་གཤིས་ལ་མ་ལག་ལྡན་ཞིང་འཐུས་ཚང་བའི་ཆ་རྒྱུས་ལྡན་པར་གྱུར།
           ལྟ་སྲུང་ལས་འགན་ལྕི་མོ་ཕྲག་ཏུ་བླངས་པ།
           གནམ་བྱམས་ཡག་ཚང་གི་མཛོད་ཁང་དུ། རྩྭ་སྔོན་འབོར་ཆེན་གསོག་འཇོག་བྱས་ཡོད། ཤོག་སྒྲིལ་བརྒྱབ་པའི་རྩྭ་སྔོན་ནི། ཁོས་དགོ་སྐྱ་ལ་གྲ་སྒྲིག་བྱས་པའི་དགུན་ཁའི་གཟན་ཆས་རེད། དགུན་ཁ་སླེབས་རྗེས། རྩྭ་དང་རྩི་ཤིང་བསྐམས་པ་ན། དགོ་སྐྱས་གཟན་རྩྭ་འཚོལ་རྒྱུ་དེ་ནི་དཀའ་ཚེགས་ཤིག་ཏུ་གྱུར་ཡོད་སྟབས། གནམ་བྱམས་ཡག་གིས་སྡེ་དམངས་ཁྲིད་དེ་དགོ་སྐྱའི་གཟན་རྩྭ་འཚོལ་ས་དེར་གཟན་ཆས་འཕེན་དུ་འགྲོ་བཞིན་ཡོད།
           ཆོས་རྗེ་རྩྭ་ཐང་གི་ལེ་དབར30ཡི་ས་ཁོངས་སུ། གྲངས་ཀ་མི་གཅིག་པའི་དགོ་སྐྱ་ཁ་ཐོར་ངང་ཁྱབ་ཡོད། ཞོགས་པའི་དུས་སུ། གནམ་བྱམས་ཡག་གིས་རྩྭ་སྔོན་སྤུངས་པའི་ཟོག་འདྲེན་རླངས་འཁོར་ཆུང་བ་བསྐོར་ནས་ཕ་ཡུལ་ནས་ལམ་ལ་ཆས་པ་དང་། དགོ་སྐྱ་འཚོ་སྡོད་བྱེད་ཡུལ་དུ་གཟན་ཆས་འཕེན་དུ་སོང་། ཐེངས་རེར་སྔ་དྲོ་ཞིག་གི་དུས་ཚོད་བཀོལ་དགོས། རླངས་འཁོར་བསྐོར་བ་དང་། རྩྭའི་སྡོམ་ཐག་བཤིག་པ། རྩྭ་སྔོན་ཐང་ལ་བཀྲམ་པ། དེ་ལྟར་གནས་རེ་རེར་ཐོན་རྗེས། གནམ་བྱམས་ཡག་གིས་ལས་ཀ་རིགས་འདྲ་ཞིག་ལས་བཞིན་ཡོད་ནའང་། ཁོ་ལ་ཆད་སྣང་མེད་པ་དང་། དགོ་སྐྱ་དག་གིས་ཐང་ལ་བཀྲམ་པའི་རྩྭ་སྔོན་རྣམས་ཞིམ་མངར་ལྡན་པའི་ངང་ནས་ཟ་བཞིན་པ་མཐོང་བའི་མོད་ལ། ཁོའི་སེམས་པ་བདེ་ལ་བབས་བྱུང་།
           གནམ་བྱམས་ཡག་གིས་བཤད་རྒྱུར། ལོ་རེའི་དགུན་ཁར་སླེབས་རྗེས། ཁོ་ནམ་ཡང་རྩྭ་ཐང་དུ་སོང་སྟེ་དགོ་སྐྱ་ལ་གཟན་ཆས་འཕངས་པ་ཡིན་ལ། ཐན་པ་བྱུང་བའི་ལོ་ལ་ཁེལ་དུས། ཁོས་གཟན་ཆས་འཕེན་པའི་གྲངས་ཀ་ཇེ་མང་དུ་བཏང་བ་ཡིན། སྐབས་ལན་རེར་རང་ཁྱིམ་དུ་ཉར་བའི་རྩྭ་སྔོན་གྱིས་མ་འདང་ཚེ། ཁོས་རླངས་འཁོར་བསྐོར་ནས་ཁྱིམ་ཚང་གཞན་དག་ལ་སོང་ནས་རྩྭ་སྔོན་ཉོས་ཏེ་དགོ་སྐྱ་མུག་པ་ལས་ཐར་རོགས་བྱས་པ་རེད།
           རང་ཉིད་ནས་མགོ་བརྩམས་ཏེ་སྲུང་སྐྱོབ་རུ་ཁག་བཙུགས་པ།
           གནམ་བྱམས་ཡག་གིས་བཤད་རྒྱུར། ཐོག་མར་སྲུང་སྐྱོབ་བྱེད་པའི་དུས་སུ། ཆོས་རྗེ་རྩྭ་ཐང་གི་དགོ་སྐྱ་དངོས་གནས་ཉུང་ལ། ཕལ་ཆེར་རྒྱུད་ཆད་ལ་ཉེ། གྲངས་ཀ་ཤིན་ཏུ་ཉུང་བའི་དགོ་སྐྱ་དག་ལ་སྲུང་སྐྱོབ་བྱ་ཆེད། ཁོ་ཚོས་དོགས་ཟོན་བྱ་ཡུལ་གཙོ་བོ་སྡེ་བའི་ནང་གི་མི་ཆ་མེད་དག་ཡིན་ལ། ཁོ་ཚོ་དགོ་སྐྱའི་ཉེ་སར་བཏུད་དུ་མ་བཅུག་པ་རེད།
           2002ལོར། གནམ་བྱམས་ཡག་གིས་རྒྱ་སྐོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ཞིང་། འགན་ཐོག་མར་འཁུར་སྐབས། ཁོས་དགོ་སྐྱར་སྲུང་སྐྱོབ་བྱ་རྒྱུའི་ལས་ཀ་དེ་ཉིན་རེའི་གྲོས་རིམ་ནང་དུ་བཞག དགོ་སྐྱ་དག་ལ་བདེ་འཇགས་ཁོད་ཡངས་ཀྱི་འཚོ་གནས་ཁོར་ཡུག་ཅིག་བསྐྲུན་ཆེད། གནམ་བྱམས་ཡག་ཉེ་འཁོར་གྱི་སྡེ་བའི་ནང་སོང་སྟེ། ས་དེའི་རོང་འབྲོག་མང་ཚོགས་ལ་ཁ་ཏ་སློབ་གསོ་བཏང་ཞིང་། སྡེ་དམངས་བསྡུས་ཏེ་ཚོགས་འདུ་འཚོགས། སྡེ་དམངས་ཚོགས་ཆེན་སྟེང་། ཁོ་དང་འདབས་འབྲེལ་སྡེ་བའི་བར་ལ་ཐུན་མོང་ངང་དགོ་སྐྱར་སྲུང་སྐྱོབ་བྱེད་པའི་གྲོས་འཆམ་བྱུང་། གནམ་བྱམས་ཡག་གིས་བཤད་རྒྱུར། དགོ་སྐྱར་སྲུང་སྐྱོབ་བྱེད་པའི་ཚོགས་ཆེན་སྟེང་། ཚང་མས་དམ་བཅའ་བཞག་སྟེ། དགོ་སྐྱར་མཉམ་དུ་ལྟ་སྲུང་བྱེད་པར་ཁག་ཐེག་བྱས།
           གནམ་བྱམས་ཡག་གིས་རྒྱ་སྐོར་སྡེ་བའི་སྡེ་དམངས་རྣམས་སྒྲིག་འཛུགས་བྱས་ཏེ་རང་སྟོབས་ཀྱིས་དགོ་སྐྱར་སྲུང་སྐྱོབ་བྱེད་པའི་རུ་ཁག་བཙུགས། དེ་ནས་བཟུང་། ཆོས་རྗེ་རྩྭ་ཐང་གི་དགོ་སྐྱར་ལྟ་སྲུང་བྱེད་མཁན་ཡོད་པར་གྱུར་ལ། རྒྱ་ཆེ་བའི་རྩྭ་ཐང་ནི་ཡང་བསྐྱར་དེ་ཚོའི་དགའ་བའི་མཆོང་ལྡིང་བྱེད་སའི་དགའ་ཚལ་ཞིག་ཏུ་གྱུར།
           གནམ་བྱམས་ཡག་གིས་དགོ་སྐྱར་བཅངས་པའི་བརྩེ་བ་ནི་རྣམ་པར་དག་པ་རེད། ལོ་ངོ་གཉིས་ཀྱི་གོང་དུ། ཁོས་ཁྱིམ་མི་མོས་མཐུན་ཡོང་མིན་ལ་ཁ་ཡ་མ་བྱས་པར། ནོར་ལུག་ཚང་མ་བཙོངས་རྗེས། རྩྭ་ས་རང་འགུལ་གྱིས་དགོ་སྐྱར་བསྐྱུར་བ་རེད། ཁོས་རྒྱུན་དུ་ཆོས་རྗེ་རྩྭ་ཐང་ནི་དགོ་སྐྱར་དབང་བས། དེ་ཚོར་ཁོད་ཡངས་པའི་འཚོ་གནས་བྱ་ཡུལ་ཞིག་དབང་འོས་ཟེར།
           དགོ་ཕྲུག་ཅིག་སླར་ཡང་གསོན་པ།
           གནམ་བྱམས་ཡག་གི་ཁྱིམ་དུ། སྐེ་ལ་དྲིལ་ཆུང་བཏགས་པའི་དགོ་ཕྲུག་ཅིག་གི་འདྲ་པར་ལ་ཀུན་གྱིས་དོ་སྣང་བྱུང་ཡོད། དགོ་ཕྲུག་དེ་ནི་གནམ་བྱམས་ཡག་ཐེངས་ཤིག་སྐོར་སྲུང་ལ་སྐྱོད་པའི་ལམ་ཁ་ནས་རྙེད་པ་རེད། གནམ་བྱམས་ཡག་གིས་དགོ་ཕྲུག་དེ་མཐོང་སྐབས། དེ་ཉིད་གྲོགས་མེད་ཁེར་རྐྱང་ངང་རྩྭ་གསེབ་ཏུ་ལངས་འདུག་ལ། ཨ་མ་འཚོལ་བའི་སྐད་སྒྲ་རྩྭ་ཐང་ལ་གྲགས། དགོ་ཕྲུག་གྲོགས་མེད་ཁེར་རྐྱང་ཡིན་པའི་ཚུགས་ཀ་མཐོང་བས། གནམ་བྱམས་ཡག་གིས་དགོ་ཕྲུག་ཁྱིམ་ལ་ཁྱེར་ཡོང་ནས་གསོ་སྐྱོང་བྱས།
           “དགོ་སྐྱ་ཁྱིམ་ལ་ཁྱེར་ཡོང་རྗེས། ངས་དེ་ལ་འབྲི་མོའི་འོ་མ་ལྡུད་པ་དང་། ཁང་པ་དྲོན་མོར་སྡོད་དུ་བཅུག་པ་ཡིན་ལ། ཟླ་ངོ་གཅིག་ལྷག་ལ་སྙོར་སྐྱོང་ལེགས་པོ་བྱས་རྗེས། དེའི་ལུས་པོ་རིམ་བཞིན་བདེ་ཐང་དུ་གྱུར།”གནམ་བྱམས་ཡག་གིས་དེ་ལྟར་བཤད་པ་དང་། ཟླ་གཅིག་ལ་འགྲོགས་ཤིང་གཤིབ་རྗེས། དགོ་སྐྱ་དེ་ཁོ་ཚང་གི་ཁྱིམ་མི་ལྟ་བུར་གྱུར། ཁོ་རང་གང་དུ་སོང་ན་དགོ་ཕྲུག་རྗེས་ལ་དེད་ཡོང་།
           རྒྱ་ཆེ་བའི་ཆོས་རྗེ་རྩྭ་ཐང་དུ། དགོ་སྐྱ་དང་། གནའ་བ། སྤྱང་ཀི དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་མང་པོ་འཚོ་སྡོད་བྱས་ཡོད། དགོ་སྐྱས་ཕྲུ་གུ་བཙའ་བའི་དུས་ཚིགས་སུ་སླེབས་པ་ན། དགོ་མས་ཕྲུ་གུ་སྲུང་སྐྱོབ་བྱ་ཆེད་རང་སྲོག་འཆོར་བཞིན་པའི་གནས་ཚུལ་རྒྱུན་དུ་འབྱུང་བཞིན་ཡོད། སྐོར་སྲུང་སྐབས་སུ། དགོ་མས་བསྐྱུར་ཟིན་པའམ་གཅིག་པུར་ལུས་པའི་དགོ་ཕྲུག་ལ་འཕྲད་ཡོང་། གནམ་བྱམས་ཡག་དང་ཁོའི་སྲུང་སྐྱོབ་རུ་ཁག་གི་ཁོངས་མི་དག་གིས། ནམ་རྒྱུན་དེ་ཚོ་ཡུལ་ལ་ཁྱེར་ནས། འཚར་ལོངས་བྱུང་རྗེས། ཡང་བསྐྱར་རི་ཐང་ལ་གཏོང་བཞིན་ཡོད།
           “ཆོས་རྗེ་རྩྭ་ཐང་གི་དགོ་སྐྱ་དང་ངེད་གཉིས་ནི་ངོ་ཤེས་རྙིང་པ་ཡིན། སྐོར་སྲུང་བྱེད་ཐེངས་རེར། དེ་ཚོས་ང་རང་མཐོང་བ་ན། ས་དེར་ལངས་བསྡད་དེ་ང་ལ་ལྟ་བཞིན་ འབའ་སྐད་སྒྲོག་གི་འདུག ”གནམ་བྱམས་ཡག་གིས་དེ་ལྟར་བཤད།
           གནམ་བྱམས་ཡག་གི་སེམས་འདུན།
           ལོ་གཅིག་གི་ནམ་ཟླ་ཆེས་འཁྱགས་པའི་དགུན་དུས་སུ་སླེབས་དུས། ཆོས་རྗེ་རྩྭ་ཐང་གི་དགོ་སྐྱས་རྒྱུད་སྤེལ་བའི་དུས་ཚིགས་སུ་སླེབས། ཉིན་དེ་དག་ལ། གནམ་བྱམས་ཡག་གིས་སྐོར་སྲུང་གྲངས་ཀ་ཇེ་མང་དུ་བཏང་ནས། དགོ་སྐྱ་རྣམས་བདེ་འཇགས་ཀྱི་ཁོར་ཡུག་ཁྲོད་རྒྱུད་སྤེལ་དུ་འཇུག་བཞིན་ཡོད།
           ཀྱག་ཀྱོག་ཆེ་བའི་ལམ་ཕྲན་ཞིག་དེད་དེ། ང་ཚོ་ཆོས་རྗེ་རྩྭ་ཐང་གི་དཀྱིལ་དུ་ཐོན། ལམ་ཕྲན་དེ་རུ། གནམ་བྱམས་ཡག་ཐེངས་ག་ཚོད་ལ་བསྐྱོད་མྱོང་བ་གྲངས་ཀྱིས་མི་ཟིན། ཁོས་འཕྲུལ་རྟ་གཉིས་དང་། འཕེལ་འཁོར་གཅིག་དང་བྱེས་བགྲོད་རླངས་འཁོར་གཅིག་བེད་མེད་དུ་བཏང་།
           གནམ་བྱམས་ཡག་དང་མཉམ་དུ་སྐོར་སྲུང་བྱེད་པའི་ལམ་བར་དུ། ཆུ་ཁར་ཆུ་འཐུང་དུ་འགྲོ་བཞིན་པའི་དགོ་ཁྱུ་ཞིག་མཐོང་བྱུང་། གནམ་བྱམས་ཡག་གིས་བཤད་རྒྱུར། དགུན་ཁ་སླེབས་རྗེས་ཆུ་དཀོན་པས། དགོ་སྐྱ་མི་ཉུང་བ་ཞིག་ལེ་བར་ཉི་ཤུ་སུམ་ཅུའི་མཚམས་སུ་སོང་ན། ད་གཟོད་རི་འདབས་སུ་ཐོན་ནས་ཆུ་འཐུང་ཐུབ། ཆུ་འཐུང་དུ་འགྲོ་བའི་ལམ་ཁར། དགོ་སྐྱ་རྒྱལ་ལམ109པ་བརྒལ་དགོས་པས། ལམ་བར་དུ་རི་སྤྱང་དང་ཁྱི་ལྡོམ་གྱི་འཇབ་རྒོལ་ཐེབས་སྲིད།
           ཆོས་རྗེ་རྩྭ་ཐང་གི་དགོ་སྐྱའི་ཁྱུ་ཚོགས་དེ་སྲུང་སྐྱོབ་ཁུལ་མིན་པའི་ས་ཁུལ་དུ་གནས་ལ། དུས་རྒྱུན་གྱི་དོ་དམ་དང་སྲུང་སྐྱོབ་ནི་དམངས་ཁྲོད་ཀྱི་སྟོབས་ཤུགས་ལ་བརྟེན་དགོས། གནམ་བྱམས་ཡག་གིས་བཤད་རྒྱུར། ཁོའི་རེ་བར་དགོ་སྐྱའི་འཚོ་སྡོད་བྱེད་ཡུལ་དུ་ཁྲོན་པ་འགའ་བརྐོས་ཏེ། དེ་ཚོ་ཡར་མར་ལ་བགྲོད་མི་དགོས་པར་ཆུ་འཐུང་ཐུབ་ན་བཟང་ཟེར།
           གནམ་བྱམས་ཡག་གིས་ས་ཁྲ་ཞིག་ཉར་ཚགས་བྱས་ཡོད་ལ། དེའི་སྟེང་དུ་ཐིག་སྔོན་པོས་ཆོས་རྗེ་རྩྭ་ཐང་གི་དགོ་སྐྱ་ཁྱབ་ཡུལ་ལ་རྟགས་བརྒྱབ་ཡོད། ལོ་ངོ20ཡི་རིང་ལ། གནམ་བྱམས་ཡག་ཁྱབ་ཡུལ་རེ་རེར་སོང་མྱོང་བ་དང་། ས་ཁོངས་རེ་རེའི་དགོ་སྐྱའི་གནས་ཚུལ་ཁོའི་ཡིད་ལ་གསལ་པོར་བཟུང་ཡོད། གནམ་བྱམས་ཡག་དང་སྡེ་དམངས་ཀྱི་རྣམ་དག་གི་གཅེས་སྐྱོང་འོག ཆོས་རྗེ་རྩྭ་ཐང་གི་དགོ་སྐྱའི་ཁྱུ་ཚོགས་རིམ་གྱིས་སླར་གསོ་བྱུང་ཡོད།
           གནམ་བྱམས་ཡག་གིས་རྒྱ་སྐོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར་ནས་ལོ་ངོ20ཙམ་འགོར་ཞིང་། 2021ལོར་འགན་ཕོག་རྗེས། ཁོས་སེམས་ཤུགས་མང་པོ་དེ་དགོ་སྐྱའི་སྟེང་ལ་ཕུལ། ཁོའི་རེ་བ་ནི་མི་རབས་ནས་མི་རབས་ཀྱི་ལྟ་སྲུང་འོག ཆོས་རྗེ་རྩྭ་ཐང་གི་དགོ་སྐྱ་སྔར་ལས་རྒྱ་ཆེ་ཞིང་། བདེ་འཇགས་ཀྱི་འཚོ་གནས་ཁོར་ཡུག་ཅིག་ཡོད་དུ་བཅུག་སྟེ། དེ་ཚོ་ནི་ཆོས་རྗེ་རྩྭ་ཐང་གི་དོན་དམ་གྱི“བདག་པོ”རུ་འགྱུར་དུ་འཇུག་རྒྱུ་དེ་རེད། །